བྱ་གཞུང་འཇམ་བྷེ།
དེ་རིང་བདུན་ཕྲག་གཅིག་གི་ཉིན་གཅིག་གུང་སེང་གཟའ་མིག་དམར་ཡིན་པ་དང་། དུས་ཚོད་ཀྱི་ཆ་ནས་སོས་དལ་ཁོམ་ལོང་རེ་འདུག་པ་དང་དཔེ་ཀློག་ཀྱང་ཅུང་མི་སྤྲོ་བས། རང་གི་དགའ་ཕྱོགས་ཀྱི་ཚོར་སྣང་ཞིག་ཡི་གེར་བཏབ་འདོད་བྱུང་།
མི་སོ་སོ་ལ་དགའ་ཕྱོགས་དང་འདུ་ཤེས་འཛིན་སྟངས་རིགས་སྣ་ཚོགས་ཤིག་ཡོད་པས། ང་ཡང་དེ་ལྟའི་སེམས་ཁམས་འགྱུར་འགྲོས་ཀྱི་གཤིས་ལུགས་ལས་རྐང་རྩེད་སྤོ་ལོའི་རྩེད་རིགས་ལ་ཧ་ཅང་ཡིད་རངས་ཤིང་སེམས་སྤྲོ་བའི་མི་ཞིག་ཏུ་གྱུར། རང་ཉིད་ཀྱི་ཐོབ་ཐང་དང་འཚོ་གནས་ཀྱི་ཐད་ནས་གཞིག་ན། སྒོ་གསུམ་ལེ་ལོ་སྒྱུད་ལུག་གི་བྱ་བ་དེ་དག་ལ་རྣམ་པར་གཡེང་བ་ནི་མི་འོས་བ་དང་མི་འཚམ་པ་ཞིག་རེད་མོད། འོན་ཀྱང་། རང་ཉིད་ཀྱིས་དུས་ཚོད་དམ་འཛིན་དང་བྱ་བའི་གལ་གནད་ལ་ལྟོས་འཇོག་གིས། གནད་གཙོ་བའི་བྱ་བཞག་དག་ཆུད་ཟོས་དང་འཐུས་ཤོར་རུ་གློད་མ་བཅུག་པར་དུས་ཚོད་ཉུང་ཤོས་ཅིག རང་ཉིད་དགའ་ཞེན་ཆེ་བའི་རྩེད་རིགས་ཕྱོགས་སུ་བཏང་ནས་སྐྱོ་དུབ་ཁམས་གསེང་དང་བག་ཕབ་པོའི་ཁོར་ཡུག་ཅིག་བསྐྲུན་པར་མཛད་ན། དེར་དེ་ཙམ་གྱིས་ཉེས་སྐྱོན་ཆེན་པོ་ཞིག་ཏུ་མ་མཐོང་།
གོ་ལ་གོར་གོར་འདི་ཆགས་པ་ནས་བཟུང་མི་རིགས་ཀྱི་རྣམ་དཔྱོད་ཀྱི་བློ་གྲོས་ལ་བརྟེན་ནས་འགྲོ་བ་མི་རིགས་ཀྱི་འདོད་བློ་སྐོང་བ་དང་རེ་འདོད་སྒྲུབ་པའི་ཆེད་དུ་རྩེད་རིགས་ཀྱི་ངོ་བོ་དང་རྩེད་སྟངས་ཀྱི་རྣམ་པ་མི་འདྲ་བའི་རྩེད་རིགས་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་དག་ཐམས་ཅད་ལ་དམིགས་ཡུལ་དང་ཁ་ཕྱོགས་གཅིག་གྱུར་ཞིག་ཡོད་པ་ནི། འགྲོ་བ་མི་རིགས་ཀྱི་སུན་སྣང་དང་ཉོབ་སྣང་སྐྱོ་གདུང་དང་ངལ་དུབ་སོགས་སེལ་ཏེ། དེ་དག་ལ་དགའ་སྣང་དང་སྐྱིད་སྣང་སྤྲོ་ལྷང་ལྷང་གི་ཡིད་སིམ་པའི་ཚོར་བའི་སེམས་བྱུང་ཞིག་སྐྱེད་པའི་ཆེད་དུ་གོ་རིམ་དང་ཁྲིམས་སྲོལ་ལྡན་པའི་རྩེད་རིགས་སྣ་ཚོགས་པ་འདི་དག་བྱུང་བ་རེད་བསམ།
དེར་བརྟེན། ནུབ་ཕྱོགས་པ་དག་མཚོན་ན་གཟའ་ཉི་མའི་གུང་སེང་དང་བསྟུན་ནས། རང་ཉིད་ཀྱི་ཆེས་དགའ་སའི་རྩེད་རིགས་དག་ལ་སེམས་རྣམ་པར་གཡེང་ནས་སེམས་ཚེགས་དང་དཀའ་སྡུག་རྣམས་བརྗེད་དུ་བཅུགས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་གཟའ་ཉི་མའི་གུང་སེང་ལ་རོལ་ནས་ལུས་སེམས་ཀྱི་ངལ་དུབ་སངས་བར་བྱེད་ཀྱིན་ཡོད། ཁོ་ཚོ་ནི་ཆུ་ཚོད་ལ་ཧ་ཅང་དམ་འཛིན་ཆེ་ལ་ལས་ཀ་དང་བྱ་བའི་རྣམ་བཞག་གང་དང་གང་ཡིན་ན་ཡང་། དུས་ཚོད་ཀྱི་གོ་རིམ་སྐད་ཅིག་ཙམ་ཡང་མ་འཆོལ་པར་ལས་དོན་གཉེར་བཞིན་ཡོད། ལས་གཡོག་པ་ཞིག་བྱ་བའི་གོ་རིམ་ལས་དུས་ཚོད་ཀྱི་སྐར་མ་འགའ་ཤོས། ཐེངས་འགའ་ལ་རྗེས་ལུས་ཐེབས་པའི་ནོར་འཕྱུག་བྱུང་ཚེ་བྱ་བའི་ཁོངས་གཏོགས་ལས་རང་བཞིན་གྱིས་གནས་དབྱུང་གཏོང་གི་རེད། ཆུ་ཚོད་ལ་ཧ་ཅང་དམ་འཛིན་ཆེ་བའི་སྤྱི་ཚོགས་ཀྱི་མི་དག་གིས་ཀྱང་། རང་ཉིད་ཆེས་དགའ་སའི་རྩེད་རིགས་ལོངས་སུ་སྤྱོད་བཞིན་ཡོད་པས། ང་ཚོས་ཀྱང་བྱ་བའི་ལས་དོན་ལ་གལ་གནད་ལྟོས་འཇོག་གིས་སྐབས་སྐབས་དང་མཚམས་རེ་ལ་རྩེད་རིགས་ལ་སྣང་བ་གཡེང་ནས་ཁམས་གསེང་དང་ངལ་དུབ་རེ་གསོས་ན་དགག་བྱ་དང་ཉེས་སྐྱོན་དེ་ཙམ་མེད་པར་བསམ།
ངའི་ཁོར་ཡུག་གི་སྒྲིག་སྲོལ་དང་ཁྲིམས་ལུགས་ལྟར་ན། ངེད་གྲྭ་རྐྱང་དག་རྐང་རྩེད་སྤོ་ལོ་རྩེ་བ་དང་། རྐང་རྩེད་སྤོ་ལོའི་བརྙན་འཕྲིན་ལ་བལྟ་རུ་སོང་བ་ཡིན་ན། ནོར་འཕྱུག་དང་སྒྲིག་འགལ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ཡིན་ན་ཡང་། རྐང་རྩེད་སྤོ་ལོ་ལ་ཆེས་དགའ་བའི་བཙུན་པ་ལོ་གཞོན་དག་རྩེད་མོ་དེར་ཆེས་དགའ་དྲགས་པས། ལས་སྣེ་དག་གིས་ཞི་འཇམ་གྱི་སློབ་གསོ་དང་། དྲག་པའི་འཇིགས་སྐུལ་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མོད། ཁོ་ཚོའི་དགའ་ཞེན་དང་སེམས་ཚོར་དེ་དག་ཟློག་བསྒྱུར་ཐུབ་ཀྱིན་མེད།
དེར་བརྟེན། དགོན་པ་འགའ་རེས་གུང་སེང་གི་སྐབས་དང་བསྟུན་ནས་བཙུན་ཆུང་ལོ་གཞོན་དག་གི་རེ་འདོད་སྐོང་ཅི་ཐུབ་བྱེད་ཀྱིན་ཡོད། ཐབས་ལ་མཁས་པའི་ལས་སྣེ་རྣམ་པས་ཀྱང་དུས་ཚོད་དམ་འཛིན་གྱིས། བཙུན་ཆུང་དག་གི་སེམས་ཁམས་དང་བསྟུན་ནས་ཁོ་ཚོའི་རེ་འདོད་སྐོང་ཅི་ཐུབ་བྱེད་དུས། བཙུན་ཆུང་དག་གིས་ཀྱང་དགོན་པའི་སྒྲིག་སྲོལ་དང་ཁྲིམས་ལུགས་ལ་ཆེ་ཆེར་བརྩི་འཇོག་གིས། གང་འདོད་བག་མེད་དུ་ཕྱི་ལོགས་སུ་འཁྱམས་མི་འགྲོ་བ་དང་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་རྒྱུ་དང་ཡང་ཁ་ཐག་ཇེ་རིང་དུ་སོང་ཡོད་བ་རེད།
ཡང་གཅིག་བཤད་ན། འཆལ་གཏམ་དང་དཀྲོག་གཏམ་མདོ་མེད་ཀྱི་གླེང་སློང་སྣ་ཚོགས་དང་། སྐད་ཆ་ཇབ་བེ་ཇོབ་བེ་འདྲ་བཤད་ནས་དུས་ཚོད་འདའ་བར་བྱེད་པ་དང་། ལེའུ་སུམ་བཅུ་བཞི་བཅུ་ཅན་གྱི་དམག་འཁྲུག་གི་གློག་བརྙན་དང་བརྩེ་དུང་སྐོར་གྱི་གློག་བརྙན་འདྲ་མིན་ལ་སེམས་པ་བག་མེད་དུ་གཡེང་བ་དང་བྱིང་རྒོད་གྱི་གཞན་དབང་དུ་བཏང་བ་ལས་། རྐང་རྩེད་སྤོ་ལོའི་རྩེད་རིགས་ལ་དེ་ལྟར་གཡེང་གཡེང་བྱས་ནས་སྣང་བ་སྐྱིད་སྐྱིད་དང་སེམས་པ་དགའ་དགའ་བྱས་ན་བཟང་ལེགས་བསམ། རྒྱུ་མཚན། ཕྱིའི་འདོད་ཡོན་ལ་སེམས་པ་བག་མེད་དུ་གཡེང་གཡེང་བྱས་པ་ནི་གཅིག་མཚུངས་རེད་མོད། དེ་གཉིས་གྱི་འཇུག་འབྲས་གཏན་ནས་གཅིག་མཚུངས་མ་རེད།
སྔ་མའི་འཇུག་འབྲས་ནི། དེ་འདྲའི་བྱ་བའི་ལས་ལ་འཇུག་པའི་སྐབས་སུ་སེམས་པར་དགའ་སྣང་དང་སྐྱིད་སྣང་མེད་ལ། ཕྱིས་སུ་ཡང་སེམས་པ་བག་ཕབ་པོ་དང་སྐྱིད་སྣང་དང་དགའ་སྣང་གི་སེམས་ཚོར་ཡེ་ནས་མེད། ད་དུང་ལས་ཅི་ཞིག་མ་འགྲུབ་པ་ལྟ་བུའི་ལུས་སེམས་ངལ་དུབ་ཐང་ཆད་གྱི་ཉོབ་སྣང་ཞིག་ངང་གི་ཡོང་བ་ང་ཚོས་ཚང་མས་མྱོང་བས་གྲུབ་པ་རེད། ཕྱི་མའི་རྩེད་རིགས་ལ་སེམས་པ་བག་མེད་དུ་གཡེང་གཡེང་བྱེད་མཁན་དག་ལ་དེ་འདྲའི་ལུས་སེམས་ངལ་དུབ་ཐང་ཆད་ཀྱི་དཀའ་སྡུག་མེད་ལ། ཐོབ་ཤོར་གྱི་སྐྱོ་གདུང་ཙམ་ལས། ཆགས་སྡང་དང་རྣམ་རྟོག་གི་རུ་འཛིངས་བའི་ཟུག་རྔུས་མནར་གཅོད་ཡེ་ནས་མེད། དེར་བརྟེན རྩེད་རིགས་ལ་དགའ་ཞེན་ཆེ་བའི་གྲྭ་བ་ཕལ་ཆེ་བས་རྩེད་རིགས་སྣ་ཚོགས་ལས་རྩེད་རིགས་འདི་ལ་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད། མ་ཟད། རྩེད་རིགས་འདིར་འཛམ་གླིང་གི་མི་མང་ཁྲི་ཁྲི་འབུམ་འབུམ་མང་པོས་དགའ་མོས་དང་ཡིད་སྨོན་བྱེད་ཀྱིན་ཡོད་པས་རྩེད་རིགས་འདིར་བྱ་དགའ་དང་རིན་གོང་གི་ཐད་ནས་ཀྱང་འཛམ་གླིང་ནས་བྱ་དགའ་ཡག་ཤོས་དང་རིན་གོང་ཆེ་ཤོས་རིགས་སུ་གཏོགས་པ་རེད། དཔེར་ན། རྐང་རྩེད་པ་གྲགས་ཅན་messi རིན་གོང་ལ་ཡོར་སྒོར་ས་ཡ་སུམ་བརྒྱ་རེད། འཛམ་གླིང་ན་མི་རིན་གོང་ཆེན་པོ་འདི་འདྲ་ཞིག་རྩེད་རིགས་འདིའི་མི་ལས་ཡོད་པ་ལས་གཞན་ཕལ་ཆེར་ཡོད་བ་མ་རེད།
ང་ཡང་རྩེད་རིགས་འདི་ལ་དོ་སྣང་བྱུང་བ་ནས་བཟུང་། ལེའུ་མང་པོའི་གློག་བརྙན་རིགས་དང་། འཆལ་གཏམ་གྱི་ཚོགས་འདུལ་སྐོང་རྒྱུ་སོགས་ལ་འདོད་མོས་མེད་པ་ཆགས་སོང་། ཕྱི་ལོགས་སུ་མགྲོན་ཁང་ནས་སྡོད་སྐབས་དང་། དཔེ་ཀློག་ལ་མི་སྤྲོ་བར་ཉོབ་སྣང་བྱུང་དུས་དང་། དུས་ཚོད་སོས་དལ་ཁོམ་ལོང་རེ་བྱུང་དུས་རྩེད་རིགས་འདི་ལ་སེམས་པ་གཡེང་གཡེང་དང་སྣང་བ་སྐྱིད་སྐྱིད་འདྲ་བྱས་ནས་ལུས་སེམས་ཀྱི་ངལ་དུབ་ཐང་ཆད་སངས་བར་བྱེད་ཀྱིན་ཡོད།
ངའི་བསམ་གཞིག་གི་ངོས་ནས་དཔྱད་ན་རྩེད་རིགས་ཐམས་ཅད་ཀྱི་ནང་ནས་རྐང་རྩེད་སྤོ་ལོའི་རྩེད་མོ་འདི་ནི་མི་རིགས་ཀྱི་དགའ་སྤྲོའི་ལྟད་མོ་ཆེས་ཡག་ཤོས་ཤིག་རེད། འདི་ལ་ཆགས་སྤྱོད་ཀྱི་འདོད་པ་སློང་བ་དང་། འཁྲུག་འཛིང་གིས་སེམས་ཁམས་དཀྲུགས་པའི་ཉེས་སྐྱོན་མི་འདུག འདི་ལ་གཡོ་སྒྱུ་དང་སླུ་བྲིད་གཏོང་བའི་ཆོ་འཕྲུལ་དང་། འཇིགས་སྐུལ་དང་བཙན་གནོད་བྱེད་པའི་དྲག་སྤྱོད་མི་འདུག འདིའི་འགོ་འཇུག་བར་གསུམ་དང་ཕྱི་ནང་གསང་གསུམ་ནས། ཁྲིམས་དང་སྒྲིག་གཞི། དྲང་བདེན་དང་བཟང་སྤྱོད་ཉིད་གཞིར་བཟུང་གིས་རྐང་རྩེད་ཀྱི་དྲག་རྩལ་འགྲན་པའི་རྩེད་རིགས་སླད་མེད་པ་དང་དང་བ་འདྲེན་པ་ཞིག་རེད།
བློ་རིག་གི་རྣོ་ངར་དང་རྐང་རྩེད་ཀྱི་ལྡེམ་མྱུར་འགྲན་པའི་འགྲན་རྩོད་འདིས་སྤྱི་ཚོགས་ཀྱི་རྙོག་གླེང་རྫོགས་རྒྱུ་མེད་པ་དག་རྩོད་ཀི་མི་འདུག་ལ་། རང་ཉིད་ཀྱི་འབྱོར་ཕྱུག་དང་གོ་ཐོབ་ཀྱི་ཁྲི་འཕང་གི་ཆེད་དུ་མངོན་ལྐོག་རྒྱབ་མདུན་མི་མཚུངས་བའི་རྩོད་པ་དེ་ལས་ཀྱང་བྱེད་ཀྱིན་མི་འདུག མི་མང་ཁྲི་སྟོང་མང་པོ་ལ་དགའ་ལྷང་ལྷང་དང་སྤྲོ་སང་སང་། འཛུམ་འཛུམ་ཤིག་གི་སྤྲོ་སྣང་སྦྱིན་བཞིན། དགའ་བའི་ལག་ཟུང་གི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། བློ་རིག་གི་རྣོ་ངར་དང་རྐང་རྩེད་ཀྱི་ལྡེམ་མྱུར་འགྲན་པའི་རྐང་རྩེད་ཀྱི་ཟློས་གར་ཆེས་སྙན་ཞིང་འཇེབས་པ་ཞིག་འཁྲབ་ཀྱིན་པ་རེད། འདི་འདྲའི་མཐོང་ཚུལ་གྱི་བརྒྱུད་རིམ་ཞིག་ལས་ངའི་རྣམ་ཤེས་རྩེད་རིགས་ཐམས་ཅད་ལས་རྐང་རྩེད་སྤོ་ལོའི་རྩེད་རིགས་ལ་ཡིད་འཐད་བྱུང་སོང་།
ང་ཐོག་མར་རྐང་རྩེད་སྤོ་ལོ་ལ་དོ་སྣང་བྱུང་དུས་ཉིས་སྟོང་བཅུ་བཞི་ལོའི་འཛམ་གླིང་རྒྱལ་སྤྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེན་པོ་དེ་རེད། འགྲན་བསྡུར་ཆེན་མོ་དེ་ལོ་ངོ་བཞིའི་རེ་ནང་དུ་ཐེངས་གཅིག་མ་གཏོགས་མེད་པར་འདུག ངས་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེན་མོ་དེར་བལྟ་དུས་ཉིས་སྟོང་བཅུ་བཞི་ལོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེད་མོ་དེ་ལས་Argentina དང་རུ་ཁུག་གཞན་པ་ཞིག་བསྡུར་བའི་རྐང་རྩེད་འགྲན་བསྡུར་དེར་ཁེལ་འདུག འགྲན་བསྡུར་དེ་ལས་ངས་ཐོག་མར་རྐང་རྩེད་གྲགས་ཅན་པ་ཞིག་མཐོང་བ་ནི་messi. རེད། ངའི་རོགས་པས་ངོ་སྤྲོད་བྱས་པ་ལས་རྐང་རྩེད་པ་གྲགས་ཅན་messi. ཐོག་མར་ངོ་ཤེས་སོང་།
དགོང་མོ་དེའི་རྐང་རྩེད་འགྲན་བསྡུར་ལས་རྐང་རྩེད་པ་གྲགས་ཅན་messi སྤོ་ལོ་རྩེད་སྟངས་ཕྱོགས་འགའ་ཤས་ཤིག་གིས་ང་ཧ་ལས་བཅུག་སོང་། messi ཁོས་རྐང་རྩེད་སྤོ་ལོ་རྩེ་དུས་རང་ཉིད་ཀྱི་རྐང་རྩལ་གྱི་ལྡེམ་མྱུར་ཉིད་ལས་ལྒང་ལི་ཁྲིད་ཐབས་དང་བླུག་བྱུས་བྱེད་རྒྱུ་ལས། གཞན་ལ་གཡོ་ཐབས་དང་ཆོ་འཕྲུལ་འདྲ་མིན་།་གཏན་ནས་འབད་ཀྱིན་མི་འདུག ཁོའི་རྐང་ཐོག་ཏུ་ལྒང་ལི་ཞིག་སླེབས་ཚར་དུས། རྩེད་འགྲན་པ་གཞན་གྱིས་ལས་སླ་བོ་ངང་གཏན་ནས་འཕྲོག་ཐུབ་ཀྱིན་མི་འདུག ཁོས་ལྒང་ལི་ཁྲིད་དུས་ཧ་ཅང་འགྱོགས་མྱུར་ལྡན་ལ་གཞན་ལག་ཏུ་མི་ཤོར་བའི་བརྟན་པོ་འདུག
རྐང་རྩད་འགྲན་རྩོད་འགོ་འཇུག་བར་གསུམ་དུ་ཁོ་རང་ཉིད་ཀྱིས་ལྒང་ལི་ལྡུག་ཐབས་ཁོ་ན་མི་བྱེད་པར། རང་དང་རུ་ཁུག་གཅིག་པའི་རྩད་འགྲན་པ་གཞན་དག་ལ་དེ་ལྟའི་གོ་སྐབས་མང་ཤོས་སྤྲོད་ཀྱིན་འདུག ངས་དེ་དུས་messi.་མཐོང་དུས་ཁོང་ནི་ནམ་ཡང་མི་འཛུམ་ཤིག་ཤིག་དང་མི་བབ་ཆགས་ཞིག་ཏུ་མཐོང་སོང་། སྐབས་དེ་དུས་ངའི་རང་གི་སེམས་པར་དེ་དག་ནི་ངའི་སེམས་ཀྱི་ཚོར་སྣང་ཙམ་ཡིན་པ་ལས་དོན་དངོས་སུ་ messi ཁོང་མི་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་བསམ་བྱུང་།
ཕྱིས་སུ་རིམ་གྱིས་དོ་སྣང་ཞིབ་ཚགས་བྱེད་དུས་ཁོང་ནི་དངོས་གནས་མི་བབ་ཆགས་པོ་དང་རང་བཞིན་བརླིང་པོ། གཤིས་རྒྱུད་འཇམ་པོ་གཞུང་དྲང་པོ། མཐོ་དམའ་གང་གིས་སྐབས་སུ་ཡང་རང་གཤིས་ལ་འགྱུར་བ་མེད་པ་ཀྲོག་ཀྲོག་ཚ་བོ་མེད་མཁན་ཞིག་ཏུ་གཤིས་ཀྱི་གྲུབ་པ་རེད་འདུག དེར་བརྟེན ངའི་བལྟ་བྱའི་རྐང་རྩེད་སྤོ་ལོ་རིགས་ནི་messi. རུ་ཁག་Bracelona. རྩེད་འགྲན་རུ་ཁག་ངང་གིས་གྲུབ་སོང་།
2016/5/24 གཟའ་མིག་དམར་གུང་སེང་ཉིན་ལ་བྱ་གཞུང་འཇམ་བྷེ་ནས།
ཡ་ཡ། ང་རྐང་རྩེད་པོ་ལོ་ཐོག་མར་རྩེད་དུས་༡༩༨༡ རེད། ད་ལྟ་ཡང་མཚམས་མཚམས་རྩེད་བཞིན་ཡོད། ང་རང་ཆེས་དགའ་ཤོས་རྐང་རྩེད་པོ་ལོ་བ་Messi དང་རུ་ཁག་. Fc Barcelona ཡིན།
་་་་་་་་་ ལེའུ་སུམ་བཅུ་བཞི་བཅུ་ཅན་གྱི་དམག་འཁྲུག་གི་གློག་བརྙན་དང་བརྩེ་དུང་སྐོར་གྱི་གློག་བརྙན་འདྲ་མིན་ལ་སེམས་པ་བག་མེད་དུ་གཡེང་བ་དང་བྱིང་རྒོད་གྱི་གཞན་དབང་དུ་བཏང་བ་ལས་། རྐང་རྩེད་སྤོ་ལོའི་རྩེད་རིགས་ལ་དེ་ལྟར་གཡེང་གཡེང་བྱས་ནས་སྣང་བ་སྐྱིད་སྐྱིད་དང་སེམས་པ་དགའ་དགའ་བྱས་ན་བཟང་ལེགས་བསམ། ་་་་་་་
྇འགྲན་བསྡུར་ཆེན་མོ་དེ་ལོ་ངོ་བཞིའི་རེ་ནང་དུ་ཐེངས་གཅིག་མ་གཏོགས་མེད་པར་འདུག
འདི།
འགྲན་བསྡུར་ཆེན་མོ་དེ་ལོ་ངོ་བཞིའི་རེ་ནང་དུ་ཐེངས་གཅིག་མ་གཏོགས་མི་འདུག
ཡང་ཀརྡོ་ལགས་ཀྱིས་དཔེ་བཤུས་བྱེད་རྒྱུའི་མགོ་བརྩམས་སོང། ཨའུ།