ཆབ་མདོའི་དཀོན་བསྟན།(རིག་འཛིན་གྱིས་འོས་སྦྱོར་བྱས།)
—-རྗེ་ཙོང་ཁ་པས་ཏཱ་མིང་རྒྱལ་པོར་བསྩལ་བའི་ཆབ་ཤོག་ལས་འཕྲོས་ཏེ་སྐབས་དེའི་ཡར་མར་གྱི་ལོ་རྒྱུས་ལ་ཕྱིར་མིག་འཕེན་པ།
ཕྱིར་མིག་ཁྲོད་ཀྱི་ལོ་རྒྱུས།
ཐོག་མར་རྗེ་ཙོང་ཁ་པའི་སྐོར་མ་གླེང་སྔོན་ལ་ང་ཚོའི་སྔོན་བྱུང་གི་ལོ་རྒྱུས་ནང་དུ་ཕྱིར་མིག་ཅིག་བལྟ་བར་མོས་སོང་། སྤྱིར་རང་རེ་ཁ་བ་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་རེ་བྱེད་པའི་སྐབས་སུ། ཆོས་ལུགས་དང་ཆོས་བྱེད་མི་སྣར་འབྲེལ་བ་མེད་པའི་བོད་སྤྱི་ཡི་རྒྱལ་རབས་དེབ་ཐེར་དང་མི་སྒེར་གྱི་རྣམ་ཐར་རྟོགས་བརྗོད་སོགས་ཕལ་ཆེར་མཐོང་རྒྱུ་མེད་ཟེར་ན་ཐལ་མི་འགྲོ་བར་སེམས་ཀྱིན་འདུག་སྟེ། དེ་ནི་ང་ཚོའི་མི་རིགས་འདིས་ཚེ་ཚེ་རབས་རབས་སུ་ས་སྒང་འདིར་ཤེས་རིག་བསྐྲུན་ཞིང་ཆོས་ལུགས་དང་བསྡོངས་ནས་ཡོང་པས་སོ།།
སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཙམ་དུ་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་མ་བྱོན་སྔོན་ནས་ཀྱང་བོན་ཆོས་རང་རེའི་ཡུལ་ལ་ཁྱབ་རྒྱ་ཆེན་པོ་དར་ཡོད་པར་མ་ཟད་བོན་ཆོས་ཀྱིས་གོ་གནས་ཀྱང་མཐོན་པོར་བཟུང་མྱོང་ཡོད། གཉའ་ཁྲི་བཙན་པོ་ནས་བརྩིས་པའི་སྤུར་རྒྱལ་རྒྱལ་རབས་ཉེར་བདུན་གྱི་རིང་ལ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་སོ་ཞེས་པ་ནི་ང་ཚོའི་ལོ་རྒྱུས་ནང་དུ་ཡོངས་གྲགས་ཤིག་ཡིན་པ་ལ་བལྟས་ན། “ཆོས་ལུགས་ཆབ་སྲིད་དུ་གྱུར་པའི་ཐོག་མའི་སྣང་ཚུལ”① འདི་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཁྲིམས་ཡིག་གི་ནང་དུ་མ་བཀོད་སྔོན་ནས་བྱུང་ངོ་ཞེས་བཤད་ན་མཐའ་གཅིག་ཏུ་ནོར་འགྲོ་བའི་ཁ་ཚོན་གཅོད་པར་དཀའོ།།(འདིར་ཆོས་ལུགས་ཞེས་པའི་སྤྱིའི་ཐ་སྙད་འདི་མི་བཀོལ་བར་བྱེ་བྲག་གི་བརྡ་ཆད་སངས་རྒྱས་ཆོས་ལུགས་ཞེས་པ་འདི་སྤྱོད་དགོས་པར་སྣང་སྟེ། ཆོས་ལུགས་ཞེས་བཤད་ན་ཡར་སྔོན་བོན་ཆོས་སོགས་འདུ་དགོས་ཤིང་སངས་རྒྱས་ཆོས་ལུགས་མ་དར་སྔོན་ནས་ང་ཚོའི་ཆབ་སྲིད་བོན་ཆོས་དང་ཁ་བྲལ་མེད་པས་ཆོས་ལུགས་ཆབ་སྲིད་དུ་གྱུར་བའི་སྣང་ཚུལ་དེ་དུས་ནམ་ཞིག་ལ་བྱུང་མིན་ད་རུང་དཔྱད་པ་གཏོང་དགོས་པའི་གནད་ཡོད་པར་སྙམ།)
ལར། སངས་རྒྱས་ཆོས་ལུགས་བོད་ལ་དར་བ་དང་དེ་ལ་ཡང་བསྟན་པ་སྔ་དར་དང་ཕྱི་དར་ཞེས་གཉིས་སུ་ཕྱེས་ཤིང་(འགའ་རེས་བསྟན་པ་བར་དར་ཡང་འབྱེད)བསྟན་པ་སྔ་དར་གྱི་སྐབས་ནས་སངས་རྒྱས་ཆོས་ལུགས་བོད་ལ་དར་ཅིང་རིམ་བཞིན་བོད་ཀྱི་ཆབ་སྲིད་ནང་དུ་སིལ་འཛུལ་བྱས་པ་རེད། དེ་ལས་མ་ཚད་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་བ་ཅན་སོགས་ཀྱི་སྐུ་རིང་ནས་སངས་རྒྱས་ཆོས་ལུགས་ཀྱི་ཚབ་མཚོན་མི་སྣ་ལ་རྒྱལ་པོས་དཔལ་འབྱོར་གྱི་ཁེ་ཕན་གནང་བ་དང་བསྟུན་ག་ལེར་ཆབ་སྲིད་ཀྱི་རྐུབ་སྟེགས་ཐོག་བསྙེགས་སོང་བའི་ལོ་རྒྱུས་འུ་བུ་ཅག་ལ་ཡོད་པ་དཔེར་ན། བེེ་རོ་ཙ་ན་དང་བཙུན་པ་མྱང་ཏིང་ངེ་འཛིན། བྲན་ཀ་དཔལ་ཡོན་སོགས་ཀྱིས་རྒྱལ་པོའི་སྲིད་ལ་ཐེ་ཇུས་བྱས་པའི་ལོ་རྒྱུས་ལྟ་བུ་དང་། དེའི་རྗེས་སུ་ཆོས་ལུགས་ཤིག་གིས་མི་རིགས་ཤིག་གི་ཡོད་ཚད་ཚབ་བྱེད་ཐུབ་སྙམ་པའི་བསམ་བློ་ནོར་འཛོལ་ཅན་ཞིག་འཁྲུངས་པའི་རྐྱེན་གྱིས་ཆོས་ལུགས་རྒུད་པའི་རྣམ་རྟོག་ལ་བརྟེན་ནས་མཐར་བོད་བཙན་པོའི་རྒྱལ་རབས་མཇུག་བསྡུས་པ་རེད།
བོད་སིལ་བུར་མི་ལོ་བཞི་བརྒྱ་ལ་ཉེ་བ་ཐོར་སོང་བའི་དུས་དེར་ཆབ་སྲིད་གཅིག་གྱུར་མེད་ཀྱང་མ་སྐུལ་དང་བླང་གིས་སངས་རྒྱས་ཆོས་ལུགས་ཀྱི་མེ་རོ་སླར་ཡང་བོད་སྟོད་སྨད་ནས་གསོས་ཤིང་ནང་ཆོས་ལ་བྱང་ཆུབ་པའི་ཕྱིའི་མཁས་པ་བོད་དུ་གདན་འདྲེན་ཞུས་པ་དང་ནང་གི་བུ་སློབ་མང་པོས་སྦྱང་བརྩོན་དང་རྒྱུད་འཛིན་བྱས་པ་བརྒྱུད་བོད་ལ་བསྟན་པ་ཕྱི་དར་ཞེས་པ་ཞིག་དར་བ་རེད་ལ། དུས་དེ་ཙ་ན་བོད་ལ་མཁས་གྲུབ་དུ་མ་བྱུང་ཞིང་ཆོས་བརྒྱུད་གྲུབ་མཐའ་མང་པོ་མཆེད་པ་དཔེར་ན། བོད་རབ་བྱུང་དང་པོའི་མེ་བྱ་(སྤྱི་ལོ་༡༠༥༧)ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཡོན་བདག་ཤཱཀྱ་མགོན་དང་འཕྲེང་ཁ་བེར་ཆུང་གཉིས་ལ་བརྟེན་ནས་རྭ་སྒྲེང་དགོན་པ་ཕྱག་བཏབ་སྟེ་བོད་ལ་བཀའ་གདམས་པའི་གྲུབ་མཐའི་སྲོལ་ཐོག་མར་ཕྱེས།
བོད་རབ་བྱུང་དང་པོའི་ཆུ་གླང་(སྤྱི་ལོ་༡༠༧༣)ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་དགོན་པ་བཏབ་ཅིང་བོད་ལ་བཤད་གྲྭ་དང་མཚན་ཉིད་དར་སྤེལ་ཆེན་པོ་མཛད། ལོ་དེར་འཁོན་རིགས་དཀོན་མཆོག་རྒྱལ་པོས་ཀྱང་ས་སྐྱ་དགོན་པ་བཞེངས་ཤིང་ས་སྐྱའི་གྲུབ་མཐའ་བྱུང་།
ཡང་རབ་བྱུང་གཉིས་པའི་ལྕགས་གླང་(སྤྱི་ལོ་༡༡༢༡)ལོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་གཞོང་དགོན་པ་ཕྱག་བཏབ་པས་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་ཐོག་མར་ཕྱེས་ཤིང་དེ་ནས་རིམ་བཞིན་དྭགས་པོ་བཀའ་བརྒྱུད་དང་ཕག་གྲུ་བཀའ་བརྒྱུད་སོགས་བཀའ་བརྒྱུད་པའི་གྲུབ་མཐར་ཆོས་རྒྱུད་ཆེ་ཆུང་མང་དུ་གྱེས།②
དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་ན། བྱང་ཕྱོགས་ཧོར་གྱི་རྒྱལ་པོ་ཇིང་གེར་གྱིས་ཡ་གླིང་ཧྲིལ་པོ་དང་ཡོ་རོབ་ཤར་རྒྱུད་སོགས་ལ་ཧམ་སེམས་ཀྱིས་འདྲེ་ལག་བསྲིངས་པའི་གོ་སྐབས་རྙེད་པའི་བར་ན་གཅིག་གྱུར་མེད་པའི་བོད་ཁམས་སུ་ཡང་གླང་སྨྱོན་ལྟར་ཡར་དཀྲུགས་མར་དཀྲུགས་བྱས་ནས་བཙན་གྱིས་ནང་དུ་འཛུལ། སྤྱི་ལོ་༡༢༤༤ ལོར་ས་སྐྱའི་བླ་མ་ཀུན་དགའ་རྒྱལ་མཚན་མཆོག་གོ་དན་རྒྱལ་པོའི་བཀའ་ལྟར་དགོས་དབང་གིས་སོག་ཡུལ་དུ་ཕེབས་དགོས་བྱུང་བར་བསྟུན་བོད་(ས་སྐྱ་བ་)དང་ཡོན་རྒྱལ་རབས་གཉིས་དབར་འབྲེལ་བ་ཐོག་མར་བྱུང་བ་དང་། སྤྱི་ལོ་༡༢༥༥ ལོར་ཀརྨ་པ་སྐུ་ཕྲེང་གཉིས་པ་སོག་ཡུལ་དུ་གདན་དྲངས་པས་ཡོན་རྒྱལ་རབས་དང་བཀའ་བརྒྱུད་པའི་བར་ལ་ཡང་འབྲེལ་བ་དེ་དུས་བྱུང་།
དེ་ནས་སྤྱི་ལོ་༡༢༦༠ ལོར་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་སླར་ཡང་སོག་ཡུལ་དུ་གདན་དྲངས་ནས་བླ་མར་བསྟེན། སྤྱི་ལོ་༡༢༦༥ ལོར་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་ཞུས་པའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་གསང་སྔགས་ཀྱི་དབང་ཐེངས་གཉིས་པ་ཞུས་པའི་དབང་ཡོན་དུ་བོད་ཡུལ་ཆོལ་ཁ་གསུམ་ཕུལ་བ་སོགས་གོ་གནས་མཚོན་བྱེད་ཀྱི་ཆོ་ལོ་དང་ཐམ་ཁ་ཡང་སྟེར་བ་རེད། འདི་ནི་སོག་པོའི་རྒྱལ་པོ་སངས་རྒྱས་ཆོས་ལུགས་ལ་དད་ཅིང་བོད་མི་སངས་རྒྱས་ཆོས་ལུགས་ལ་མཁས་པས་སྟབས་ལེགས་པར་ཐུག་སྟེ་བོད་སྒང་པའི་ལྷ་སྡེ་མི་སྡེ་ས་ཆ་ཡུལ་རིས་དང་བཅས་པ་ཕ་ཤུལ་བུ་ཡིས་འཛིན་པ་བཞིན་རང་ས་རང་གིས་བཟུང་པའི་གོ་སྐབས་ཤིག་རྙེད་པ་རེད་ལ།
ཡང་གཞན་ཞིག་ནས་བཤད་ན། འདི་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་མི་སྣས་བོད་ཆེན་པོའི་སྲིད་དབང་བཟུང་དགོས་བྱུང་བའི་“མ་ནིང་”གི་ལམ་ལུགས་ལ་མེ་ཐོག་སྣུམ་བསྣོན་ཇི་བཞིན་འཕེལ་ཤུགས་སྐྱེད་བྱེད་དུ་གྱུར་པ་རེད།(ལོ་རྒྱུས་ལྟར་ན། བོད་ཀྱི་སངས་རྒྱས་ཆོས་ལུགས་པས་འཇིག་རྟེན་ཁྱིམ་པའི་སྲིད་འབྱོར་ལ་ཕྱག་ལག་སྔར་ནས་བརྐྱངས་དགོས་བྱུང་ཡོད་དེ། བསྟན་པ་སྔ་དར་སྐབས་སུ་གྲྭ་པ་རེ་ལ་ཐོག་མར་དུད་ཚང་གསུམ་རེ་ཕུལ་བ་དང་རྗེས་སུ་དུད་ཚང་བདུན་རེ་ཕུལ་བའི་ལོ་རྒྱུས་དང་། ཕྱི་དར་སྐབས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་ལ་དྲིན་གཟོའི་ཆེད་དུ་གཞིས་ཀ་སྦྱོར་འཇགས་གནང་བའི་གནས་ཚུལ་ལ་གཞིགས་ན། བོད་ཀྱི་བཙུན་པར་ཐོག་མར་གཞིས་དང་བྲན་གཡོག་ཡོད་པ་ནས་དཔལ་འབྱོར་གྱི་གོ་གནས་རག་ཅིང་རིམ་བཞིན་དཔལ་འབྱོར་གྱི་ཁེ་ཕན་བསྲུང་བའི་ཆེད་དུ་ཆབ་སྲིད་ཀྱི་དབང་ཆར་མ་རྩོད་རང་རྩོད་ལྟ་བུ་ཞིག་ཏུ་གྱུར་སོང་བར་སྙམ། རྒྱུ་མཚན་ནི། ཡོན་རྒྱལ་རབས་ཀྱིས་བོད་ཡུལ་དབང་དུ་སྡུད་པའི་སྐབས་སུ་བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་སོ་སོའི་དགོན་སྡེའམ་མངའ་བདག་ལ་མངའ་འབངས་མང་ཉུང་དུ་མ་ཡོད་ཅིང་དེའི་ནང་ནས་ས་སྐྱ་བ་དང་ཕག་གྲུ་བ་གཉིས་མངའ་འབངས་མང་ཤོས་དང་སྟོབས་ཤུགས་ཆེ་གྲས་ཡིན་པ་ལ་བལྟས་ན་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བྱེད་མི་སྣས་སྲིད་འབྱོར་གྱི་དབང་ཆ་བཟུང་ཡོད་པ་ཤེས་ཐུབ་ལ་སངས་རྒྱས་ཆོས་ལུགས་དང་ཆབ་སྲིད་གཉིས་ལ་འབྲེལ་བ་སྔར་ནས་ཡོད་པ་ཚོར་ཐུབ། དེར་བརྟེན་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་ཆབ་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་མགོ་ཚུགས་པའི་དུས་ནི་འགྲོ་མགོན་འཕགས་པའི་སྐབས་སུ་མི་འདོད་པར་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་འདོད། བོད་སིལ་བུར་མི་ལོ་བཞི་བརྒྱ་ལ་ཉེ་བར་ཐོར་བའི་གནས་ཚུལ་ལ་གཞིགས་ནས་བཤད་ན། ཆོས་སྲིད་གཉིས་ཀྱི་ཁ་ལོ་ས་སྐྱ་བས་བསྒྱུར་ཡོད་ནའང་དེ་ནི་མགོ་ཚུགས་པ་མ་ཡིན་པར་རྨང་གཞིའི་ཐོག་ལ་དར་རྒྱས་འགྲོ་བའི་གནས་ཚུལ་ཡིན་པར་སེམས)
མདོར་ན། དང་ཐོག་འགྲོ་དགོན་འཕགས་པ་ནས་བཟུང་ས་སྐྱའི་དཔོན་ཆེན་དབང་བརྩོན་པའི་བར་དུ་མི་ལོ་བརྒྱ་ལྷག་གི་རིང་ལ་ས་སྐྱའི་དཔོན་རབས་ཉི་ཤུ་རྩ་གྲངས་ཀྱིས་ཧོར་གོང་མའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ལུགས་གཉིས་ཀྱི་ཆབ་སྲིད་ལ་དབང་བསྒྱུར་བྱས། དེའི་ནང་ནས་ས་སྐྱའི་བླ་མ་བཅུ་གསུམ་ཙམ་ཞིག་གིས་སྔ་རྗེས་སུ་ཧོར་གོང་མའི་དབུ་བླར་ཕེབས་ཤིང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་མཛད་པ་རྒྱ་ཆེར་སྤེལ།འདི་ནས་བསམ་མནོ་རེ་གཏོང་དུས། སྐབས་དེར་ཧོར་རྒྱལ་པོའི་དབུ་བླར་བྱོན་པའི་ས་སྐྱའི་བླ་མ་བཅུ་གསུམ་གཙོ་བྱས་པ་དག་ནི་ཐོག་མར་ཆོས་པ་རྣམ་དག་གི་ལམ་ནས་ཐོས་པ་བཙལ་ཅིང་ཆོས་ཀྱི་རྟོགས་པ་མཐོ་བས་ཀུན་གྱིས་དད་པ་བརྩི་བཀུར་བྱེད་ཡུལ་དུ་གྱུར་བ་དང་མཚན་སྙན་ཡང་གང་སར་ཁྱབ། དེའི་འཕྲོར་ཧོར་རྒྱལ་པོས་ཀྱང་མཐོང་ཆེན་བྱས་ནས་རྒྱ་ནག་ཏུ་གདན་འདྲེན་ཞུས་ཤིང་ཁོང་ཚོས་རྒྱ་སོག་གི་ཡུལ་ལ་ཆོས་སྤེལ་ཏེ་འགྲོ་དོན་མང་དུ་མཛད་པར་རྒྱལ་པོས་བླ་མ་དེ་དག་ལ་དཔལ་འབྱོར་གྱི་མཆོད་གཞིས་བསྩལ་ཅིང་ཆབ་སྲིད་ཀྱི་གོ་གནས་སམ་ཆོ་ལོ་ཡང་མི་དམན་པ་གནངས་རྗེས་བླ་མ་འདི་དག་གི་ནང་ནས་རྒྱུ་རྐྱེན་དུ་མའི་དབང་གིས་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ཁྲི་ལ་བཞུགས་དགོས་བྱུང་བ་ཡང་ཉུང་ཉུང་མིན། འདི་ནི་ཡོངས་གྲགས་ལྟར་སྲིད་དང་ཆོས་གཉིས་ཀྱི་བདག་པོ་མི་གཅིག་གིས་བྱས་པའི་ལམ་ལུགས་དེ་དར་བཞིན་པའི་གནས་ཚུལ་ལ་ངོས་འཛིན་གྱི་ཡོད།
རབ་བྱུང་དྲུག་པའི་ས་སྤྲེལ་(སྤྱི་ལོ༡༣༦༨)ལོར་ཡོན་རྒྱལ་རབས་འཇིག་ཅིང་ཏཱ་མིང་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མ་ཀྲུའུ་ཡོན་ཀྲང་གོང་མའི་རྒྱལ་སར་བསྐོས་ནས་ནན་ཅིན་དུ་མིང་རྒྱལ་རབས་དངོས་སུ་བཙུགས། སྤྱི་ལོ་༡༣༧༢ ལོར་མིང་གོང་མས་ཕག་གྲུའི་སྡེ་སྲིད་ཤཱཀྱ་སེང་གེ་ལ་“ཀྭ་ཏིན་གུ་ཤྲི”ཞེས་པའི་ཆོ་ལོ་དང་འཇའ་ས་གནངས་བས་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཞེས་བོད་ཁམས་སུ་གྲགས། འདི་ནི་ཏཱ་མིང་རྒྱལ་པོས་བོད་ཀྱི་ཕག་གྲུ་པའི་སྡེ་སྲིད་དེ་ཆོས་ལུགས་མི་སྣར་འཇའ་ས་དང་ཆོ་ལོ་གནང་བའི་ཐོག་མ་དེ་ཡིན་ཞིང་མིང་རྒྱལ་རབས་སྐབས་སུ་བོད་རྒྱའི་དབང་སྒྱུར་གྲལ་རིམ་བར་གྱི་འབྲེལ་བ་ཡང་ཐོག་མར་འདི་ནས་ཡིན་པར་བཤད།③ སྐབས་དེར་ཀརྨ་ཞྭ་ནག་གི་སྐུ་ཕྲེང་གསུམ་པས་ཐེངས་དང་པོར་ནན་ཅིན་ལ་འཚམས་འདྲིའི་མི་སྣ་བཏང་ནས་མིང་རྒྱལ་རབས་གསར་དུ་བཙུགས་པར་རྟེན་འབྲེལ་ཞུས་པའི་རྗེས་ནས་གོང་མས་ཀརྨ་པར་གོ་གནས་དང་ཆོ་ལོ་སྤྲད་པས་བོད་ཁམས་སུ་ཀརྨ་བཀའ་བརྒྱུད་པའི་སྟོབས་ཤུགས་ཀྱང་ཇེ་ཆེར་སོང་བར་གྲགས།
འཚོལ་གྱིན་པའི་དགོངས་པ་ཞིག
ད་ནི་གོང་ནས་ལོ་རྒྱུས་གླེང་བ་དང་འབྲེལ་ཏེ་སྐབས་དོན་བརྗོད་པར་འདོད་དེ། ཕག་གྲུའི་སྡེ་སྲིད་གཉིས་པའི་སྐབས་དེར་ཤར་ཙོང་ཁ་ནས་ཕེབས་པའི་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པས་དབུས་གཙང་ཁུལ་དུ་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་བཞེས་མཛད་ཀྱིན་པའི་དུས་ཤིག་ཡིན་ལ། དེ་ནས་རིམ་བཞིན་རྗེ་ཙོང་ཁ་པས་ནང་ཆོས་ལ་ཐོས་བསམ་རྒྱ་ཆེར་མཛད་པའི་ཁར་ཁོང་གི་མཚན་སྙན་ཡང་བོད་དང་སོག་གི་ཡུལ་སོགས་སུ་ཁྱབ་པས་བར་སྐབས་ཤིག་ནས་ཧོར་གྱི་རྒྱལ་སྲས་ཤིག་གིས་ཀྱང་ཁོང་ལ་འཚམས་འདྲིའི་འཕྲིན་ཡིག་དང་ལེགས་སྐྱེས་བཅས་བསྐུར་བར་འབྱོར། ཕག་གྲུའི་སྡེ་སྲིད་བཞི་པ་བསོད་ནམས་གྲགས་པ་དང་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་གཉིས་ཀྱི་བར་མཚམས་ཀྱི་དུས་སུ་རྒྱ་ནག་ཏཱ་མིང་གོང་མ་ཡུང་ལོས་ཀྱིས་ཀྱང་རྗེ་ཙོང་ཁ་པར་འཚམས་འདྲི་དང་གདན་ཞུའི་ཕོ་ཉ་སོགས་ལན་དུ་མར་མངགས་ཀྱང་མ་བྱོན་པ་རེད།
སྤྱི་ལོ་༡༤༠༧ལོར་ཏཱ་མིང་གོང་མས་སླར་ཡང་རྗེ་ཙོང་པར་རྒྱ་ནག་ཏུ་གདན་འདྲེན་ཞུ་བའི་ཕོ་ཉ་དང་གསེར་ཡིག་འབྱོར་རུང་། རྗེ་རིན་པོ་ཆེས་“དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་”དགོངས་པ་གཞིར་བཟུང་ནས་རྒྱ་ནག་ཏུ་མི་ཕེབས་རྒྱུའི་ཐུགས་ཐག་བཅད་པ་རེད། འདི་ནས་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཡོད་དེ། ས་སྐྱའི་སྡེ་སྲིད་ནས་བཅིངས་གྲོལ་མ་བཏང་བར་དུ་བོད་ཀྱི་བླ་མ་མཐོ་གྲས་མང་པོ་ཞིག་རྒྱ་ནག་ཏུ་ཕེབས་ཡོད་པ་རེད། དེའི་ནང་ནས་བླ་མ་ལ་ལ་ནི་རྒྱ་ནག་གོང་མའི་བཀས་གདན་འདྲེན་ཞུ་པས་དགོས་དབང་གིས་ཕེབས་དགོས་བྱུང་ཞིང་འགྲོ་དོན་མང་པོ་མཛད་ཡོད་ལ་བོད་རང་ལ་ཡང་ཕྱག་རྗེས་བསུབ་ཏུ་མེད་པ་བཞག་ཡོད་པ་མངོན་གསལ་རེད།
ཡང་བླ་མ་འགའ་རེ་ནི་རང་འགུལ་གྱིས་རྒྱ་ནག་གོང་མའི་མདུན་དུ་བཅར་ཅིང་གོང་མས་ཀྱང་དེ་ཚོར་མཐོང་ཆེན་གྱི་ཚུལ་དུ་ཆོ་ལོ་དང་གཞིས་ཀ་སྤྲད་པ་ཡང་ཡོད་པ་རེད། གོང་གི་བོད་ཀྱི་བླ་ཆེན་རིགས་གཉིས་ནང་ནས་བླ་མ་མི་ཉུང་བ་ཞིག་རྒྱ་ནག་ལ་ཕེབས་རྗེས་འཁོར་གཞིས་དང་ཆོ་ལོ་བཅས་རག་ཅིང་སླར་བོད་དུ་བྱོན་ནས་སྲིད་ཀྱི་དཔོན་པོར་གྱུར་སོང་བའི་རྒྱུད་རིམ་འདི་ནི་ཆོས་ཀྱི་བླ་མ་སྲིད་ཀྱི་དཔོན་པོར་གྱུར་བའམ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་རྒྱས་འགྲོ་བཞིན་པར་འདོད། འོན་ཀྱང་། རྗེ་ཙོང་ཁ་པ་ཁོང་ལ་རྒྱ་ནག་གོང་མས་གདན་ཞུས་ཕོ་ཉ་ལན་མང་མངགས་ཀྱང་མ་ཕེབས་པའི་རྒྱུ་མཚན་ནི་གང་ལ་ཐུག་ཡོད་མིན་ང་ཚོས་བསམ་གཞིགས་བྱ་དགོས་པ་ཞིག་ཡིན་ཏེ། ཁོང་གིས་ཏཱ་མིང་རྒྱལ་པོར་བསྩལ་བའི་ཆབ་ཤོག་ནང་དུ་“མི་མང་པོ་དང་ནམ་ཕྲད་པའི་དུས་རྣམས་སུ་ནད་དྲག་པོ་འབའ་ཞིག་འོང་བས་”དེ་ཁོ་ནར་གཞིགས་ནས་རྒྱ་ནག་ཏུ་མ་ཕེབས་པ་ཡིན་ནམ་འདོད་ན། ཕྲན་གྱིས་བསམ་ན་དེ་ལྟར་མ་ཡིན་ཏེ། ཁོང་གི་དགོངས་པ་ནི་གོང་ནས་བཤད་པ་ལྟར་རྒྱ་ནག་ལ་ཕེབས་ན་དགག་བྱ་ཆེ་ལ་དགོས་པ་ཆུང་བ་རེད།
འོ་ན། ཅིའི་ཕྱིར་དུ་རྒྱ་ནག་ལ་ཕེབས་ན་དགག་པ་ཆེ་སོང་བ་ཡིན་ནམ་ཞེ་ན། གལ་སྲིད་རྒྱ་ནག་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་ཕེབས་པའི་དབང་དུ་བཏང་ན། རྒྱ་ནག་ལ་འགྲོ་དོན་མཛད་རྗེས་གོང་མས་ཁོང་ལ་གོ་གནས་ཆོ་ལོ་དང་འཁོར་གཞིས་སོགས་མི་སྟེར་བའི་ངེས་པ་མེད་དེ། བསྟན་པ་ཕྱི་དར་ནས་བཟུང་ལོ་རྒྱུས་སྔ་ཕྱི་གང་ཡིན་རུང་རྒྱ་ནག་ལ་ཕེབས་པའི་བོད་ཀྱི་བླ་མ་ཆེན་པོ་དག་ལ་གོང་མས་ཆོ་ལོ་དང་འཇའ་ས་འདྲ་མིན་སྣ་ཚོགས་གནང་མེད་པ་ཕལ་ཆེར་མེད་པས་དེ་ལྟར་གོང་མས་ཆེད་དུ་གདན་འདྲེན་ཞུ་དགོས་པའི་རྗེ་བདག་ཉིད་ཆེན་པོ་ཁོང་ལྟ་བུར་མཚོན་ན་ཆོ་ལོ་དང་འཁོར་གཞིས་སྟེར་ངེས་ཞེས་ཚོད་འགམ་བྱས་ན་ཐལ་མི་འགྲོ།
འོ་ན་ཁོང་ལ་ཆོ་ལོ་དང་འཁོར་གཞིས་རག་ན་ཅི་ལ་གནོད་དམ་ཞེ་ན་དེ་ནི་གསལ་པོ་ཡིན་ཏེ། ཆོས་ཀྱི་བླ་མ་སྲིད་ཀྱི་དཔོན་པོར་འགྱུར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་འདི་ལ་ཐུག་ཡོད་ཅིང་ཐོག་མར་དཔལ་འབྱོར་གྱི་ཁེ་ཕན་རག་ཅིང་རྗེས་ནས་དེར་བསྲུང་བའི་ཆེད་དུ་སྲིད་ཀྱི་གསེབ་ན་ལག་པ་རྐྱོང་དགོས་པའི་གོ་རིམ་དེར་ཐུག་ཡོད་པ་རེད། དེར་བརྟེན། རྗེ་ཁོང་ཉིད་རྒྱ་ནག་ཏུ་ཕེབས་རྗེས་རྙོག་འཛིང་ཅན་གྱི་སྲིད་འབྱོར་གྱི་ཁྲི་ལ་བསྙེག་དགོས་ཐུག་ན་དེ་ནི་ཆོས་པ་རྣམ་དག་ཞིག་གི་ངོས་ནས་བཤད་ན་དགག་པ་ཤིན་ཏུ་ཆེ་བ་དང་སྲིད་འབྱོར་རྩོད་པའི་དགོས་པ་ལྷག་ཏུ་ཆུང་བ་བཅས་སྟོན་པ་ཐུགས་རྗེ་ཅན་གཙོས་པའི་རྒྱལ་སྲིད་སྤངས་ནས་དམ་ཆོས་ཉམས་ལེན་རྣལ་མ་གནང་བའི་རྣམ་ཐར་གཙང་མའི་རྗེས་སུ་སོང་ཞིང་རྗེ་རང་ཉིད་ཀྱི་དགོངས་པ་དང་མཐུན་ནོ་སྙམ།
ཡང་འགའ་རེའི་བློ་ངོར་རྗེ་ཁོང་ཉིད་ཏཱ་མིང་རྒྱལ་པོས་གདན་འདྲེན་ཞུ་བ་ནི་རྒྱ་ནག་ཏུ་བསྟན་འགྲོའི་ཆེད་དུ་ཡིན་རུང་ཁོང་མི་ཕེབས་པ་ཅི་ཡིན་ནམ་འཆར་སྲིད། དེ་ལྟར་མ་ཡིན་ཏེ། སྤྱི་ལོ་༡༤༡༤ ལོར་གོང་མའི་རེ་བ་ལྟར་རྗེ་ཙོང་ཁ་པས་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་རྒྱ་ནག་ཏུ་འགྲོ་དོན་མཛད་པར་མངགས་ཡོད་པས་དོགས་པ་དེའི་རིགས་ཆོད་ཐུབ་པ་ཡིན།
ཡང་བསམ་མནོ་གཞན་ཞིག་ནས་གཏོང་དུས། ཆབ་སྲིད་སྒྲུབ་པར་འདོད་པའི་མི་ཞིག་ལ་མཚོན་ན་སྐབས་དེར་གོ་སྐབས་ཡག་པོ་ཞིག་ཡིན། དཔེར་ན་རྗེ་ཙོང་ཁ་པར་རྒྱ་ནག་གོང་མས་ཀྱང་དེ་ལྟར་མཐོང་ཆེན་བྱེད་དུས་གོང་མའི་རྒྱབ་སྐྱོར་ལ་བརྟེན་ནས་དགེ་ལུགས་པའི་སྟོབས་ཤུགས་རྒྱ་ཆེར་གཏོང་ཐུབ་ལ་མངའ་འབངས་སོགས་རྒྱ་ཆེན་པོ་བསྐྱེད་ཐུབ་པ་ཡིན་མོད། འོན་ཀྱང་། ཁོང་ལྟ་བུའི་ཆོས་པ་རྣམ་དག་ཅིག་ལ་མཚོན་ན་ཆོས་ལུགས་ལག་ཆར་བཀོལ་ནས་སྲིད་འབྱོར་སྒྲུབ་པ་དེ་ནི་དགག་པ་རབ་ཏུ་ཆེ་བས་ལམ་དེར་རྗེ་རིན་པོ་ཆེས་གདམ་ཁ་གནང་མེད་པས་འདི་ནས་ཀྱང་རྗེའི་དྲི་མེད་ཀྱི་དགོངས་པ་སྟེ་མཐའ་གཉིས་སུ་མ་ལྷུང་བའི་ཟབ་མོ་དབུ་མའི་ལྟ་སྤྱོད་ཟུར་ཙམ་ཞིག་མཇལ་ཐུབ་པ་ཡིན་ལ། ཆོས་གོས་མནབས་ཤིང་ཆོས་ལུགས་ཁ་ལ་ཁྱེར་ནས་སྲིད་འབྱོར་རྩོད་མཁན་གྱི་“ཆོས་པ”་འགའ་ལ་ཡང་མིག་དཔེ་བཟང་པོ་ཞིག་སྟོན་ཡོད་པ་ནི་གསལ་བཤད་ཅི་ལ་དགོས། ད་དུང་དེ་ལས་མི་ཚད་པར་“ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་ཡིན”④ ཞིང་། ཆོས་སྲིད་“ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར་”⑤ སོང་བའི་གནས་ལུགས་ཀྱང་རྗེ་ཁོང་གིས་མཁྱེན་ཡོད་པར་འདྲ་ཞེས་ལབ་འདོད་བྱུང་སོང་།
ཞོར་གྱི་གསལ་བཤད་ཕྲན་བུ།
མདོར་ཧྲིལ་གྱིས་བསྡུས་ན། རྗེ་ཙོང་ཁ་པས་རྒྱ་ནག་གོང་མའི་དྲུང་དུ་མ་ཕེབས་པ་དེ་ནི་རང་དགར་གྱི་དོན་དག་ཅིག་མིན་ཏེ། དེ་ནི་རྗེ་ཁོང་གིས་ལོ་རྒྱུས་ལས་ཉམས་མྱོང་བསགས་ཤིང་ནང་ཆོས་ལས་བསླབ་པ་ཟབ་མོ་མནོས་པ་དང་། མ་འོངས་པའི་ལམ་བུའི་སྐྱིད་སྡུག་ལ་ཐུགས་བསམ་བཞེས་པའི་དགོངས་པ་འཁྲུལ་མེད་ཅིག་ཡིན་ཞེས་གུས་པས་སྨྲ་བར་སྤོབས་སོ།།
སྤྱིར་ང་ཚོའི་ལོ་རྒྱུས་ནང་དུ་ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་སོགས་ནས་སྐྱེས་ཆེན་གནམ་གྱིས་མི་ཁེབས་པ་མང་པོ་བྱོན་མྱོང་ཞིང་བོད་རང་ལ་མ་ཚད་པར་མིའི་རིགས་ལ་ཡང་ཕྱག་རྗེས་རྡོ་བརྐོས་རི་མོ་བཞིན་དུ་དོད་ཡོད་པ་བཤད་ཅི་ལ་དགོས།
སྐབས་འདིར་གུས་པས་དུས་དང་ཁོར་ཡུག་དམིགས་བསལ་ལམ་རྙོག་ཟིང་ཅན་དུ་གྱུར་པའི་དུས་ཤིག་ལ་བྱོན་པའི་སྐྱེན་ཆེན་ཞིག་གི་མཛད་པ་བྱེ་བྲག་ཅིག་བརྗོད་བྱར་འཁྱུད་ཁུལ་བྱས་ཏེ་སྐབས་དེ་དང་དེའི་ཡར་སྔོན་གྱི་ལོ་རྒྱུས་ཀྱི་གནས་བབ་དང་རྒྱབ་ལྗོངས་ལ་ཕྱིར་རྟོག་བགྱིས་ཁུལ་བྱས་པ་ཙམ་མ་གཏོགས་ང་རང་ཉིད་ལ་གྲུབ་མཐའི་ཕྱོགས་ལྷུང་དང་འཐེན་ཁྱེར་གྱི་བསམ་བློའི་སྐུལ་སློང་སྤུ་ཙམ་ཡང་མེད་པ་ཁྱེད་ཀྱིས་མཁྱེན་པར་གནོངས་རོགས་ཞུ་བ་དང་ཆབས་ཅིག་ཏུ་གཞན་ཡང་ནོར་འཛོལ་ཅི་བྱུང་ཡོ་བསྲང་གི་བཀའ་སློབ་བསྩལ་བར་ཞུའོ།།
མཆན།
① དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་«བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ»ཞེས་པའི་ནང་དུ་གསལ། དུང་དཀར་རིན་པོ་ཆེས་“ཆོས་ལུགས་ཆབ་སྲིད་དུ་གྱུར་བའི་ཐོག་མའི་སྣང་ཚུལ”འདི་རྒྱལ་པོ་སྲོང་བཙན་སྒམ་པོས་ནང་ཆོས་ཀྱི་ནང་དོན་འགའ་རྒྱལ་ཁྲིམས་ནང་དུ་བཞག་པའི་རྗེས་ནས་བྱུང་བར་བཞེད་མོད་ཕྲན་གྱིས་ནང་ཆོས་མ་དར་ཡར་སྔོན་ནས་བྱུང་བར་འདོད།
② «བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ»དང་རྒྱལ་མོ་འབྲུག་པས་བརྩམས་པའི་«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»ཞེས་དཔར་ཐེངས་གསུམ་པ་དག་བཅོས་མའི་ནང་གསལ།
③ «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་»ནང་དུ་གསལ།
④ འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱིས་བརྩམས་པའི་«ཁ་ཆེ་ཕ་ལུའི་བསླབ་བྱ»ལས་དྲངས།(རྩོམ་པ་པོ་རྩོད་པ་ཡོད)
⑤ གཉན་ཤུལ་མཁྱེན་རབ་འོད་གསལ་གྱི་ཚིག
གཞན་«རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ་»དང་«སྐྱེས་ཆེན་གྱི་བཞུད་ལམ»དང་«དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད»སོགས་ལ་ཟུར་ལྟའི་དཔེ་ཆ་བྱས་པ་ཡིན།
2016/4/21ཉིན་ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཆབ་མདོའི་དཀོན་མཆོག་བསྟན་འཛིན་གྱིས་བྲིས་སོ།།
ཡག་པོ་བྲིས་ཤག་ཆ་ཚང་བཀླགས་ཡིན། སྲིད་པ་དོན་སྲིད་ཀྱི་གོ་སར་བསྡོད། ཆོས་པ་ཆོས་ཀྱི་གོ་སར་བཞུགས་ན་ལེགས། ཆོས་སྲིད་ཉ་ཉུང་མ་བསྲེས་ན་ལེགས། དེང་སང་གྲྭ་བ་དེ་ཚོ་སྲིད་ལ་དབྱིངས་ཞུགས་ནས་ཆོས་སྤོང་གི་ཉེས་པ་མང་པོ་གསོག་ཡོང་གི་འདུག་ག བླ་མ་སྲིད་དོན་པར་ཞུགས་ན་དེའི་ཉེས་སྐྱོན་ཅི་བྱུང་ལ་དག་སེལ་གྱིས་སྐྱོན་བརྗོད་བྱེད་ས་མེད། དེ་ལྟར་བྱས་ན་ཡང་ཆོས་ཀྱི་དམ་ཚིག་དེ་ཚོ་གླེང་ཡོང་གི་རེད། མུན་ནག་གི་རུམ་ནས་ཡར་ལངས་རེད་འདུག གཅིག་ལངས་གཉིས་ལངས་པ་ཡིན་ན་དང་པོ་དེ་ཚོའི་རིགས་སྨྱོན་པ་དང་དམ་ཉམས་ཟེར་གྱི་རེད། རྗེས་སུ་མི་རབས་ཁ་ཤས་ནས་དེ་ཚོར་བསྟོད་པའི་མེ་ཏོག་གཏོར་ནས་ལོ་རྒྱུས་དེབ་ཐེར་གྱི་ནང་དུ་གསེར་གྱིས་བྲིས་ཡོང་གི་རེད། དཔེར་ན་དགེ་འདུན་ཆོས་འཕེལ་བཞིན།
ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་སྤོའི་སྲོལ་།
སྲོལ་བཟང་བརྒྱུད་ནས་བོད་ཀྱིས་བསྟན་སྲིད་དར་།
དར་པ་ཡུན་དུ་མ་གནས་བོད་མིའི་ལས་།
ལས་ངན་བསགས་ནས་དུས་ངན་ཤར་།
ཆེད་རྩོམ་བཟང་།
རྗེའི་རྣམ་ཐར་ལས།
རྗེ་བློ་བཟང་གྲགས་པས་ཏྭ་མིང་རྒྱལ་པོར་འབུལ་བའི་ཞུ་ཡིག་ནང་དུ་བཀོད་པའི་རྗེ་རིན་པོ་ཆེན་རྒྱ་ཡུལ་དུ་ཕེབས་མི་ཐུབ་པའི་དོན་སྙིང་ངོ་མ་འདི་འདྲ་བཀོད་འདུག
《གོང་མའི་ལུང་ལ་མ་གུས་པ་དང་། བརྙས་པ་བྱས་པ་མ་ལགས་ནའང།་མི་མང་པོ་དང་ནམ་ཕྲད་པའི་དུས་རྣམས་སུ་ནད་དྲག་པོ་འབའ་ཞིག་འོང་བ་བྱུང་པའི་དོན་གྱིས་༧བཀའ་ལུང་བཞིན་དུ་བསྒྲུབ་པར་མ་ནུས་པ་ལ་ནམ་མཁའ་དང་འདྲ་བར་ཟབ་ལ་ཤིང་ཏུ་རྒྱ་ཆེ་བའི་ཐུགས་ཀྱིས་མི་དགྱེས་པ་མི་མཛད་པ་ཐུགས་ལ་དགོངས་པར་ཞུ།》་་་ཞེས་བཀོད་འདུག
རྗེ་བདག་ཉིད་ཆེན་པོ་མི་མང་པོ་ནམ་ཕྲད་ལ་ནད་དྲག་པོ་འབའ་ཞིག་ན་འོང་གི་འདུག་ཅེས་གསུངས་པའི་བཀའ་མོས་འདི་ལ་བསམས་ན་གྲངས་མང་རྒྱའི་མི་རིགས་ཀྱིས་གྲངས་ཉུང་བོད་མི་རིགས་ལ་ག་དུས་ཡིན་ནའང་གནོན་པ་གཏང་གི་ཡོད་པ་ལ་གོ་དགོས་པ་མིན་ནམ་སྙམ།
མ་གཏོགས་མི་མང་པོ་དང་ཕྲད་ཚེའི་ནད་པོ་དྲག་པོ་འབར་ཞིག་ན་འོང་མཁན་གྱི་མི་ཞིག་འཛམ་གླིང་ཐོག་ཏུ་རྗེ་མ་གཏོགས་སུ་ཡང་མེད་པ།
རྗེ་བདག་ཉིད་ཆེན་པོ་མ་གཏོགས་གོང་མའི་བཀའ་ལ་མི་བརྩི་མཁན་གྱི་བླ་མ་སྤྲུལ་སྐུ་ཞིག་བྱུང་མྱངས་མེད་ཚད་རེད་ལ་་་་མ་བོས་མགྲོན་པོ་བྱས་ནས་ཆོ་ལོ་ཡི་ཆེད་དུ་ཁྱི་སྨྱོན་ལྟར་རྒྱ་ཡུལ་དུ་རྒྱུགས་འགྲོ་མཁན་ཤ་དག་རེད།
སྤྱི་སྟངས་ནས་དགོད་བྲོ་བ་ཞིག་ལ་་་འགྲོ་མགོན་ཆོས་འཕགས་ཕེབས་སྐབས་སུ་གོང་མའི་བརྙུན་གཞི་བཅོས་རབས་དང་བྱམས་ཆེན་ཆོས་རྗེ་ཕེབས་དུས་ཀྱང་༧གོང་མའི་བརྙུན་གཞི་བཅོས་རབས་སོགས་འདྲ་པོ་འདྲ་པོ་རྣམས་ཐར་ཁག་གི་ནང་དུ་འདུག
བོད་བླ་ཚོ་རྒྱ་ཡུལ་དུ་ཕེབས་དུས་གོང་མ་ག་དུས་ཡིན་ནའང་ནད་ན་ནས་བསྡད་ཡོད་པའི་ཟོལ་འདྲ་པོ་འདུག་་་ཧཧཧ་་་རྣམ་ཐར་ཁག་གི་ནང་དུ་བྲིས་སྟངས་དེ་དག་ལ་བལྟས་ན་རྫུན་བཤད་ནས་བྲིས་བསྡད་པ་མིན་ནམ་འདྲ་ཞིག་དྲན་འོང་གི་འདུག ག་དུས་ཡིན་ནའང་གོང་མ་ན་བསྡད་བཞིན་ཡོད་པ། བོད་བླ་ཚོས་ནད་བཅོས་ཐུབ་ཡོད་པའི་ཟོལ་འདྲ་་་་ཧཧཧ
རྒྱལ་རབས་དང་རྣམ་ཐར་སོགས་ལོ་རྒྱུས་ཡོངས་རྫོགས་རང་ལྟ་ཕྱོགས་ལྷུང་ལ་འགན་འཁུར་བ་ཤ་སྟག་ལས་དྲང་བདེན་གྱིས་ལོ་རྒྱུས་ནི་སངས་རྒྱས་ཀྱིས་གསུང་བཀའ་འགྱུར་ཙམ་མིན་ནམ་།
ན་ཚ་དང་ལམ་བར་གྱི་དཀའ་ངལ། ལྷག་པར་དུ་དགའ་ལྡན་དགོན་པ་འདེབས་རྒྱུ་སོགས་བྲེལ་ཟིང་གིས་མ་ཁོམ་པ་ཞིག་ཏུ་འདོད།