ཁྲོ་གཏུམ།
ཕྱི་ལོ་༢༠༡༦ ཟླ་༠༥ ཚེས་༢༢ ནས་གསུམ་སྟེ་ཉིན་གཉིས་རིང་། བོད་ཀྱི་གཞུང་འབྲེལ་མིན་པའི་གསར་ཁང་ཁག་གི་གསར་འགོད་པ་བཅུ་རྒྱ་གར་རྒྱལ་ས་ལྡི་ལིའི་གསར་ཁང་ཆེ་གྲས་ཁ་ཤས་སུ་བསྐོར་བསྐྱོད་བྱས་ཤིང་། ལྡི་ལིར་ཡོད་པའི་བོད་ཀྱི་ན་གཞོན་ནུས་འཕེལ་ལས་གཞི་ཁང་གི་ཨ་དཔལ་ལྷ་མོ་ལགས་ཀྱིས་སྣེ་ཤན་བྱས་ཏེ། གསར་འགྱུར་བརྒྱུད་ལམ་ཐོག་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་བྱས་དང་འབྲེལ་ལམ་ཡོང་ཆེད་དུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་བཀོད་བསྒྲིགས་བྱས་པའི་བསྐོར་བསྐྱོད་ཐེངས་གཉིས་པ་རེད།
དེ་རིང་རེ་གཟའ་ཉི་མ་རེད། དུས་བཅད་ལྟར་ཞོགས་པའི་ཐོ་རེངས་ཀྱི་ཆུ་ཚོད་ལྔ་བ་སྟེ། ནམ་མཐའ་ཡོངས་སུ་གསལ་ལ་ཤར་ཕྱོགས་སུ་ཉི་འོད་བསུ་བའི་མཚམས་སྤྲིན་གྱི་མེ་དཔུང་འཕྱུར། ང་རང་གི་གླས་ཁང་ལས་གོམ་ཁ་བཅུ་ཙམ་སྤོས་ན་ཀེའུ་པོར་མོར་སླེབས་ཞིང་། གཞུང་ལམ་གྱི་གུག་དེར་འགྲུལ་བཞུད་ལ་འགྲོ་རོགས་གསུམ་སྔོན་དུ་སླེབས་སྟེ། འགྲུལ་བཞུད་གླ་འཁོར་གཉིས་ལ་སྒུག་ནས་འདུག
རྒྱ་གར་བྱང་ཕྱོགས་བཞུགས་སྒར་ངྷ་རམ་ས་ནི། མགོ་ནག་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་གྱུར་བའི་༧གོང་ས་༧རྒྱལ་བའི་དབང་པོ་འཛམ་གླིང་ཞི་བདེ་དེད་དཔོན་མཆོག་གི་བཞུགས་གནས་དང་།
བོད་གཞིས་བྱེས་ཀུན་གྱི་རེ་ལྟོས་དང་འདུན་པའི་བློ་བཅོལ་ས་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་འགྲུལ་བཞུད་ལ་དུང་བའི་མི་སྣ་རྣམས་ཀྱིས་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས། ངྷ་སའི་ས་སྒང་རིལ་མོ་མེག་རྒན་གྱི་གོས་ཐུང་ལམ་དང་། འགྲམ་གྱི་གཡས་གཡོན་ལ་འཚང་ཁ་རབ་ཏུ་རྒོལ།
ས་སྒང་འདི་རུ་བཙན་བྱོལ་བའི་བོད་གཞུང་ཡོད་ལ། དེའི་མིང་ལ་གནས་སྐབས་སུ་”བདེན་པ་གཉིས་རྒྱལ་གྱུར་ཅིག”ཅེས་འབོད་ཅིང་། ཡིག་ཆ་རྣམས་ཀྱི་ཐོག་ཏུ་བཙན་བྱོལ་བོད་གཞུང་དུ་བྲིས་ཡོད། གང་ལྟར་རི་བོ་འདིའི་གཡས་གཡོན་མདུན་རྒྱབ་དུ་བོད་ཀྱི་རྩ་དོན་ཆེད་འབད་པའི་གཞུང་སྒེར་ཚོགས་གསུམ་གྱི་ལྟེ་གནས་ཡོད་ཅིང་། དེ་འབྲེལ་གྱིས་རྒྱལ་ཁབ་དང་མི་རིགས་ལ་མེད་དུ་མི་རུང་བ་དང་། མདོར་ན་གཞུང་དམངས་དབར་གྱི་ཟམ་པ་ལྟ་བུ་མང་གཙོའི་ཀ་བ་བཞི་བར་འབོད་པའི་རླུང་བརྙན་འཕྲིན་གསུམ་གྱི་གཞུང་འབྲེལ་མིན་པའི་གསར་ཁང་ཁག་གི་ལས་ཁུངས་རྣམས་ཀྱིས་བོད་གཞིས་བྱེས་གཉིས་གཙོས་འཛམ་གླིང་གི་གསར་འགྱུར་བཅས། བོད་དབྱིན་རྒྱ་གསུམ་གྱིས་བརྡ་འཕྲིན་དུས་རབས་ཀྱི་བང་རྩལ་ལ་འགྲན་བཞིན་ཡོད།
གནམ་གཤིས་ཀྱི་དྲོ་གྲང་ཤིན་དུ་བཟང་བའི་ངྷ་ས་ནས་ཚ་བའི་དྲོ་གྲང་ཏུའུ་༤༦ལས་བརྒལ་གྲབ་གྱི་རྒྱལ་ས་ལྡི་ལིའི་ཕྱོགས་སུ་མགྲོན་འཁོར་ཆུང་བའི་རྐང་བཞི་རླུང་ལ་འདྲེས་སོང་། ང་རང་རྒྱ་གར་འཕགས་པའི་ཡུལ་ལ་འབྱོར་ནས་ལོ་བཅུ་འཁོར་གྲབ་འདུག ལོ་འདི་གའི་རིང་གི་ལྡི་ལིར་བསྐྱོད་ཐེངས་ཐམས་ཅད་ནི་མཚན་ནག་བརྒྱུད་དེ་སོང་མྱོང་བ་མ་གཏོགས། ཉིན་དཀར་ལམ་ལ་ཆས་ཤིང་ཉིན་དཀར་ལྡི་ལིའི་བོད་མིའི་ཁྲོམ་ར་མ་ཅང་ཀྲེ་ལར་འབྱོར་བ་ཐོག་མ་ཡིན།
ལྡི་ལིར་འབྱོར་བའི་དགོང་ཁའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག རྒྱལ་ས་ལྡི་ལིའི་རྒྱ་གར་གསར་ཁང་སྐད་གྲགས་ཆེ་ཤོས་སུ་ལས་ཀ་བྱེད་བཞིན་པ་དང་བྱས་མྱོང་བའི་བོད་ཀྱི་ན་གཞོན་གསུམ་དང་མཉམ་དུ་དགོང་མོའི་ཆུ་ཚོད་དགུ་བར་དུ། དགོང་ཟས་སུ་རོལ་ཞོར་ཉམ་མྱོང་བརྗེ་རེས་བྱས་པ་ཡིན། ཁོང་གསུམ་ནི། ཨིན་སྒྲེ་བརྙན་འཕྲིན་ཁང་(ND TV)གི་གསར་འགོད་པ་ཟུར་བ་བསོད་ནམས་ཚེ་བརྟན་ལགས་རེད། ཁོང་གིས་ད་ལྟ་སྒེར་བ་ནས་གློག་བརྙན་དང་པར་གཞི་སྒྲིག་བཟོ་བྱེད་ཀྱིན་འདུག རྒྱ་གར་བང་ཆེན་གསར་ཁང་(The Indiaexpress )གི་གསར་འགོད་པ་བཀྲིས་སྟོབས་རྒྱལ་ལགས་ནི་ཚགས་པར་ཇུས་འགོད་པ་དང་པར་རྒྱག་མཁན། གསར་འགྱུར་བཟོ་མཁན་བཅས་བྱས་ཏེ་ལོ་བརྒྱད་འགྲོ་གྲབ་འདུག (Riverbank studios Mike Pandey )ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཁྱད་འཕགས་ཀྱིས་ལོ༡༡རིང་ཁོར་ཡུག་དང་རི་སྐྱེས་སྲོག་ཆག་སྲུང་སྐྱོབ་སྐོར་བརྙན་འཕྲིན་བརྒྱུད་སྤྱི་ཚོགས་སུ་གོ་རྟོགས་སྤེལ་དང་སྤེལ་བཞིན་འདུག
ང་ཚོས་ཁོང་ཚོ་དང་མཉམ་དུ་གསར་འགོད་བྱེད་སྟངས་དང་གློག་བརྙན་བཟོ་སྟངས། བརྙན་འཕྲིན་འགོད་སྟངས། པར་གདབས་སྟངས། གསར་འགོད་དང་འབྲེལ་བའི་གླེང་མོལ་གང་མང་བྱས་པ་ལས། སེམས་ཐག་ཉེ་བའི་གླེང་མོལ་གྱི་གོ་རིམ་ཁྲོད་དུ་ཕན་ཚུན་ལ་ཡིད་ཚིམས་པའི་རྣམ་པ་གསལ་བོ་ཞིག་མངོན་བྱུང་། དུས་ཚོད་ཀྱི་དབང་གིས་གླེང་མོལ་འདི་མཚམས་འཇོག་བྱེད་དགོས་སོང་བའི་དུས་ཚོད་ནི་ཕྱི་ཚེས་༢༢ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་པ་ཡོལ་ལ་ཉེ།
བསྐོར་དངོས་ཀྱི་ཉིན་དང་པོ།
ཞོགས་པའི་གནམ་གཤིས་དྭངས་ཤིང་ཚ་བའི་མེ་ཐབས་ཀྱིས་སྔར་བཞིན་ངོ་གདོང་བསྲེགས། ཆུ་ཚོད་དགུ་བའི་ཐོག ཡུལ་སྐོར་སྤྲོ་འཆམ་གྱི་ལས་འཆར་ལྟར་གྲང་གློག་ལྡན་པའི་རླངས་འཁོར་གཉིས་སུ་མི་ལྔ་ལྔ་བགོས་ཏེ། རྒྱ་གར་གྱི་དེ་རིང་གསར་ཁང་(Riverbank studios Mike Pandey)གི་ཕྱོགས་སུ་བསྐྱོད་ཅིང་། མདུན་སྒོའི་ཞིབ་བཤེར་བྱེད་སའི་སྒོ་ཆེན་ལམ་བརྒྱུད་དེ་གསར་ཁང་དེའི་ཁང་བརྩེགས་ནང་འཛུལ། གསར་ཁང་དེའི་གསར་འགོད་འགན་འཛིན་སྒར་བེ་ས་བན་ཐི་ལ་(Gaurav Sawant)ཐུགས་འཕྲད་གཏན་འཁེལ་བྱས་པའི་དུས་བཅད་ཀྱི་སྔོན་དུ་འབྱོར་བ་དང་། ཅུང་ཙམ་ནས་མགྲོན་འབོད་ཚོགས་ཁང་ནང་དུ། ཁོ་དང་མཉམ་དུ་ཇ་དང་འཚིག་ཇ་འཐུང་ཞོར། རླུང་གློག་བརྙན་གསུམ་གྱི་གསར་འགྱུར་འགོད་སྟངས་སུ་གླེང་མོལ་དང་དྲི་བ་དྲིས་ལན་གང་མང་བྱས་པ་ལས། “གསར་འགྱུར་འགོད་པར་གསར་འགོད་པའི་འགན་ཁུར་དགོས་དང་། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་ཕན་ཡོན་ལྡན་པའི་སྒྲོམ་གཞི་སྣ་ཚོགས་བཟོ་དགོས་པར་ནན་ཏན་གྱིས་གསུང་སོང་” བ་གྲུབ་མཚམས། གསར་ཁང་དེའི་བཱ་རིན་སྒྲིར(Virendra Kapoor )དོ་དམ་པས་བཤད་ན། འདིར་མི་༢༠༠༠ལྷག་གིས་ལས་ཀ་བྱེད་བཞིན་པ་དང་བདུན་ཕྲག་རེར་དུས་དེབ་དང་ཚག་པར་པར་འགྲེམས་བྱེད་བཞིན་ཡོད། དུས་དེབ་ལ་ཡང་བརྗོད་གཞི་མ་འདྲ་བ་༤༥ཡོད་པར་བརྗོད།
གསར་ཁང་འདིའི་ཁང་བརྩེགས་ཀྱི་བང་རིམ་ཡོངས་སུ་ལམ་ཤན་དང་འགྲེལ་བརྗོད། དམིགས་གསལ་གྱིས་གསར་ཁང་གི་ཆེད་དུ་ཁང་བརྩེགས་རྒྱབ་པའི་རྣམ་པ་འདི་ཡིས། ང་ཚོ་བཙན་བྱོལ་དུ་ས་མཐོ་གང་མེད་པ་དང་ས་མཐའི་འགྲོ་གཡེང་འདུག་བདེ་ལྟ་བུའི་བོད་ཀྱི་གསར་ཁང་རྣམས་སུ། ནམ་ཞིག་བོད་ཀྱི་བདེན་མཐའ་སེལ་ན། ཚད་ལྡན་གསར་ཁང་སྟེ། དགོས་ངེས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་པ་ཞིག་རང་ས་རང་ཡུལ་དུ་འཛུགས་ཐུབ་ངེས་ཀྱི་བསྐལ་བ་ནི་ནམ་ཞིག་ལ་ཤར་རམ་བསམ་པའི་བློ་ཡི་རྣམ་རྟོག་གིས་གངས་ཅན་ལྗོངས་སུ་བསྐོར་བསྐྱོད་ཐེངས་གཅིག་བྱེད་དུ་བཅུག་སོང་ལ། མིག་འཕྲུལ་བ་ལྟ་བུའི་སྣང་བ་ཞིག་ཡང་ཞོར་ལ་བྱུང་སོང་། རླུང་གློག་བརྙན་གསུམ་གྱི་ས་ཚིག་རེར་ཆ་རྐྱེན་ལྡན་ཞིང་དགོས་ངེས་ཀྱི་འཕྲུལ་རིགས་སུ་སྟངས་འཛིན་བྱེད་མཁན་གྱི་ཆེད་ལས་པ་སོགས། གོ་རིམ་ཅན་གྱི་གསར་ཁང་འདི་ཡིས་རང་དབང་ལྡན་པའི་གསར་འགོད་བརྒྱུད་ལམ་ནི་མང་གཙོའི་ཀ་བ་བཞི་བར་འབོད་ལ། མི་མང་དང་གཞུང་གི་ཟམ་ཆེན་ཡིན་པར་ཐོས་མྱོང་བའི་སྐད་ཆ་དེར་ར་སྤྲོད་ཅིག་བྱེད་པ་འདྲ།
ང་གསར་ཁང་དེའི་གལ་ཆེ་བའི་ཁང་མིག་ཡོངས་སུ་སྣེ་ཤན་བྱས་ཏེ་མཐར་སྔར་གྱི་ཁང་བརྩེགས་འོག་མར་ལོག་ལ་ཉེ་བའི་བར་མཚམས་སུ། སྣེ་ཤན་དང་ལམ་སྟོན་བྱེད་མཁན་མྱི་ལྡིང་གིས་རྩེད་མཚར་གྱིས”བལྟས་ན་ལས་སླ་ཞིང་། ལས་ན་ཚེག་ཆེས་པ་ནི་གསར་འགྱུར་རེད”ཅེས་སྡོམ་དུ་འཀོད་བྱུང་། རྣོ་ངར་ལྡན་པའི་ཚིག་དེ་ནི་གསར་ཁང་འདིར་ངས་མཐོང་རྒྱ་དང་ཐོས་རྒྱ་བསགས་པའི་ཆེས་མཐའ་མའི་བསམ་བློའི་དཔལ་ཡོན་དང་སྡོམ་ཚིག་དུ་གྱུར་སོང་།
ཉིན་རྒྱབ་ཀྱི་ཆུ་ཚོད་གསུམ་པ། འཛམ་གླིང་དུ་སྐད་གྲགས་ཆེ་བའི་གསར་ཁང་སྦེ་སྦེ་(BBC)སྟེ། ཁང་བརྩེགས་ཤིག་གི་བར་མ་ཞིག་ཏུ་འདུག་པ་དང་། ཞོགས་པར་མིག་རྒྱ་ཆེ་དྲག་པས་མིན་ན། གསར་ཁང་འདིའི་ལས་ཁུངས་ཀྱི་གཞི་རྒྱ་དང་བཀོད་པ་ཆེ་རྒྱུ་དེ་འདྲ་མི་འདུག
འོན་ཀྱང་། ཨེ་ཤ་ཡའི་ལྷོ་ཕྱོགས་ཀྱི་འགན་འཛིན་ལྕམ་ནར་ཇ་ནར་ཞི་(Niraj Nirash)ལགས་ཀྱིས་ཁོང་ཚོའི་གསར་ཁང་གི་སྡེ་ཚན་རེར་སྣེ་ཤན་གྲུབ་མཚམས་སུ། རླུང་གློག་བརྙན་གསུམ་གྱི་གསར་འགོད་པ་ཉམས་མྱོང་ཅན་རྣམས་སུ་རེ་རེ་བཞིན་སྐད་བཏང་སྟེ། སོ་སོའི་ཉམས་མྱོངས་དང་གསར་འགྱུར་བསྡུ་ལེན་བྱེད་པ་སོགས་ཀྱི་གླེང་མོལ་དང་། དྲི་བ་དྲིས་ལན་གང་མང་བྱས་པའི་བརྒྱུད་རིམ་ཁྲོད་ནས། གསར་འགོད་པའི་འགན་འཁུར་སྟངས་དང་སྤྱི་ཚོགས་ཀྱི་ཁྲོད་དུ་དགོས་མཁོ་ཆེ་ཤོས་ཀྱི་དོན་རྩ་ཞིག་དམིགས་བཟུང་སྟེ། ༡༽གསར་འགྱུར་གྱི་སྒྲོམ་གཞི་བཟོ་བ། ༢༽དོན་རྐྱེན་གང་ཞིག་བྱུང་བའི་ཡུལ་དངོས་སུ་བཅའ་འདྲི་བྱེད་སྟངས། ༣༽གསར་འགྱུར་དྲ་རྒྱའི་བརྒྱུད་ལམ་ལ་འགོད་སྟངས་སོགས་ཀྱི་བློ་བསྐྱེད་འདིས་ང་ལ་གཅར་རྡུང་བྱེད་ཀྱིན་པ་དང་ངའི་མཚང་འབྱིན་པ་འདྲ་ལེ།
དཔེར་ན། གོང་གི་དོན་ཚན་གསུལ་ལས། དང་པོ་ནི། གསར་འགོད་པ་རྒན་པ་དེས་པ་ཀི་སི་ཐན་ནས་བུད་མེད་ཀྱི་གནས་སྟངས་སྐྱོ་བོ་ཡིན་པ་སོགས་ཀྱི་དོན་རྐྱེན་གཞིར་བཞག་གིས་བུད་མེད་ནུས་པ་ཅན་ལ་བཅར་འདྲི་བྱས་ཏེ། བརྙན་ཐུང་འདྲ་མིན་བཟོས་ཤིང་བརྒྱུད་ལམ་ཁག་དུ་བཀྲམས་པ་དང་པ་ཀིན་སི་ཐན་ལྟ་བུ་ལ་བཏང་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་སྟངས་ཀྱི་དཔེ་མཚོན་ལྟ་བུ། གཉིས་པ་ནི། དོན་རྐྱེན་གང་ཞིག་བྱུང་དུས་ཡུལ་དངོས་ཀྱི་མི་སྣར་”ཁྱོད་རང་གིས་ག་རེ་མཐོང་སོང་།”ཐོག་དང་པོའི་བཅར་འདྲིའི་འགོ་འཛུགས་སྐབས་ཀྱི་དྲི་བ་འདི་གལ་ཆེན་ཡིན་པ། གསུམ་པ་ནི། དོན་རྐྱེན་གང་རུང་སྐོར་གྱི་གསར་འགྱུར་རག་དུས། དེའི་སྐོར་གྱི་གསར་འགྱུར་བསྡུས་འདྲི་ཞིག ངོ་དེབ་སོག་སུ་བརྒྱུད་འགོད་བྱེད་པ་དང་། དེ་ནས་རིམ་བཞིན་ཁ་གསལ་རུ་བཏང་ནས་མཐར་མཐུས་ཚང་ཞིག་རླུང་གློག་བརྙན་གསུམ་གྱི་བརྒྱུད་ལམ་ལ་འཇོག་དགོས་པ་བཅས་རེད།
ང་རང་གསར་འགོད་བྱས་ཏེ་ལོ་གསུམ་ལ་བར་ཐག་ཧ་ཅང་གིས་ཉེ་བོར་བགྲོ་བའི་སྐབས་འདིར། ངས་གོང་གི་དོན་ཚན་གསུམ་ལས་གོང་འོག་ཉིས་ཆ་སྔ་མོ་ནས་ཡིད་ལ་དྲན་མྱོང་། ཡིན་ནའང་། ང་ལ་སྒྱིད་ལུག་ཆེ་བའམ། ཡང་ན་འགན་མ་འཁུར་བའི་རྣམ་འགྱུར་ཞིག་གིས་ལག་ལེན་བསྟར་མ་མྱོང་། དེ་ལས་དོན་ཚན་དང་པོའི་ལས་གཞི་ཞིག་ངས་མགོ་འཛུགས་ཙམ་བྱས་ཡོད་པས་ན། སེམས་ཀྱི་རྣམ་རྟོག་ཏུ་”སྒྱིད་ལུག་ཕག་མགོ་ཁྱོས། བྱ་བ་གཅིག་ནི་འགོ་འཛུགས་ཁུལ་བྱས་འདུག་གཱ”ཅེས་རང་གི་ཁོག་པའི་ནང་དུ་ཡིད་འཚིམས་པ་ལྟ་བུའི་ཁ་བརྡ་ཞིག་བྱས་ཤིང་དངན་པ་རིང་མོ་ཞིག་ཀྱང་ཞོར་དུ་ཤོར་སོང་།
དོན་ཚན་གཉིས་པ་དེ་ནི་ང་ལ་མཚོན་ན་གསར་དུ་གོ་བའི་ལག་ཆ་ཞིག་ཡིན་ཀྱང་། ནམ་རྒྱུན་བཅར་འདྲིའི་འགོ་འཛུགས་སུ་བསམ་བློ་འཁོར་བ་ཉུང་ཉུང་མིན། བཅར་འདྲིའི་དྲི་བ་འདི་ནི་ངའི་སྣང་བར་འགྲོ་བའི་ཅ་ལག་ཚོང་རྟགས་ཅན་ཞིག་ཏུ་གྱུར་སོང་། རྒྱུ་མཚན་དྲི་བ་འདི་ལས། ཆེས་མ་མཐའ་ཡང་གལ་ཆེ་བའི་དོན་དག་གཉིས་གསལ་སྟོན་བྱེད་དུ་འཇུག་ཐུབ། གཅིག དྲི་བ་དེ་བརྒྱུད་དེ་ཡུལ་དངོས་ཀྱི་རྣམ་པ་ཞིབ་འབྲི་བྱེད་ཐུབ་ལ། གཉིས། གནས་ཚུལ་དེས་སྤྱི་ཚོགས་སུ་བརྡབ་གསིག་ཅི་འདྲ་ཞིག་ཡོང་གི་ཡོད་མིན་སྟོན་ཐུབ། འདི་ལྟར་གསར་ཁང་འདིའི་སྒོ་ཁར་ལོག་དུས། ཆར་བ་ཆེན་པོ་ཞིག་གིས་ས་གཞིའི་ཁྱོན་ཡོངས་སུ་སྣུམ་ཤིག་ཤིག་དུ་བཏང་འདུག་ལ། བསིལ་རླུང་འཇམ་པོ་ཞིག་གིས་ཀྱང་འཆམ་པོ་བྱེད་ཅིང་། ཕྱིར་ལོག་མལ་དུ་ཁ་འཁོར་ཉི་མས་ནུབ་ཕྱོགས་ཀྱི་ས་མཚམས་ན་ཕྱིར་མིག་ལྟ་བཞིན་འདུག
བསྐོར་བསྐྱོད་དངོས་ཀྱི་ཉིན་གཉིས་པ།
དེ་རིང་ཡང་ནམ་མཁའ་སྔར་བཞིན་དྭངས་ཤིང་། ང་ཚོའི་འགྲུལ་བཞུད་ཀྱང་དུས་ལྟར་འགོ་འཛུགས་བྱས། ཞོགས་པའི་ཆུ་ཚོད་དགུ་བ་ཡོལ་ལ་ཉེ། རྒྱལ་ས་ལྡི་ལའི་ཚ་བ་ནི་ཁ་སང་གི་ཆར་བའི་སྟེངས་ཐོ་རེངས་ཀྱི་ཆར་བ་བབས་པས་བསིལ་རླུང་ཉུང་ཡང་མེ་ཐབ་ལྟ་བུའི་ས་གཞིའི་ཚ་དྲོད་ཡལ་འདུག
དུས་བཅད་ལྟར། གནའ་བོའི་བཟོ་བསྐྲུན་གྱི་རྣམ་པར་བཞེངས་པའི་ཁང་བརྩེགས་ཤིག་གི་སྐེ་ཚིག་དང་པོར་རུ་རྒྱ་གར་དུ་ཡོད་པའི་ཨེ་པེ་(AP)གསར་ཁང་གི་ཡན་ལག་ཏུ་འབྱོར་བྱུང་། ལས་ཁུངས་དེར་ལས་མི་༣༠་ལྷག་ཡོད་པར་བཤད་ཅིང་། ལས་མི་ནི་རྒྱ་གར་དང་ཕྱི་མི་གཉིས་ཀ་བསྲེས་སྦྱོར་བྱས་པ་ཞིག སྦིར་ན་ཐི་ཨར་མན་ཇོའུ་(Bernat Armangue)ནི་ཨེ་ཤ་ཡའི་ལྷོ་ཕྱོགས་ཀྱི་པར་རྒྱག་འགན་འཛིན་རེད། གཞོན་ཤ་དོད་པའི་སྐྱེས་ཕོ་འདིས་ལག་གཡས་པར་རག་དྲུག་གི་ཕྲེང་བ་ཞིག་གྱོན་འདུག་ལ། གུ་ཡངས་ཤ་ཚའི་རྣམ་འགྱུར་གྱིས་པར་དང་གསར་འགྱུར་བསྡུ་རུབ་སྐོར་གྱི་གླེང་མོལ་གང་མང་དང་། ལྷག་པར་དུ་ཁོ་ཚོའི་ལས་མི་ཚང་མས་གྲུང་རིག་རིག་གི་རྣམ་འགྱུར་དེས། གང་ཞིག་ཤེས་འདོད་ཀྱི་འདུན་པ་ང་ཚོའི་ཕྱོགས་སུ་ཧམ་གྱིས་ཕྱོགས་ཀྱིན་འདུག་ལ། པར་རྒྱག་དུས་ཡུལ་དངོས་དོན་རྐྱེན་བྱུང་བ་ཇི་བཞིན་དུ་པར་རུ་ཐེབས་སུ་འཇུག་པ་ནི་རྩ་དོན་གལ་ཆེན་ཞིག་ཏུ་བཟུང་ཡོད་པ་ནན་བརྗོད་བྱེད་ཀྱིན་འདུག
ཉིན་རྒྱབ་རེད། རྒྱ་གར་བང་ཆེན་གསར་ཁང་དུ་(Theindianexpress)འབྱོར། ཆེད་དུ་བཟོ་བསྐྲུན་བྱས་པའི་ཁང་བརྩེགས་ཀྱི་རྐས་རིམ་དེད་དེ། རྩོམ་སྒྲིག་པ་གལ་ཆེན་རྣམས་དང་མཉམ་དུ་ལབ་གླེང་བྱས། སྐབས་འདིར “ཚགས་པར་ཀློག་མཁན་ནི་རྒན་པ་རེད་ལ། དྲ་ཐོག་ཚགས་པར་ཀློག་མཁན་ནི་ན་གཞོན་ཡིན་པས། ང་ཚོས་ཚགས་པར་དྲ་ཐོག་ཏུ་གཏོང་བའི་ཐབས་ཤེས་འགྲོ་བཞིན་ཡོད་ཅེས་དང་། ཚགས་པར་གྱི་མདུན་རྒྱབ་གང་རུང་ལ་གསར་འགྱུར་གལ་ཆེའི་རིགས་འཇོག་དུས། མི་མང་ལ་འགན་ཁུར་ནས་མི་མང་གི་སེམས་སྐྱོ་བའི་གནས་ཚུལ་སྡུག་ཅག་གཅིག་ཐོག་མར་འཇོག་ན། དེའི་རྗེས་སུ་སེམས་དགའ་བའི་གཏམ་བཟང་ལྟ་བུའི་གནས་ཚུལ་ཞིག་བཞག་ན་མཛེས་པ་སོགས་”ལབ་སོང་། གསར་ཁང་འདིར་བོད་ཀྱི་གསར་འགོད་པ་ཕོ་མོ་གཉིས་འདུག ཕོ་མིང་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ལས་ཀ་བྱས་ནས་ལོ་༩ལྷག་སོང་ཡོད་ཅིང་། ཁོང་ནི་རྒྱ་གར་རྒྱལ་ཡོངས་ཀྱི་པར་ལེན་གསར་འགོད་པའི་བྱ་དགའ་དང་། རྒྱ་གར་སྲིད་འཛིན་གྱི་མིང་ཐོག་ནས་པར་གྱི་བྱ་དགའ་རག་མྱོང་ཞིང་། ད་ལྟ་གནས་དེ་རུ་གསར་འགོད་པ་དང་པར་བ་སོགས་ཀྱི་ཕྱག་ལས་གནང་གིན་འདུག
མོ་མིང་ཟླ་བ་སྒྲོལ་མས་ལས་ཀ་བྱས་ནས་ལོ་བརྒྱད་ལྷག མོ་ནི་རྩོམ་སྒྲིག་པའི་ལས་རོགས་རེད་འདུག
གསར་ཁང་འདིར་རྒྱ་གར་བང་ཆེན་ཚགས་ཤོག དཔལ་འབྱོར་ཚགས་ཤོག དྲ་རྒྱ་བཅས་ནི་ལས་གཞི་གཙོ་གྲས་ཡིན་པ་དང་། ཁོང་གཉིས་ཀྱིས་དམིགས་གསལ་གསར་ཁང་འདིའི་གོང་འོག་བར་གསུམ་ལ་རིམ་གྱིས་སྣེ་ཤན་དང་ངོ་སྤྲོད་བྱས་སོང་།
གསར་ཁང་འདིར་བསྐོར་བསྐྱོད་བྱས་ཚར་དུས་ཉི་མ་སྔར་བཞིན་ཕར་རོལ་དུ་འགྲོ་ལ་ཉེ་ཞིང་། བསྐོར་བསྐྱོད་ཀྱི་ཉི་མ་ཡང་རྫོགས་སོང་བ་རེད།
ཆེས་མཐར་མཇུག་ངའི་བློ་ཡུལ་དུ་སྐད་ཆ་ཞིག་བསྐྱར་ལོག་རྒྱག་པ་ནི། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཛམ་གླིང་ཡུལ་གྲུ་ཀུན་དུ། སྤྱི་ཚོགས་བརྒྱུད་ལམ་སྣ་ཚོགས་ཀྱིས་གསར་འགྱུར་བརྒྱུད་ལམ་དུ་གཏོར་བཤིག་ཚ་ནན་གཏོང་ཡོད་པ་རེད་ལ། གོང་གི་གསར་ཁང་བཞི་བོ་དེའི་སྐད་ཆའི་ནང་དུ་ཡང་། སྤྱི་ཚོགས་བརྒྱུད་ལམ་གྱིས་ཕོག་ཐུག་གཏོང་བའི་མནར་སྡུག་བར་མེད་བརྗོད་ཀྱིན་འདུག
མནར་སྡུག་དེ་དག་ཁྲོད་དུ། ང་ལ་སེམས་ཚབ་ཅི་ཡང་མི་འདུག རྒྱུ་མཚན་བརྒྱུད་ལམ་ཁྲོད་ཀྱི་གསར་འགྱུར་ལ་དབྱེ་ཞིབ་ཀྱི་རིན་ཐང་མེད་ལ། དཔེར་ན། ལོ་མ་ཞིག་གི་ཐོག་ལ་བབས་པའི་ཆུ་ཐིག་གཅིག་ནི། ལོ་མ་དེའི་སྲོག་ཐག་རྦད་དེ་སྐྱོབས་ཐུབ་པའི་སྲོག་བརྟེན་མིན་པ་བཞིན། སྤྱི་ཚོགས་བརྒྱུད་ལམ་རྣམས་སུ་འགན་མ་ཁུར་བའི་གནས་ཚུལ་བཀོད་པ་ནི། ཕུ་དེད་ན་གནས་ཚུལ་ཁ་མ་ཚང་བའི་ཆ་ཧ་ཅང་གིས་ཆེ་བས་ན། ནམ་ཞིག་སྤྱི་ཚོགས་བརྒྱུད་ལམ་དག་ནི་རིན་ཐང་མེད་པའི་སྐོར་མཐའི་རྒན་རྒོན་རྣམས་ཀྱི་སྐད་ཆ་ལྟ་བུ་དང་། གསར་འགྱུར་བརྒྱུད་ལམ་ཁག་ནི་ཆ་འཇོག་བྱེད་སའི་དུས་ཤིག་ཡོང་བར་ཡིད་ཆེས་ཡོད།
ལས་གཞི་དང་འབྲེལ་བའི་བསྐོར་བསྐྱོད་མཇུག་བསྒྲིལ་སོང་། སེམས་ཀྱི་རྒྱག་ཕྱེ་ལ་བབས་པའི་གླེང་མོལ་གང་མང་ཞིག་ནི། ངས་ནམ་ཡང་སེམས་སུ་དྲན་ཤེས་རྟེན་དགོས་པའི་གནད་དུ་བཟུང་ཡོད།
༢༠༡༦ ཟླ་༠༥ཚེས་༢༦ཉིན་བྲིས་ཚར།