ཧི་མ་ལ་ཡཱའི་འཕྲུལ་སྨྱུག
ཐུབ་བསྟན་སྐྱོང་ལ་ཐུབ་དབང་གཉིས་པ་རྩོད་མེད་ཟླ་བྲལ་འབྲི་གུང་པས།།
ཐུབ་བསྟན་གླིང་འདིར་སྤེལ་བའི་འཁོར་སློབ་འབུམ་ཕྲག་བྱེ་བའི་ཚོཌ་པ་བསྐྱངས།།
ཐུབ་བསྟན་ཆོས་ཕུང་བརྒྱད་ཁྲིའི་སྙིང་བཅུད་དགོངས་པ་གཅིག་ཏུ་སྡོམ་མཁས་པ།།
ཐུབ་བསྟན་འཛིན་སྐྱོང་སྤེལ་ལ་མངའ་བརྙེས་འཇིག་རྟེན་གསུམ་གྱི་མགོན་པོར་འདུད།།
དེ་ཡང་ཡེ་ཤེས་ཡོངས་སུ་རྒྱས་པའི་མདོ་ལས། བྱང་ཕྱོགས་ཁ་བ་ཅན་གྱི་རི་རྒྱུད་དུ། །རིན་ཆེན་དཔལ་ཞེས་བྱ་བ་འབྱུང་གྱུར་ཏེ། །མི་མཆོག་དེ་ནི་འཇིག་རྟེན་ཁམས་སུ་གྲགས། །ང་ཡི་བསྟན་ལ་བྱ་བ་བྱེད་པར་འགྱུར། །ཞེས་པ་ལྟར། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་ཆོས་རྗེ་ནི། འཁྲུངས་ཡུལ་འདན་མ། གདུང་རུས་སྐྱུ་ར། ཡབ་རྣལ་འབྱོར་པ་རྡོ་རྗེ། ཡུམ་རཀྵི་བཙུན་མའི་སྲས་སུ། སྤྱི་ལོ་༡༡༤༣་ཆུ་མོ་ཕག་གི་ལོ་ལ་སྐུ་བལྟམས། སྤྱི་ལོ་༡༡༦༧་སྐུ་ན་གཞོན་ནུའི་དུས་ནས་འགྲོ་མགོན་རིན་པོ་ཆེའི་དྲུང་དུ་བྱོན། མཚན་རིན་ཆེན་དཔལ་དུ་བཏགས་སོ། །
སྤྱི་ལོ་༡༡༧༠་ལོར་འགྲོ་མགོན་རིན་པོ་ཆེ་གཤེགས་ནས། ཨེ་ཆུང་བུ་ལུང་གི་བང་མོ་ཕུག་དགོན་དུ་བཞུགས། རྫོང་སྲིན་པོ་མགོ་དགུའི་རི་རྩེ་ལ་རྗེ་བཙུན་མ་སྒྲོལ་མ་ཞལ་གཟིགས་ནས། སྐྱབས་བདུན་མའི་བསྟོད་པའང་དེ་དུས་མཛད། ཕྱག་རྡོར་ཞལ་གཟིགས། བཅུ་ཆོས། སུམ་ཆོས་ཀྱི་ཟབ་ཆོས་ཐུགས་ལ་འཁྲུངས། དེ་ལ་གནད་དུ་སྣུན་པས། ཀླུའི་དུག་གི་སྙུན་ནད་ལས་གྲོལ་ནས། འགྲོ་བ་གཞན་པ་གདོན་གྱིས་ཟིན་པ་བརྒྱ་ཕྲག་མང་པོ་ལའང་ཕན་པར་མཛད་ཅིང༌། གནས་དེ་ཉིད་དུ་ཐུགས་དམ་གྱི་རྟོགས་པ་མཐར་སོན་པར་གྱུར་ཏོ། །
དགུང་ལོ་སུམ་ཅུ་སོ་ལྔ་པ་སྤྱི་ལོ་ ༡༡༧༧ ལོར་ཞང་སུམ་ཐོག་པས་མཁན་པོ་དང༌། ལས་སློབ་བླ་མ་ཙི་ལུང་པ། གསང་སྟེ་སྟོན་པ་བླ་མ་གཉལ་པ་འདུལ་འཛིན་རྣམས་ལ་བསླབ་པ་ཆིག་རྫོགས་སུ་མཛད་དོ། །དེ་ནས་གདན་ས་དཔལ་གྱི་ཕག་མོ་གྲུའི་སེང་གེའི་ཁྲི་ལ་ལོ་གསུམ་བཞུགས། དེའི་རྗེས་འགྲོ་མགོན་རིན་པོ་ཆེའི་ལུང་བསྟན་གྱིས་སྤྱི་ལོ་༡༡༧༩་ལོར་འབྲི་ཁུང་སེ་བའི་གླིང་དགོན་དུ་བྱོན། གདུལ་བྱ་ཕྲིན་ལས་བསམ་གྱིས་མི་ཁྱབ་ཅིང༌། འཁོར་སློབ་ཚོགས་པ་འབུམ་ཕྲག་མང་པོ་འདུས་པར་གྲགས་ལ།
གཞན་ཡང༌། ཨུ་རྒྱན་དང༌། སིང་ག་གླིང༌། ཏི་སེ། ལ་ཕྱི། ཙ་རི། མི་ཉག རྒྱ་ཁྱི་ཐན་ལ་སོགས་པ་རྣམས་ནའང༌། བུ་སློབས་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་དུ་འཕགས་པའི་གྲུབ་རྟགས་ཀྱང༌། བྱམས་པ། མི་འཁྲུགས་པ། ཚེ་དཔག་མེད། མར་པ། མི་ལ་ལ་སོགས་མཇལ་བ་དང༌། རྗེ་བཙུན་ནཱ་རོ་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རང་གི་སྐུ་ལུས་ཡི་དམ་གྱི་ལྷར་མཐོང་བ་དང༌། གར་ལོག་གི་དམག་རྒྱ་གར་དུ་བྱུང་བས་སྤྲུལ་པས་ཞི་བར་མཛད་པ་དང༌། མི་ཉག་རྒྱལ་པོས་གསོལ་བ་བཏབ་པས། རྒྱལ་ཁམས་བདེ་བ་དང༌། ཉི་མ་སྟོད་ལ་གནོན། ལྷ་ཀླུ་མང་པོས་མཆོད་པ་ཕུལ། གཡུ་མཚོར་བཀྲ་ཤིས་སྒོ་མང་ཞལ་གཟིགས་པ་དང༌། སིང་ག་གླིང་གི་དགྲ་བཅོམ་པས། མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པར་ལུང་བསྟན་པས་མེ་ཏོག་གི་སྐྱེས་དང་བཅས་པ་པཎ་ཆེན་ཤཱཀྱ་ཤྲཱི་ལ་བསྐུར་ཞིང༌།
ཡང་པཎ་ཆེན་གྱི་སློབ་མས་གཙང་གི་མཆོད་ཁང་དུ། འབྲི་ཁུང་པའི་ཁམས་པ་ཕུལ་ཐག་བྱས་ནས་སྣ་ཁྲག་བྱུང་བས། ཞག་བདུན་དུ་སྒྲོལ་མ་བཤགས་པའི་དཔང་པོར་འབྱོན་པ་མ་གནང༌། ཕྱི་མ་ལ་སྐུ་རྒྱབ་བསྟན་ནས། ཁྱོད་ཀྱི་སློབ་མས་ནཱ་ག་རྫུ་ནའི་སློབ་མའི་སྣ་ལ་ཁྲག་ཕྱུང་བའི་བཤགས་པ་གྱིས་ཤིག ཅེས་གསུངས་པ་སོགས། ཁྲོ་ཕུ་ལོ་ཙ་བའི་རྣམ་ཐར་ལས་འབྱུང་ཞིང༌། གཞན་ཡང༌། བསྟན་བཅོས་ཙིན་དྷ་མ་ཎི་རྒྱ་གར་དུ་ཕར་འགྱུར་བ་སོགས་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ།།
ཁྱད་པར་དུ་འཕགས་པའི་བུ་ཆེན་ཡང༌། རྗེ་སྤྱན་མངའ་རྣམ་གཉིས་དང༌། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་ལྷ་ནང་པ། མགར་ཆོས་སྡིངས་པ། དཔལ་ཆོས་ཡེ་ཤེས་སོགས་སློབ་ཚོགས་དཔག་ཏུ་མེད་པ་བསྐྱངས་ཏེ། མཐར་དགུང་གྲངས་བདུན་ཅུ་དོན་ལྔའི་སྐབས། ངེས་དོན་གྱི་ཆོས་ཀྱི་བཀའ་སྩལ་དཔག་ཏུ་མེད་པ་གསུངས་ནས། རྡོ་རྗེའི་སྐུའི་བཀོད་པ་བསྡུས་པའི་ཚུལ་སྟོན་པར་བཞེད་དེ། མེ་མོ་གླང་ལོའི་ ༡༢༡༧ ལོར་བདག་ཅག་གི་སྟོན་པ་མངོན་པར་བྱང་ཆུབ་པའི་ཟླ་བ་སྟེ། ཧོར་ཟླ་བཞི་པའི་ཚེས་ཉི་ཤུ་ལྔའི་ནམ་སྲོད་ལ། སྤྲུལ་སྐུའི་བཀོད་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ངོ་བོར་ཐིམ་པའི་ཚུལ་བསྟན་ནས་མི་ལོ་༧༩༩ ཧྲིལ་པོ་འཁོར་བཞིན་པའི་དུས་ཆེན་འདི། འབྲི་གུང་བཀའ་བརྒྱུད་པའི་དགོན་སྡེ་དང་ཆོས་ཚོགས་མཐའ་དག་ནས་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པ་བཅས་སོ།།
བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཉིད་དུ་གྱུར་པ་འབྲི་གུང་སྐྱོབ་པའི་འདས་མཆོད་ཡིན་ས་རེད་ལ། ཁོང་སྐུ་ཞི་བར་གཤེགས་ནས་ལོ་གྲངས་ཀྱང་མང་ཙམ་ཕྱིན་འདུག་ག།
ལོ་གཅིག་བསྒུག་ནས་ལོ་༨༠༠ དུས་ཆེན་བཏང་ན་ལེགས།