སྐྱོ་བྲག་དགའ་དབང་།
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས། ཡོངས་སུ་གྲགས་པ་ཕྱིའི་རྫོང་དྲུག་ནི། བྲག་དཀར་རྟ་སོ་དབུ་མ་རྫོང་། སྨིན་ཁྱུག་གྲིབ་མ་རྫོང་། ལིང་བ་བྲག་དམར་རྫོང་། རག་མ་བྱང་ཆུབ་རྫོང་། སྐྱང་ཕན་ནམ་མཁའ་རྫོང་། བྲག་སྐྱ་རྡོ་རྗེ་རྫོང་རྣམས་ཡིན་པ་ལས། རག་མ་བྱང་ཆུབ་རྫོང་དུ་རྗེ་བཙུན་མི་ལ་རས་པ་ལན་གཉིས་སུ་བྱོན་པའི་སྔ་རེས་ལ། མང་ཡུལ་གྱི་བསེའི་ལྷ་མོ་དང་། རི་བོ་དཔལ་འབར་གྱི་གཞི་བདག་རྣམས་ཀྱིས། མེ་སྦོར་བ་དང་། ཆུ་འཁྲུག་པ་དང་། རི་བསྙིལ་བ་དང་། ས་གཡོ་བ་དང་། མཚོན་བསྣུན་པ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་། ཁྱད་པར་སྒྲུབ་ཕུག་བཤིག་པ་ལ་སོགས་པ་དང་། མི་སྙན་པ་སྣ་ཚོགས་བརྗོད་དུ་བྱུང་བ་ལ། ཐུགས་ཆོས་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས་དམ་ལ་བཏགས།
ཕྱི་རེས་ལ། རང་ལོ་བཅུ་དྲུག་ཏུ་སོན་པ། ཕྱུགས་རྫི་དགེ་བསྙེན་སངས་རྒྱས་སྐྱབས་བྱ་བ་ཞིག་དད་དེ་རྗེས་སུ་འབྲངས་པ་ལ། དབང་དང་གདམས་པ་རྣམས་རྫོགས་པར་གནང་བ་བསྒོམས་པས། ཉམས་རྟོགས་མཐར་ཕྱིན་པའི་ཐུགས་ཀྱི་སྲས་རག་མའི་རས་པ་སངས་རྒྱས་སྐྱབས་བྱ་བ་བྱུང་བ་ཡིན།
རི་བོ་དཔལ་འབར་གྱི་འདབས་རག་མ་བྱང་ཆུབ་རྫོང་གི་བཀོད་པ་རྣམས་རྗེ་བཙུན་མི་ལ་རས་པས་མགུར་དབྱངས་སུ་གྱེར་གནང་བ་ནི།
བྱང་ཆུབ་རྫོང་གི་དབེན་གནས་འདི། །ཕུ་ན་ལྷ་བཙན་གངས་དཀར་མཐོ། །མདའ་ན་ཡོན་བདག་དད་ལྡན་མང་། །རྒྱབ་རི་དར་དཀར་ཡོལ་བས་བཅད། །མདུན་ན་དགོས་འདོད་ནགས་ཚལ་སྤུངས། །སྤང་གཤོང་ནེའུ་གསིང་ཆེ་ལ་ཡངས། །དྲི་ལྡན་ཡིད་འོང་པདྨ་ལ། །རྐང་དྲུག་ལྡན་པའི་དར་དིར་ཅན། །རྫིང་བུ་ལྟེང་ཀ་ཆུ་ངོགས་ལ། །ཆུ་བྱ་མགྲིན་པ་སྐྱོགས་ནས་བལྟ། །ལྗོན་ཤིང་རྒྱས་པའི་ཡལ་ག་ལ། །མཛེས་པའི་བྱ་ཚོགས་སྐད་སྙན་བསྒྱུར། །དྲི་བཞོན་བསེར་བུས་བཏབ་པ་ལ། །རྐང་འཐུང་ཡལ་གས་གར་སྟབས་བྱེད། །མཐོ་ཞིང་གསལ་བའི་ལྗོན་ཤིང་རྩེར། །སྤྲ་སྤྲེའི་ཡང་རྩལ་སྣ་ཚོགས་བྱེད། །སྔོ་འཇམ་ཡངས་པའི་གསིང་མ་ལ། །རྐང་བཞི་དུད་འགྲོ་ཟས་ལ་བཀྲམ། །དེ་དག་སྐྱོང་བྱེད་ཕྱུགས་རྫི་རྣམས། །གླུ་དང་གླིང་བུའི་སྐད་སྙན་བསྒྱུར། །འཇིག་རྟེན་སྲེད་པའི་ཁོལ་པོ་རྣམས། །ཟང་ཟིང་ལས་བྱེད་ས་གཞི་ཁེབས། །དེ་ལ་ལྟ་བའི་རྣལ་འབྱོར་ང་། །ཀུན་གསལ་རིན་ཆེན་བྲག་སྟེང་ན། །སྣང་བ་མི་རྟག་དཔེ་རུ་འདྲེན། །འདོད་ཡོན་མིག་ཡོར་ཆུ་རུ་སྒོམ། །ཚེ་འདི་རྨི་ལམ་སྒྱུ་མར་ལྟ། །མ་རྟོགས་པ་ལ་སྙིང་རྗེ་སྒོམ། །ནམ་མཁའ་སྟོང་པ་ཟས་སུ་ཟ། །ཡེངས་པ་མེད་པའི་བསམ་གཏན་སྒོམ། །སྣ་ཚོགས་ཉམས་ལ་ཅི་ཡང་འཆར། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་པ་འདི་རེད།
རྗེ་བཙུན་མི་ལ་རས་པ་མཆོག་གིས། ཁོང་གི་སྒྲུབ་གནས་རྣམས་སུ་སྒོམ་པ་བྱུང་ན་དབེན་ལ་མཐུན་རྐྱེན་འཛོམ་པ་ཡང་ཡོད་ཅིང་། བརྒྱུད་པའི་བྱིན་རླབས་འཇུག་པ་ཡིན་པས་སྒོམས་ཤིག ཅེས་བསྩལ་ནའང་། སྒྲུབ་གནས་འདི་དུས་ཕྱིས་བལ་བོད་གཉིས་ཀྱི་སོ་མཚམས་སྐྱིད་གྲོང་རྫོང་གི་མངའ་ཁོངས་སུ་སོང་བས་རྒྱ་ནག་གཞུང་གིས་སུ་ཡང་མངགས་གཏོང་བྱེད་ཀྱི་མེད་ནའང་། དིང་སང་གནས་མཇལ་བ་འགའ་རེ་སོང་བའི་པར་དང་ལོ་རྒྱུས་དྲ་ངོས་རྣམས་སུ་མངོན་ཡོང་གི་གདའ་བས་ན། ལས་དང་སྐལ་བ་ལྡན་པའི་གང་ཟག་དག་ག་ལེར་འགྲོ་སྐྱོད་ཐུབ་པའི་རེ་བ་འདུག་གོ། །