ཨ་ནུ་ཐང་བསོད་ནམས།
རིག་གཞུང་འཇིག་པའི་རྒྱུ་མཚན་དང་དེའི་རྒྱབ་ལྗོངས་ནི། ས་འགུལ་དང་ནད་ཡམས། སྐད་ཡིག་དེ་སྤྱོད་མཁན་གྱི་མང་ཚོགས་ལ་སློབ་སྦྱོང་མེད་པ་གསུམ་ཡིན་ཚུལ་བགྲང་འདུག་པ་ལས། ཡུལ་དེའི་སྤྱོད་ཡུལ་གྱི་ཆོས་ལུགས་ལ་དགག་པ་བརྒྱབས་པས་ཡིན་ཚུལ་འོག་གི་དབྱིན་རྩོམ་དེ་ལས་ཟུར་ཙམ་བཀོད་མི་འདུག་པ་མ་ཟད། ཆེ་ཁི་ལྟ་བུ་ཡིན་ཡང་ཁོ་ཚོ་འཇར་མན་གྱི་སྐད་ཡིག་བེད་སྤྱོད་མཁན་ཨོ་སི་ཁྲི་རི་ཡའི་འོག་ནས་ལོ་བཞི་བརྒྱ་ཙམ་ལ་ལྷག་ཁར། དུས་རབས་བཅུ་བཞི་བའི་ནང་ནས་འགོ་བཙུགས་ཏེ་ཡ་ནཱ་ཧོས་སི་་གཙོ་བོ་གྱུར་བའི་ཆེ་ཁིའི་ཤེས་ཡོན་ཅན་མང་པོས་ཁོང་ཚོའི་དད་པ་བྱེད་ཡུལ་གྱི་ཡི་ཤུ་ཚོས་ལུགས་ལ་དགག་པ་བརྒྱབས་ཤིང་། བརྒྱབས་མཁན་མང་པོ་བྱུང་བ་མ་ཟད། ད་ལྟ་ཆེ་ཁི་བ་ ༨༥% ཙམ་དད་པ་མེད་མཁན་དུ་ཆགས་ཡོད་ཀྱང་། ཁོ་ཚོའི་སྐད་ཡིག་སྲ་བརྟན་དུ་སྲུང་ཐུབ་ཡོད། ཐུབ་དགོས་དོན་ཡང་ཡུལ་དེའི་མི་མང་རྣམས་སློབ་སྦྱོང་ཅན་དུ་བསྒྱུར་ཁར། ཁོ་ཚོའི་སྐད་ཡིག་དེའང་དེང་རབས་ཅན་དུ་བསྒྱུར་ཐུབ་པས་རེད། དེར་བརྟེན། ཆོས་ལུགས་ལ་དགག་པ་བརྒྱབས་པ་དེས་མི་རིགས་དང་། སྐད་ཡིག་འཇིག་པའི་རྒྱུ་བྱེད་ཚུལ་ནི་བོད་ཀྱི་ཆོས་ཞེན་པ་ཚོས་རང་བཟོ་བྱས་པ་ཞིག་ཏུ་དོགས། ཡིན་ཏེ། ཆོས་ལུགས་ལ་ཐུག་སྐབས་ཁོ་ཚོས་ཅི་ཞིག་བྱེད་དགོས་ཀྱང་འཛེམ་དོགས་མེད་པས་ཡིན།
ཡ་ནཱ་ཧོས་སི་ཡིས་ཆེ་ཁིའི་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་ཆེད་དང་། ཆེ་ཁིའི་ཡི་ཤུའི་ཆོས་ལུགས་ཀྱི་རུལ་སུངས་རྩ་རྫོགས་བྱེད་ཆེད་དུ་དགག་པ་བརྒྱབས་པས། ཡུལ་དེའི་རྟག་མཐའ་ཆེ་བའི་ཡི་ཤུའི་ཆོས་དད་པ་ཚོས་ཁོ་ ༡༤༡༥ ལོ་མེ་བསྲེགས་བཏང་བས། ཆེ་ཁི་བ་རྣམས་ཀྱིས་ཁོ་རྗེས་དྲན་གྱི་ཆེད་དུ་ཁོའི་སྐུ་འདྲ་ཆེན་པོ་ཞིག་དེང་སྐབས་རྒྱལ་ས་ཕ་རལ་རྒིའི་དཀྱིལ་དུ་བཞེངས་ཤིང་། ད་ལྟ་ལོ་རེ་བཞིན་ཁོ་གྲོངས་ཉིན་ལ་ཆེ་ཁི་རྒྱལ་ཡོངས་ཀྱིས་གུང་སེང་གཏོང་བ་མ་ཟད། ཁོ་ནི་ཡུལ་དེའི་སྐད་ཡིག་དེང་རབས་ཅན་བསྒྱུར་མཁན་གྱི་དེད་དཔོན་དང་། ཡི་ཤུའི་ཆོས་ལུགས་ཀྱི་རུལ་སུངས་དག་ཐེར་བཏང་བར་རྗེས་དྲན་བྱེད་ཀྱིན་ཡོད།
འཛམ་གླིང་ལ་སྐད་ཡིག་ ༦༧༠༠ ཙམ་ཡོད་ཅིང་དེ་དག་ལས་ ༢༥༠༠ ཙམ་འཇིག་ཉེན་དུ་ཐུག་ཡོད། ཐུག་དགོས་དོན་ཡང་གོང་གི་གནད་དོན་གསུམ་དང་འབྲེལ་ཁར། བཙན་འཛུལ་བས་དེང་རབས་བེད་སྤྱོད་ལོག་པ་བཏང་ནས། དེང་རབས་ཀྱི་ཚད་གཞི་མ་འདང་བའི་སྐད་ཡིག་ལ་བཙན་འཛུལ་བྱེད་ཅིང་། སྐབས་དེར་དེང་རྗེས་མ་ཆོད་པའི་མི་རིགས་དེ་ལ་སློབ་སྦྱོང་གི་ཚད་གཞི་མེད་ཚེ། རང་སྐད་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཚབ་ཏུ་རང་སྐད་དོར་ནས་གཞན་སྐད་ཀྱི་ཐོག་ནས། དེང་རབས་ཅན་དུ་བསྐྱོད་རྒྱུ་གཅིག་རྗེས་གཉིས་མཐུད་ཀྱིས་འགྲན་བསྡུར་བྱེད་པས། མི་རིགས་དེ་དང་རིག་གཞུང་དེ། ལྷག་པར་དུ་དེའི་སྐད་ཡིག་དེ་འཇའ་ལྟར་ཡལ་རྒྱུའི་རྒྱུ་རྐྱེན་བྱེད་ངེས་རེད།
སྐད་ཡིག་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པ་རྒྱུན་རིང་འགོར་ཞིང་ལྷག་པ་ཡིན་ན། ཡུལ་དེའི་མི་མང་ཤོས་རང་སྐད་མེད་པ་སྐད་ཡིག་གཞན་གྱི་ཐོག་ནས་དེང་རབས་ཀྱི་ལམ་དུ་བསྐྱོད་ཚར་ཕྱིན། རྒྱལ་ཁབ་ཡོད་ཀྱང་དེ་ཙམ་ཕན་མི་ཐོགས་པ་རྒྱ་གར་བས་ད་ལྟ་དེང་རབས་དབྱིན་ཡིག་གིི་ཐོག་ནས་སྦྱང་བ་དང་། ཁ་གཟའ་སི་ཐན་སོགས་ཀྱིས་དེང་རབས་ཀྱི་རིག་གནས་ཨུ་རི་སུའི་སྐད་ནས་སྦྱོང་བ་བཞིན་རེད། ལྷག་པར་དུ་ཨར་ལན་དྲི་ལྟ་བུ་ཡིན་ན། རང་བཙན་ཡོད་མེད་ལ་མ་ལྟོས་པར། ཨར་ལན་དྲིའི་སྐད་ཡིག་ནི་ཉེ་ཆར་འཛམ་གླིང་སྟེང་གི་འཇིག་ལ་ཉེ་བའི་སྐད་ཡིག་གི་གྲས་སུ་སླེབས་པ་མ་ཟད། བོད་སྐད་ལས་ཀྱང་རྡབ་མང་པོའི་ཧ་ཅང་གི་ཚབས་ཆེན་དུ་ཆགས་ཡོད།
ཆགས་དགོས་དོན་ཡང་ཡུལ་དེ་དབྱིན་ཇིའི་བཙན་འཛུལ་འོག་ཏུ་ཚུད་སྐབས་སུ་ཁོང་ཚོའི་མེས་པོའི་རྣམས་ཀྱིས་རང་སྐད་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པ། ཁོང་ཚོས་དེང་རབས་ཀྱི་ཤེས་ཡོན་མཐའ་དག་དབྱིན་སྐད་ཀྱི་ཐོག་ནས་སྦྱངས་པས་རེད། གལ་སྲིད་བོད་པ་རྣམས་ཀྱིས་ཀླད་རྙིང་མཁྲེགས་བཟུང་བྱས་ཤིང་། མུ་མཐུད་དུ་དེང་རབས་ལ་རྒོལ་ཁར། བོད་སྐད་དེ་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པ་ཡིན་ན། བོད་པ་དེང་རབས་འདོད་མཁན་ཚོས་ཨར་ལམ་དྲི་ལྟར་གཞན་གྱི་སྐད་ཡིག་གི་ཐོག་ནས་དེང་རབས་སྦྱོང་བས། མ་འོངས་པར་བོད་ཀྱི་སྐད་ཡིག་ཀྱང་ཨར་ལན་དྲིའི་རྗེས་སུ་འགྲོ་ངེས་རེད།
https://msmunatunagb.wikispaces.com/file/view/Cultural+Extinction.pdf
ཡ་ནཱ་ཧོས་སི་ཡི་ལོ་རྒྱུས་འདི་ནས་ལྟ་ཐུབ།
http://theplanetd.com/the-martyr-jan-hus-in-pragues-old-town-square/