ཤེས་རབ་བཟང་མོ།
༡༽ རིས་མེད་འགྲོ་ལ་བརྩེ་བའི་ཐུགས་སྟོབས་ཅན། །
གང་དུ་ལྟོས་མེད་བདག་ཉིད་ཁོ་ནས་ཀྱང་། །
ཕྱི་སྣོད་ཁོར་ཡུག་ནང་བཅུད་སེམས་ཅན་ཕྱིར། །
སྔར་མེད་བདེ་སྐྱིད་སྐྲུན་པའི་ཀརྨ་པ། །
༢༽ གང་གི་གསང་གསུམ་ཡོན་ཏན་བསམ་བརྗོད་ལས། །
རིང་དུ་འདས་ཀྱང་ཅུང་ཟད་བརྗོད་འདོད་པས། །
དད་ཅིང་མོས་པས་སྒོ་གསུམ་རབ་བཏུད་ནས། །
ཡི་གེའི་གཟུགས་སུ་བཀོད་ནས་མཆོད་པར་སྤྲོ། །
༣༽ འཛམ་གླིང་མཛེས་རྒྱན་རྒྱལ་མཆོག་ཀརྨ་པ། །
དགུང་གྲངས་བཅུ་ཕྲག་གསུམ་དང་ཉག་མ་གཅིག །
ཕེབས་པའི་སྐུ་ཡི་འཁྲུངས་སྐར་དུས་ཆེན་ལ། །
བཀྲ་ཤིས་འཚམས་འདྲིའི་མཆོད་སྤྲིན་འབུལ་བ་སྟེ། །
༤༽ ཁྱེད་སྐུ་འགྱུར་མེད་རི་རྒྱལ་ལྷུན་པོ་ལ། །
ཚུལ་ཁྲིམས་རྣམ་དག་གསེར་རིའི་ཕྲ་རྒྱན་གྱིས། །
ལེགས་པར་སྤྲས་ནས་རབ་བྱུང་སྡེ་རྣམས་ལ། །
དམ་ཆོས་འདུལ་བའི་ཁྲིམས་བཞིན་བསྟན་པ་མཚར། །
༥༽ ཁྱེད་གསུང་འགག་མེད་ཚངས་པའི་སྒྲ་དབྱངས་ལས། །
དམ་ཆོས་བདུད་རྩིའི་ཆར་ཆེན་དབབ་མཛད་དེ། །
འགྲོ་བའི་ཁམས་དབང་མོས་པ་ཐ་དད་དག །
རབ་ཏུ་སྨིན་པར་མཛད་པ་ཤིན་ཏུ་མཚར། །
༦༽ ཁྱེད་ཐུགས་གཡོ་མེད་ལྷ་ཡི་རྫིང་རིང་དུ། །
ལེགས་པར་མངའ་བའི་ཐུགས་བརྩེ་ཉི་འོད་ཀྱིས། །
འགྲོ་བའི་རྨོངས་པའི་མུན་སྟུག་མ་ལུས་པ། །
རབ་ཏུ་བསལ་བར་མཛད་པ་དེ་ཡང་མཚར། །
༧༽ ཁྱེད་ཀྱི་ཡོན་ཏན་ཟད་མེད་དལ་འབབ་མཛོད། །
རིས་མེད་ཤེས་ཡོན་ཆུ་ཕྲན་མ་ལུས་ཀུན། །
གོང་དུ་བཀུར་ཅིང་བཅོས་མིན་དད་གུས་ཀྱིས། །
ཆོག་མེད་བསྡུ་བར་སྤྲོ་བ་མཛད་པ་མཚར། །
༨༽ ཁྱེད་ཀྱི་མཛད་ཕྲིན་ཕྱོགས་མེད་ཉི་ཟླ་ཟུང་། །
འཛམ་གླིང་གོ་ལའི་སྣོད་བཅུད་ཐམས་ཅད་ལ། །
བདེ་སྐྱིད་རིམ་གྱིས་བསྐྲུན་ནས་གསལ་མཛད་པ། །
རྒྱལ་མཆོག་ཀརྨ་པ་ཡི་མཛད་ཕྲིན་མཚར། །
༩༽ དེ་ལྟར་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །
ཡོན་ཏན་ཁྱད་ཆོས་རྡུལ་ཙམ་བརྗོད་པ་ལ། །
རྣམ་དཀར་དགེ་བ་ཆུ་ཐིག་ཙམ་མཆིས་ན། །
དེ་མཐུས་རྒྱལ་མཆོག་ཀརྨ་པ་ཉིད་ཀྱི། །
༡༠༽ སྐུ་ཚེའི་རྒྱལ་མཚན་ཁྲི་ལོར་བརྟན་པ་དང་། །
འཛམ་གླིང་གོ་ལ་ཧྲིལ་པོར་ཞབས་བཅགས་ཏེ། །
གསང་གསུམ་ཡོན་ཏན་ཕྱོགས་མེད་ཁྱབ་པ་ཡིས། །
འགྲོ་ལ་བདེ་སྐྱིད་ལྡན་པ་ཉིད་གྱུར་ཅིག །