སྐྱོ་བྲག་དགའ་དབང་།
སྔོན་གྱི་ཡིག་རྙིང་རྣམས་སུ། སྐྱང་ཕན་ནམ་མཁའ་རྫོང་དང་། རྐྱང་འཕན་ནམ་མཁའ་རྫོང་། རྐྱང་ཕན་ནམ་མཁའ་རྫོང་། ཞེས་ཡིག་གཟུགས་མི་འདྲ་བ་འགའ་རེ་འབྲི་སྲོལ་འདུག་པ་གང་ལྟར་ཡང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ཡུན་དུ་བཞུགས་ཏེ། གྲོ་ཐང་གི་ཡོན་བདག་རྣམས་ལ་གདམས་པ་བསྟན་པས་སྒོམ་བཟང་པོ་རྒྱུད་ལ་སྐྱེས། གྲོ་ཐང་རྒྱལ་པོས། སྤྲེའུ་རི་བོང་ལ་ཞོན་པ། ཤོ་མའི་ཕུབ་གྱོན། སོག་མའི་མདའ་གཞུ་ཐོགས་པ་ཞིག་ཏུ་བྱས་ཏེ་གླགས་ལྟར་བྱུང་བ་ལ། རྗེ་བཙུན་གྱིས། ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་ཆོས་སྐུར་ངོ་འཕྲོད་པས། །འདྲེ་ཁྱོད་ཀྱིས་ཆོ་འཕྲུལ་ཅི་བསྟན་ཡང་། །རྣལ་འབྱོར་ང་ཡི་གད་མོའི་གནས། །ཞེས་གསུངས་པས། ཁོས་ཞབས་ཏོག་སྒྲུབ་པར་ཁས་བླངས་ཏེ་འཇའ་ཡལ་བ་བཞིན་སོང་།
ཞི་བྱེད་རས་པའི་མི་ལའི་རྣམ་ཐར་དུ། རྐྱང་འཕན་ནམ་མཁའ་རྫོང་ན་བཞུགས་དུས། ངམ་རྫོང་རས་པ་དང༌། རས་པ་ཞི་བ་འོད་ལ་སོགས་པ། བཅུ་ཙམ་གྱིས་རྣལ་འབྱོར་མའི་ཐང་སྐུ་དང༌། ཙ་ཀ་ལི་འདྲེས་པ་ཚན་ཅིག་བཞེངས་ནས། རབ་གནས་ཞུས་པས། མེ་ཏོག་འཐོར་དུས་སུ། མི་ལ་རྒས་ནས་མེ་ཏོག་འཐོར་མི་ནུས་པས། དགོས་ན་ལྷ་ཁྱོད་རང་ལོངས་གསུངས་པས། རས་གཞི་ལ་གོག་ལངས་ནས་བྱུང་བའི་དབུ་ཐོག་ཏུ་མེ་ཏོག་དོར་བ་དང་ཕར་ཐིམ་པས། ངོ་མཚར་ཆེ་ཞུས་པས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །མེ་ཏོག་གཟུགས་སྐུ་ཞེན་མེད་དག །ལེན་ཡང་དེ་ཉིད་ཡིན་སྙམ་མེད། །གསུངས་སོ། །ཞེས་གསལ་བ་བཞིན་ངོ་མཚར་བའི་མཛད་པས་གདུལ་བྱ་མང་པོ་ལ་ཕན་བཏགས་པའི་སྒྲུབ་གནས་ཤིག་ཡིན།
སྐྱང་ཕན་ནམ་མཁའ་རྫོང་གི་བཀོད་པ་རྣམས་རྗེ་བཙུན་མི་ལ་རས་པས་མགུར་དབྱངས་སུ་གྱེར་གནང་བ་ནི།
བླ་མ་རྗེ་ལ་གསོལ་བ་འདེབས། །གནས་འདིའི་ཡོན་ཏན་ཤེས་མ་ཤེས། །གནས་འདིའི་ཡོན་ཏན་མ་ཤེས་ན། །དབེན་གནས་སྐྱང་ཕན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་ཕོ་བྲང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་ཐིབས། །འོག་ན་གཙང་ཆབ་སྔོན་པོ་འབབ། །རྒྱབ་ན་བྲག་དམར་ནམ་མཁའི་དབྱིངས། །མདུན་ན་སྤང་པོ་མེ་ཏོག་བཀྲ། །ཟུར་ན་གཅན་གཟན་ངར་སྐད་འདོན། །ལོགས་ལ་བྱ་རྒྱལ་རྒོད་པོ་ལྡིང་། །མཁའ་ལ་སྦྲང་ཆར་ཟིམ་བུ་འབབ། །རྒྱུན་དུ་བུང་བས་གླུ་དབྱངས་ལེན། །ཤ་རྐྱང་མ་བུས་རྩེ་བྲོ་བརྡུང་། །སྤྲ་དང་སྤྲེའུས་ཡང་རྩལ་སྦྱོང་། །ཅོ་ག་མ་བུ་འགྱུར་སྐད་མང་། །ལྷ་བྱ་གོང་མོས་གླུ་དབྱངས་ལེན། །རྫ་ཆབ་སིལ་མས་སྙན་པ་བརྗོད། །དུས་ཀྱི་སྐད་རིགས་ཉམས་ཀྱི་གྲོགས། །གནས་འདིའི་ཡོན་ཏན་བསམ་མི་ཁྱབ། །ཉམས་དགའ་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་རུ་བཏོན་པ་ཡིན། །འདིར་འཚོགས་ཡོན་བདག་ཕོ་མོ་རྣམས། །མི་ང་ཕྱིར་འབྲོངས་ལ་ང་བཞིན་མཛོད། །ལས་སྡིག་པ་སྤོངས་ལ་དགེ་བ་སྒྲུབས། །ཞེས་པ་འདི་རེད།
རྗེས་ཀྱི་གནས་འཛིན་དང་ཆོས་བརྒྱུད་ལ་འགྱུར་བ་བྱུང་བའི་ཚུལ། དགའ་བཞི་བའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོར། གྲོ་ཐང་རང་གི་རྒྱབ་རིའི་ལྡེབས་སུ་རྗེ་བཙུན་ཆེན་པོའི་སྒྲུབ་གནས་རྐྱང་ཕན་ནམ་མཁའ་རྫོང་བྱ་བ། དབྱིབས་ལེགས་ས་འཛིན་གྱི་ལྷུན་པོར་མོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དྲ་བས་ཕྱོགས་ཀུན་ཁོར་ཡུག་ཏུ་བྲེས་པ། ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་པ་ལྟ་བུའི་ངོས་ལ་མདོག་མཛེས་དྲི་ཞིམ་མེ་ཏོག་གི་ཚོམ་བུས་བརྒྱན་པ། ལྗོན་ཤིང་དང་མེ་ཏོག་དེ་དག་གི་རྩེ་མོར་བུང་བ་གཞོན་ནུ་དང་། འདབ་ཆགས་སྤུ་སྡུག་སྣ་ཚོགས་ཀྱི་ལང་ཚོས་མཛེས་པ་རྣམས་ནས་གྲེ་འགྱུར་སྙན་པའི་གླུ་དབྱངས་ལེན་པ་དང་། དྭངས་བསིལ་རྙོག་པ་མེད་པའི་ཆུ་ཀླུང་གི་ཆབ་སྒྲ་ལྷུང་ལྷུང་དལ་གྱིས་འབབ་པ་སོགས་མཐོང་བ་ཙམ་གྱིས་དང་བ་འདྲེན་པ་ཞིག་ཐག་ཉེ་འབྲེལ་མཚུངས་སུ་མཇལ་རྒྱུ་འདུག་པར་ངོས་བསྐྱོད་བྱས་ཤིང་། གནས་དེ་ནི་དཔོན་པོ་མི་དབང་ཕོ་ལྷ་བའི་དུས་ནས་བཟུང་ལོ་ཤས་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་རིག་འཛིན་གཏེར་བདག་གླིང་པའི་སྐུའི་ཚ་མོ་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ནས་གནས་བདག་མཛད་དུས་བཞེངས་པར་གྲགས་པའི་གུ་རུ་མཚན་བརྒྱད་ཀྱི་གསེར་སྐུ་ཆེ་ལེགས་དང་། དེ་རྗེས་སྐྱབས་མགོན་ཡོངས་འཛིན་པཎྜི་ཏ་ཆེན་པོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ནས་ཞལ་འཛིན་མཛད་དུས་སྦྱོར་འཇགས་མཛད་སྐད་ཀྱི་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་ཡབ་སྲས་ཀྱི་སྣང་བརྙན་སོགས་ལི་མ་དང་། གསེར་ཟངས་ལས་གྲུབ་པའི་གསང་སྔགས་གསར་རྙིང་གི་བླ་སྐུ་དང་། སངས་རྒྱས་བྱང་སེམས་ཀྱི་སྐུ་སོགས་སྐུ་གསུང་ཐུགས་རྟེན་ཁག་མང་མཇལ་རྒྱུ་འདུག་གཤིས་མཆོད་འབུལ་གསེར་གསོལ་དང་། བསྟན་འགྲོར་དགེ་བའི་སྨོན་འདུན་བཅས་གང་ཤེས་བྱས་ཤིང་། གནས་འཛིན་བཙུན་མ་ཉི་ཤུ་སྐོར་འདུག་པར་འཁོས་དཔགས་མང་འགྱེད་ཀྱང་ཕུལ། ཞེས་བྲིས་གདའ།
དིང་སང་ནི་སྐུ་གསུང་ཐུགས་རྟེན་གང་ཡོད་པ་དག་ཀྱང་འཐོར་ཞིག་ཏུ་སོང་བས། གཟུངས་གཞུག་གི་ཤོག་འཁྱར་རྣམས་ཀྱིས་ཁང་རུལ་དང་བྲག་རྒྱུད། རྩིག་ཁུང་སོགས་གང་སར་ཁྱབ་སྟེ་མི་རྟག་སྒྱུ་མ་སྟོན་པའི་སློབ་དཔོན་དངོས་ཤིག་ཡོད་སྐད་འདུག་གོ །
སྐྱོ་བྲག་དགའ་དབང་ལེགས་ཀྱིས་རྗེ་མིད་ལ་རས་པའི་མགུར་མ་འགའ་བྲིས་པར་དགའ་བསུ། རྣམ་ཐར་གཞན་རྙིང་པ་ཞིག་ན། མིད་ལ་ཞེས་བྲིས་ཡོད་པ། ཕྱིས་རྗེས་འཇུག་ད་ཡིག་མེད་པར་སོང་ཏེ། མི་ལ་རས་པ་ཞེས་ཡོངས་གྲགས་སུ་གྱུར་པ་ཡིན་འདུག
སྐྱང་ཕན་ནམ་མཁའ་རྫོང་དང་། རྐྱང་འཕན་ནམ་མཁའ་རྫོང་། རྐྱང་ཕན་ནམ་མཁའ་རྫོང་། ཞེས་ཡིག་གཟུགས་མི་འདྲ་བ་འགའ་རེ་འབྲི་སྲོལ། བརྟག་ན་སེམས་ཅན་རྐྱང་ལ་ཕན་པས། རྐྱང་ཕན་ནམ་མཁའ་རྫོང་། ཞེས་པ་མ་ཡིན་ནམ།
སྐྱབས་མགོན་ཡོངས་འཛིན་པཎྜྀ་ཏ་ཆེན་པོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་བོད་ཡུལ་དུ་མཚན་སྙན་གྲགས་ཆགས་པ་ན། དད་འབུལ་ཆུས་ཟོས་སུ་མི་འགྱུར་ཆེད་དུ། རྒྱ་གར་སྐད་ནས་བོད་སྐད་དུ་བསྐྱུར་ཏོ་ཅོག་གི་དཔེ་ཆ་རྣམས་འབྲི་རུ་བཅུག་པར་མཛད། པོ་ཐི་སུམ་བརྒྱར་ལོངས་པ་སྐྱིད་གྲོང་དུ་གཞུགས་སུ་གསོལ་པ་ད་ལྟ་ཡོད་དམ་མེད་ཤེས་པར་འདོད། འདིའི་སྐོར་མཁྱེན་མཁན་ཡོད་ན། འབྲི་གྲོགས་མཛོད་ཞུ།
བཀའ་དྲིན་ཆེ་ཞུ། རྒྱང་རིང་ནས་སྒྲུབ་གནས་གཡས་གཡོན་གྱི་རི་བྲག་ནགས་ཚལ་སོགས་དབྱིབས་བཀོད་ཤོང་བར་བྱས་ནས་པར་ལེན་ཐུབ་ན་ཧ་ཅང་བཟང་།