ཨེ་མ་ཧོ།
༧འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་ལ་མཆོད་བསྟོད་ཡིད་བཞིན་ནོར་བུ་དཀར་པོ་ཞེས་བྱ་བ།།
ན་མོ་གུ་རུ་མཉྫུ་ཤྲྰི་ཡེ།།

༡༽
འཇམ་དཔལ་དཔའ་བོའི་མཁྱེན་རབ་ཡེ་ཤེས་ཀུན།།
ཀུན་འདུས་རྒྱལ་སྲས་སེམས་དཔའ་ངག་གི་དཔལ།།
མ་ལུས་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཅན།།
མཚུངས་མེད་ཡིད་བཞིན་ནོར་བུ་ཕྱག་གིས་བསྟོད།།
༢༽
རིས་མེད་བསྟན་པའི་བདག་པོ་ཡོངས་སུ་གྲགས།།
འགྲོ་ལ་བྱམས་བརྩེའི་ཐུགས་རྗེ་སྟོབས་བཅུའི་བདག།
གང་ལ་གང་འདུལ་སྟོན་པའི་སྤྲུལ་པའི་སྐུ།།
འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཕྱག་གིས་མཆོད།།
༣༽
དད་གུས་ཞིང་ས་བསྐྲུན་པའི་དག་པའི་སྐུ།།
དམ་ཆོས་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས།།
བདེ་སྐྱིད་ལེགས་ཚོགས་སྤེལ་བའི་ཐབས་མཁས་ཅན།།
སྙིགས་དུས་འགྲོ་བའི་མགོན་པོར་ཕྱག་རྒྱས་འདུད།།
༤༽
རྫུན་དང་གཡོ་སྒྱུའི་རྫུ་བག་ཁྱེད་ལ་དབེན།།
དམག་དང་ནོར་གྱིས་བརྫིག་ཆོས་ཁྱེད་ལ་དབེན།།
ཆོས་དང་ཆོལ་ཁའི་རྙོག་འཛིང་ཁྱེད་ལ་དབེན།།
བདེན་པའི་ཆོས་རྒྱལ་ཆེན་པོར་དད་ཕྱག་འཚལ།།
༥༽
མཁས་གྲུབ་ཕུལ་བྱུང་གནའ་དེང་རིག་པས་ཕྱུག།
ཕན་བདེས་སྣོད་བཅུད་དགེ་ལེགས་གསར་དུ་བསྐྲུན།།
སྔོན་བྱོན་རྒྱལ་བ་རྣམས་པས་མ་སྨིན་པར།།
ད་ལྟར་དམ་པས་འདྲེན་མཁས་ཁྱེད་ཉིད་རྒྱལ།།
༦༽
ཐོས་བསམ་སྒོམ་པས་བརྩོན་འགྲུས་རྟག་ཏུ་འཛིན།།
བསྙེན་སྒྲུབ་ཕྲིན་ལས་འཇུག་པ་རྒྱུན་དུ་སྐྱོང་།།
འཆད་རྩོད་རྩོད་པས་བསྟན་འགྲོའི་བློ་གྲོས་སྤེལ།།
དམ་པའི་ཚུལ་དགུའི་རྒྱན་པར་དུང་བས་བསྔགས།།
༧༽
འཇམ་མགོན་བླ་མའི་གསང་གསུམ་ཉི་ཟླའི་གཟུགས།།
འགྲོ་ཁམས་སྨག་ཆེན་བསལ་བའི་སྐྱབས་གནས་ཉིད།།
འཛམ་གླིང་མཛེས་པའི་རྒྱན་དུ་འཆར་བ་ལ།།
དད་ཅིང་གུས་པས་སྒོ་གསུམ་ཕྱག་རྒྱས་བསྟོད།།
༨༽
སྒྱུ་དཔུང་ལ་སྒྱུ་མའི་འཕྲུལ་འཁོར་བསྐོར།།
སྒྱུ་མའི་ཆོས་བཅུས་འགྲོ་ཁམས་འདྲེན་མཁས་ནས།།
སྒྱུ་འཕྲུལ་སྙིང་པོས་ཕྲིན་ལས་ས་གསུམ་ཁྱབ།།
ཡང་དག་སྤྲུལ་བའི་སྐུ་མཆོག་ཕྱག་རྒྱས་མོས།།
༩༽
མཚན་དཔེ་སྐུ་ཡི་ལང་ཚོ་བགྲེས་རྒུད་བྲལ།།
ཚངས་དབྱངས་ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་བྲལ།།
སྟོབས་བཅུའི་ཡོན་ཏན་མངའ་བའི་བཅོམ་ལྡན་འདས།།
ངེས་དོན་འཇམ་དབྱངས་མཁྱེན་བརྩེ་ཕྱག་རྒྱས་དད།།
༡༠༽
ངེས་དོན་འཇམ་དཔལ་དཔའ་བོའི་གསང་གསུམ་ལས།།
ནམ་ཡང་འཕོ་འགྱུར་བྲལ་བའི་རྒྱལ་བའི་སྲས།།
བསམ་བཞིན་སྲིད་པར་བཟུང་བའི་སྤྲུལ་པའི་སྐུ།།
གདུང་སྲས་ཡིད་བཞིན་ནོར་བུ་རྟག་ཏུ་གུས།།
༡༡༽
སྐུ་མཆོག་ཚེ་མཐའ་ཡས་པའི་ངོ་བོར་བཞུགས།།
གསུང་མཆོག་ཆོས་འཁོར་རྒྱ་མཚོའི་རང་བཞིན་གསལ།།
ཐུགས་མཆོག་མཚངས་མེད་ཀུན་གསལ་ཁྱོན་ལ་གདལ།།
ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་སྨྲོན་ཟླའི་དཀར་ཕྱོགས་དགའ་བ་དང་པོར་རྨི་ལམ་བཟང་པོའི་རྐྱེན་དང་དད་དམ་གཙང་མའི་དཔལ་ལྡན་ལྷ་མོས་སྐུལ་ངོར་༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྲིད་དམ་པའི་གསང་གསུམ་ལ་མི་ཕྱེད་པའི་དད་གུས་ཅན་ལས་སྨོན་རྟེན་འབྲེལ་བཟང་པོའོ་འཆར་སྣང་དག་གང་ཤར་དུ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་དུ་ཡོངས་གྲགས་མིང་ལ་མཁན་ཆེན་བླ་མ་རིན་པོ་ཆེའམ་དངོས་མིང་ལ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་མགོན་པོ་གང་བའི་གསང་གསུམ་ཕྲིན་ལས་རབ་འབྱམས་རྟག་བརྟན་མི་འགྱུར་གཡུང་དྲུང་གི་ངོ་བོར་འཚོ་བཞེས་སྨོན་གསོལ་བཅས་བགྱིས་པར་དགེའོ།། །།
གཞན་ལ་བསྟོད་བསྔགས་གནང་བ་ལེགས་ཀྱང་། རང་གིས་རང་ལ་མཚན་བསྟོད་ཆེན་པོ་བྱེད་པ་ནི་ལུགས་གཉིས་ཀའི་བཟང་སྤྱོད་དང་གཏན་ནས་མི་མཐུན་ཞིང་། དེ་འདྲའི་རང་སྣང་ཆེ་དྲགས་ན་ཡོངས་གྲགས་མིང་ལ་བླུན་རྒན་བླ་རྫུན་རིན་ཆུང་དང་། དངོས་མིང་ལ་ཟོག་པོ་རྡོ་རྗེར་འབོད་ངེས་པས་ཐུགས་གཟབ་མཛོད།
མཁན་ཆེན་བླ་མ་ཟེར་ན་མཁན་ཆེན་འཇིགས་ཕུན་གྱི་བླ་མ་འམ་བླ་མའི་ཡང་སྲིད་ཡིན་ཟེར་རམ། ་ང་ཚོའི་སྣང་བར་མཁན་ཆེན་ཟེར་ན་མང་ཆེ་བ་མཁན་འཇིགས་ཕུན་ཡིད་ལ་ཤར།