རྫ་ཚེ་རིང་བཀྲིས།
རྐང་པ་སྒྱུ་མའི་བྲོ་ལ་ཞེན་ནོ།།
སྟངས་སྟབས་རེ་རེ་གློག་བཞིན་འཁྱུག་གོ །
ནམ་མཁའི་གློག་མ་སྤྲིན་གྱི་གར་སྟབས།།
འཇིག་རྟེན་ནག་པོ་ཡོམ་ཡོམ་སྒུལ་ལོ།།
ལག་པ་གཡོ་བའི་འཕྲུལ་ལ་དད་དོ།།
སྤྲུག་གསིག་རྡེབ་སྐྱོད་མེ་ལྟར་འབར་རོ།།
དཀར་ཁུར་རེ་རེ་ཧར་གྱིས་ཕྱེས་ཏེ།།
སེམས་ཀྱི་བས་མཐའ་མེ་རུ་སྲེག་གོ །
འཇིངས་རྩ་གེལ་གེལ་མིག་ཀོང་ཀེམ་ཀེམ།།
སེམས་རྩ་ཁོལ་བོས་གླུ་གཞས་ཐོངས་ཤོག །
ཚོར་འདུའི་དཔལ་འབར་ཡོད་ཚད་སྒྲོན་ནས།།
མུན་པའི་ཡོལ་བ་འོད་ཀྱིས་ཕྱེས་ཤིག །
གོ་རིམ་འཆོལ་བའི་རྡོག་སྒྲ་དྲག་པོ།།
ལྡིག་སྒྲ་ཆོབ་སྒྲས་སེམས་རྩ་གཟིང་བ།།
བཀག་རྒྱ་ཡོད་ཚད་ལོགས་སུ་བསྐྲད་དེ།།
གནམ་སའི་གྱོན་པ་ཕྱི་ནང་བརྗེས་ཤིག །
མུན་པའི་གོ་ཆ་སྲ་ལ་བཙན་པ།།
འཇིག་རྟེན་མགོན་པོས་ཁྱོད་ལ་གནང་ཡིན།།
ངལ་དུབ་ཚིག་པའི་གསུར་དྲི་སྣོམ་བཞིན།།
དུར་ཁྲོད་འདི་ནས་ཡུན་དུ་འཚོ་རོགས།།
རྒྱ་མཚོ་ནམ་པོ་གཏིང་ནས་འཁྱོམ་མོ།།
རྩ་སྦུག་ཡོད་ཚད་གླུ་ཡིས་སྒུལ་ལོ།།
རོལ་ཆ་དཀྲོལ་བས་སེམས་པ་གཤགས་སོ།།
ཤིན་ཏུ་འཁྱོམས་པའི་རླབས་འདི་བརྗིད་དོ།།
(༢༠༡༦/༦/༡༠)