རྩོམ་པ་པོ། ཚེ་རིང་ཐར། (རྒྱང་མིག་གིས་འོས་སྦྱོར་བྱས།)
ཡོངས་གྲགས་ཀྱི་བོད་ཀྱི་ལོ་རྒྱུས་ལྟར་ན། བོད་ཡར་ལུང་རྒྱལ་བརྒྱུད་ཀྱི་རྒྱལ་བོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཞེད་དེ། རྒྱུ་མཚན་ནི། རྒྱལ་བོ་དེ་ནི་སངས་རྒྱས་འོད་སྲུངས་ཀྱི་སྤྲུལ་བ་ཡིན་པས། ཉིན་ཞིག་སྐུ་མཁར་ཡུམ་བུ་བླ་སྒང་ན་བཞུགས་པའི་སྐབས་སུ་གསེར་ཡིག་ཏུ་བྲིས་པའི་སྤང་ཀོང་ཕྱག་རྒྱ་བ་དང་སྟེན་འབྲེལ་གྱི་ཕྱག་རྒྱ། མདོ་སྡེ་ཟ་མ་ཏོག གཡུའི་མཆོད་རྟེན་བང་རིམ་བཞི་བ་ཅན་གཅིག་བཅས་མདུན་གྱི་ནམ་མཁའ་ནས་བབས་ཏེ་བོན་ཆོས་གང་ཡིན་ངོ་མ་ཤེས་པས་མཚན་ལ་གཉན་པོ་གསང་བར་གསོལ་ནས་དཀོར་མཛོད་དུ་བཅུག་སྟེ་གསེར་སྐྱེམས་སོགས་ཀྱིས་མཆོད་ཟེར། ལོ་རྒྱུས་ཀྱི་གཏམ་རྒྱུད་འདི་ལ་བཞེད་སྟངས་ཅུང་ཙམ་རེ་མི་འདྲ་མོད། ཕལ་ཆེར་ཞལ་མཐུན་དུ་བཞུགས་ཤིང་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་བཀོད་ཡོད་པས་འདིར་སོ་སོའི་ལུང་མི་འདྲེན་པར་བྱ། གཏམ་རྒྱུད་འདིས་བོད་ལ་ཐུབ་བསྟན་པའི་བསྟན་བཅོས་ཕེབས་པ་དང་ཐུབ་པའི་བསྟན་པ་བོད་དུ་དར་བའི་རྟེན་འབྲེལ་ཙམ་མཚོན་པ་མ་གཏོགས་བོད་དུ་དར་མགོ་བརྩམས་པའི་དུས་ངོ་མ་ནི་ཕྱིས་ཀྱི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ཡིན་པ་ཀུན་ནས་མཁྱེན་གསལ་ལྟར་རོ།
དེ་ལྟར་ན་ཡང༌། གོང་སྨྲས་ཐམས་ཅད་ཀྱི་གཞི་འཛིན་ས་ནི་བོད་ཀྱི་ཐུབ་བསྟན་པའི་ཆོས་འབྱུང་དང་དེ་མཚུངས་ཀྱི་ཡིག་ཆ་རྣམས་ཡིན་ལ། བོད་ཀྱི་གཤེན་བསྟན་པའི་ཡིག་ཆ་ལྟར་ན་བོད་དུ་ཐུབ་པའི་བསྟན་པ་ཐོག་མར་ཕེབས་པའི་དུས་ནི་གོང་སྨྲས་ལས་ཀྱང་ཤིན་ཏུ་སྔ་སྟེ་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་སྐབས་ཡིན། གནམ་གྱི་ཁྲི་བདུན་ཞེས་པའི་བོད་ཀྱི་ཐོག་མའི་རྒྱལ་བོ་རྣམས་ཀྱི་མཚན་ཐོའི་སྐོར་ལ་བོད་ཀྱི་ཡིག་ཆ་རྙིང་བར་མི་མཐུན་པ་ཤིན་ཏུ་མང་ལ། ལ་ལར་སྔ་གཞུག་གི་གོ་ལྡོག་ཀྱང་བརྗེས་འདུག་མོད། འདིར་བཤད་བོད་ལ་ཐུབ་པའི་བསྟན་པ་ཕེབས་མྱོང་བའི་དུས་ནི་ཕལ་ཆེར་གནམ་གྱི་ཁྲི་བཙན་པོ་དང་ལ་ལར་སེང་ཁྲི་བཙན་པོ་ཟེར་བ་དེ་ཡིན་དགོས(གནམ་གྱི་ཁྲི་བདུན་གྱི་མཚན་མི་མཐུན་པ་རྣམས་ཟུར་དུ་བཀོད་པའི་ལྷན་ཐབས་རེའུ་མིག་ཅན་དུ་གསལ)དེའི་རྒྱུ་མཚན་ནི། བོད་གྱི་བསྟན་འབྱུང་དང་ལོ་རྒྱུས་ཀྱི་ཡིག་ཆ་ཁ་ཤས་སུ་སེང་ཁྲིའི་སྐབས་སུ་ང་མིན་ཆོས་པོ་བྱ་བའི་རྒྱ་གར་བ་ཞིག་བོད་དུ་སླེབས་པའི་སྐོར་བཀོད་བ་དེའོ།
གཤམ་ནས་གཡུང་དྲུང་གླིང་གི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་(དུས་རབས་༡༩ – ༢༠)གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་བསྟན་པའི་དཀར་ཆག་རྨད་བྱུང་ནོར་བུའི་མགུལ་རྒྱན ① )(༡༩༤༥ལོ་བརྩམས་གྲུབ)ལྟར་བཀོད་ན། རྒྱལ་བོ་དེ་བདུན་ནི་སྤྱི་གཙུག་ཏུ་ཞོད་ཀྱི་དམུ་ཐག་སྐྱ་ན་རེ་ཡོད་པས་ལོ་བརྒྱ་རེ་ནས་སྲས་རྒྱལ་སར་བཀོད་དེ་དམུ་ཐག་རྒྱུད་ནས་མཁའ་སྤྱོད་དུ་གཤེགས་པས་གནམ་གྱི་ཁྲི་བདུན་ཞེས་བྱའོ། དུས་དེ་ཙམ་ན་བདུད་ང་མིན་ཆོས་པོ་ཞེས་བྱ་བ་དེ། སྟོན་པའི་དུས་དུ་འདུལ་བའི་དུས་ལ་མ་བབས་ནས་མཐའ་ཡི་མུན་པ་ཆེན་པོ་ལ་བཅུག་པ་དེ་ལས་དང་སྨོན་ལམ་ལོག་པའི་དབང་གིས་རྒྱ་གར་གྱི་མཐར་སླེབས་སྟེ་མི་ལྤགས་ཀྱི་གཡང་གཞི་གྱོན། རྡོ་རྗེ་དང་དྲིལ་བུ་ཐོགས་ནས་ཁ་ནས་ཆོས་བྱེད་ཟེར་ཞིང་མི་རྣམས་བསླུས་ཏེ་གཡུང་དྲུང་གི་བོན་ཟེར་བ་རྫུན་ཡིན།
དེས་ན་སེམས་ཅན་ཆོས་བྱེད་དགོས་པས་དུས་བཟང་དགུ་ལ་སངས་རྒྱས་བསྒྲུབས་པའི་ཐབས་ང་ལ་ཡོད་པས་སངས་རྒྱས་འདོད་ན་ང་ཡིན་དྲུང་དུ་ཤོག་ཟེར། ཁོ་ལ་གང་འདུན་པའི་སེམས་ཅན་ཐམས་ཅད་བསད་དེ་ཤ་ཟོས་པགས་རུས་གོས་རྒྱན་ཐམས་ཅད་རྐུན་དོང་དུ་བྲུབ། ཐམས་ཅད་ཕུང་བོ་ལྷག་མེད་དུ་སངས་རྒྱས་ཟེར། ལ་ལར་དུག་གི་མྱོས་ཆུ་བླུད་དེ་ཞག་འགར་བཞག་སྟེ་སྒྲུབ་པ་མ་བྱང་ཟེར། དེ་ནས་འབྱང་དུ་ཉེ་ཟེར་བསད་དེ་ཟོས། འོག་མིན་གྱི་དབྱིངས་སུ་སྟོན་པ་གཤེན་རབ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས་པའི་ཐུགས་སུ་བསྙུངས་ཏེ་རྩ་གསུམ་གྱི་གནས་ན་ལྷ་བུ་ཏམ་པ་ཏོག་དཀར་འདུག་པ་དེས་ཐུལ་བར་དགོངས་ཏེ་སྟོན་པས་ཏམ་པ་ཏོག་དཀར་གདན་དྲངས་ཏེ་བདུད་འདུལ་བའི་ལུང་ཕོག་ཅིང་གདམས་པ་བསྟན་ནས། ཐབས་ལ་མཁས་པས་བདུད་ཐུལ་ཅིག་བདག་གི་གཡུང་དྲུང་གི་བོན་ཕྱིན་ནང་གསང་བ་ཡང་གསང་གི་དོན་རྣམས་ཁྱོད་ཀྱིས་ས་གནས་དེ་རུ་དཀྲོལ་གྱིས་རབ་ཏུ་ཆོས་ཞེས་བྱ་བ་སྟོན་ཅིག་གསུངས་ནས། སྤྲུལ་པའི་སྐུ་དེ་ལ་མངལ་གྱི་དྲི་མས་མི་གོས་པར་མི་བརྗེད་པའི་གཟུངས་ཀྱི་དབང་བསྐུར། གསུང་གི་སྤྲུལ་བ་རུ་བྱིན་རླབས་ནས་བཏང་ངོ།
དེ་ནས་སྤྲུལ་བའི་སྐུ་དེ་སྟོན་པའི་བཀའ་བཞིན་རྒྱ་གར་ཝ་ར་ན་སི་རུ་རྒྱལ་པོ་ཤཱཀྱའི་རིགས་གཙང་མ་ཟས་དང༌། ཡུམ་དངོས་གྲུབ་ལྷ་བཞིན་མཛེས་གཉིས་ཀྱི་སྲས་སུ། རྒྱལ་བོ་དིང་ཁྲི་འཁྲུངས་ནས་ལོ་བདུན་སོང་བའི་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་འུ་བྷིའི་ཚལ་དུ་སྐུ་བལྟམས་ལས་དགེ་སྡིག་གི་དོན་གཏན་ལ་ཕབ། ཏོག་གཟུངས་ཆེན་པོའི་མདོ་གསུངས། སུ་ཏ་ར་སྙོམས་པའི་གྲུབ་པ་བསྙེས། ན་བཟའ་གཡང་བཞི(གཞི)སེར་པོ་བཞེས། རྡོར་དྲིལ་ཐོགས་ནས་ང་མིན་ཆོས་པོའི་དྲུང་དུ་ཕེབས་ནས་འདི་སྐད་གསུངས།
ཀྱེ་ཆོས་མཛད་སྟོན་པ་འགྲོ་བའི་མགོན། བདག་ཀྱང་ཉིད་ཀྱི་རྗེས་སུ་གཞོལ་བར་བགྱི། གསུངས་པས། ཁོ་དགའ་ནས་ཀྱེ་སྐྱེས་བུ་ཆེན་པོ་ཆོས་ལ་མོས་པ་ཤིན་ཏུ་ལེགས། ཁྱེད་ནི་ཞག་གསུམ་དྲོས་བཞི་ནས་ཕུང་བོ་ལྷག་མེད་མི་ལུས་པར་སངས་རྒྱས་པར་འགྱུར། བདུད་རྩི་ཨ་བ་དེའི་དངོས་གྲུབ་འདི་ལྕེ་ལ་བཞག་པ་ཙམ་གྱིས་མི་ཤིག་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། ཟེར་ནས་བདུད་ཀྱི་དུག་ཆང་ཁོང་དུ་བསྟིམ་མོ། རྒྱལ་བུས་དུག་ཉིད་བདུད་རྩིར་བསྒྱུར་ནས་མྱོས་པའི་ཚུལ་དུ་མི་ཤིག་གཡུང་དྲུང་གི་ཏིང་ངེ་འཛིན་ལ་བཞུགས་སོ། དེ་ནས་ཞག་གསུམ་དྲོས་བཞིའི་དུས་བདུད་དེས་རྒྱལ་བུ་ལ་སྤུ་གྲི་ཀ་མ་རེག་ཆོད་བྱ་བ་བཏབས་པས་མ་ཆོད་དོ། དེར་རྒྱལ་བུ་དེ་སེང་གེ་རྣམ་པར་བསྒྱིངས་(འགྱིངས)པའི་ཏིང་ངེ་འཛིན་ལ་བཞུགས་ནས་གསུངས་པ། ཞེ་སྡང་ནག་པོ་རུ་ཏྲ་བདུད་ཀྱི་བུ། ཁ་ནས་ཆོས་བྱེད་ཟེར་ཞིང་ལས་སུ་སྡིག་ཚོགས་བསགས། ཆོས་ཀྱིས་སངས་རྒྱས་ཟེར་ཞིང་འགྲོ་བའི་མི་ཤ་ཟོས། བཀའ་ལ་བཀུར་(བསྐུར)བ་འདེབས་ཤིང་ལོག་པ་སྣ་ཚོགས་བྱེད། ང་བཞིན་ཆོས་ལ་སྤྱོད་དམ་ད་ལྟ་བསྒྲལ་ལ་གཏོང༌། གསུངས་པས། བདུད་དེ་ཤིན་ཏུ་མི་སྡུག་པར་བྱས་ནས་སྨྲས་པ། རྒྱལ་བ་ཤཱཀྱའི་སྲས་པོ་སེང་གེའི་ལྟ་ལྟང་(སྟངས)ཅན། ཤཱཀྱའི་སེང་གེའི་ཆོས་ལ་མི་སྤྱོད་དོ། ད་ལྟ་ཉིད་དུ་བསྒྲལ་ལ་གཏོང་ཟེར་ཏེ། རྔམ་པའི་གཟུགས་སུ་སྤྲུལ་ནས་རྒྱལ་བུ་ཁྱུད་(ཁྱུར)མིད་བྱས་སོ།
རྒྱལ་བུ་དེ་བདུད་ཀྱི་ཁོག་པ་ན་དབལ་གྱི་ཁྲོ་བོ་ཆེན་པོ་གཡུང་དྲུང་གི་ཡན་ལག་ལ་རྡོ་རྗེའི་སྡེར་མོ་ཅན་ཁྱུང་གི་དབུ་བརྙན་ཉི་ཟླའི་སྤྱན་མིག་ཅན་རྟ་ཡི་ཐོར་གཙུག་ཡོད་པ་ཞིག་ཏུ་སྤྲུལ་ནས་བདུད་ཀྱི་ནང་ཁྲོལ་རབ་ཏུ་དཀྲུགས་ནས་རྩ་ལགས་(ལག)རྒྱངས་ཏེ་གླད་པ་ཚལ་བ་བཞི་རུ་བཀས་ནས་ཡར་ཐོན་ཏེ་ཁྱུང་སྐད་ལྷང་ལྷང་རྟ་རྒོད་ཙེར་ཙེར་རབ་ཏུ་བསྒྲགས་པས་བདུད་དེ་ཤིན་ཏུ་སྐྲག་གོ རྒྱལ་བུ་སྤྲུལ་བ་སླར་བསྡུས་ཏེ་ཀློད་པས་བདུད་ཀྱིས་སྐད་འབྱིན་ནུས་པར་གྱུར་ཏེ། རྔམ་གཏུམ་དྲག་པོ་ཤཱཀྱའི་རིགས། ང་ལ་དབལ་དུ་མ་རྔམ་ཞིག ཉིད་ཀྱི་རྗེས་སུ་བདག་གཞོལ་གྱིས། བཀའ་ལ་རབ་ཏུ་གདགས་སུ་གསོལ། ཞེས་ཞུས་ཏེ་སྲོག་ཕུལ་ལོ། དེར་རྒྱལ་བུ་བདུད་ཀྱི་ཁོག་ནས་ཕྱིར་ཐོན་ཏེ་གསུངས་པ། ང་མིན་ཆོས་པོ་བདུད་ཀྱི་བུ། ལོག་པའི་ཆོས་ཀྱིས་སངས་མི་རྒྱས། སངས་རྒྱས་ཟེར་གྱིན་སེམས་ཅད་ཟོས། སློབ་བུ་ཟོས་པས་དམྱལ་བར་བཏང༌། དེ་ལྟར་ངེས་སམ་མ་ངེས་པ། དེ་ལྟར་བརྒྱ་(རྒྱལ)ཁ་རྐུན་དོང་ནང་དུ་ལྟོས། ཞེས་གསུངས་ནས་བདུད་ཀྱི་རྐུན་དོང་སློག་པས་སྔར་སངས་རྒྱས་ཟེར་བའི་སེམས་ཅན་རྣམས་ཀྱི་གོས་རྒྱན་རུས་ལྤགས་རྣམས་ཐོན་བྱུང་བ་ལ་བདུད་ནི་རབ་ཏུ་སྐྱེངས་ཏེ་མི་རྣམས་ངེས་ཤེས་སྐྱེས་སོ།
དེར་བདུད་དེ་དད་པ་སྐྱེས་ནས་དགེ་བསྙེན་བྱས་ཏེ་ཐར་བ་གཞོན་ནུ་ཞེས་བཏགས་སོ། རྒྱལ་བུ་བུད་ཐུལ་ཤཱཀྱ་ཐུབ་པ་ཞེས་མཚན་གསོལ་ཏོ།ཞེས་གསུངས། དེ་མ་གཏོགས་ཁྱུང་བོ་བློ་གྲོས་རྒྱལ་མཚན② (དུས་རབས་བཅུ་བཞི་བ)གྱིས་བརྩམས་བའི་གླིང་གཞི་བསྟན་པའི་འབྱུང་ཁུངས་(བྲིས་མའི་ཤོག་ལྷེ་ཉེར་གཉིས་ནས་བཟུང་)ན་ཡང་ཞིབ་ཏུ་བཀོད་ཡོད། ལོ་རྒྱུས་ཀྱི་གཏམ་རྒྱུད་འདི་ལོ་ངོ་སྟོང་ཕྲག་གཉིས་ལྷག་བརྒྱུད་ནས་འགྱུར་བ་དང་སྤྲོས་པ་གང་མང་བྱུང་ཡོད་པ་མངོན་དུ་གསལ་ཞིང་བྱུང་ཡང་སྲིད་པ་ཞིག་ལགས་པས་དེའི་ཚིག་ཚོགས་ཡོངས་རྫོགས་ལ་ཡིད་རྟོན་དགོས་པའི་ངེས་པ་མེད་དེ། གླིང་གཞི་བསྟན་པའི་འབྱུང་ཁུངས་སོགས་ལོ་རྒྱུས་ཀྱི་ཡིག་ཆ་སྔ་མ་རྣམས་སུ་གཏམ་རྒྱུད་འདིའི་རྒྱུད་རིམ་ཅུང་ཟད་ཉུང་ཞིང་བསྡུས་པ་དེས་ཀྱང་ཕྱིས་སུ་སྤྲོས་པ་མང་པོ་བྱུང་ཡོད་པ་ཤེས་ཐུབ། ཡིན་ན་ཡང། དེ་ལ་ཐོག་མའི་ས་བོན་ཞིག་ཡོད་ཅིང་དེ་ཆོས་དང་འབྲེལ་ཤིན་ཏུ་ཆེ་བ་ལ་ཡིད་ཆེས་བྱས་ཆོག་སྙམ།
ཁོ་བོའི་འདོད་ཚུལ་ལྟར་ན། གནམ་གྱི་ཁྲི་བདུན་སྐབས་ཀྱི་དུས་མཇུག་ཏུ། ང་མིན་ཆོས་པོ་བྱ་བའི་ཆོས་པ་ཞིག་བོད་དུ་སླེབས་ཏེ་ཆོས་སྤེལ་བས་དད་ལྡན་པ་ཡང་གང་མང་བྱུང་མོད། དེ་དུས་བོན་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་བས་ཕྱིར་བསྐྲད་པ་དེ་ལོ་རྒྱུས་ཀྱི་དོན་དངོས་རེད་སྙམ། དེ་ཡིག་ཆ་གང་མང་ནངདུ་ཁོ་རང་གིས་ཆོས་པ་ཡིན་པམལབ་པ་དང་ལག་ཏུ་རྡོ་རྗེ་དང་དྲིལབུ་ཐོགས་པ་བཅས་ཀྱིས་ཤེས་ཐུབ་པ་དང༌། ཁོར་འདུད་པའི་སེམས་ཅན་གང་མང་བྱུང་བ་ཡང་ཡིག་ཆ་ཚང་མས་ཞལ་མཐུན་དུ་གསུངས་པས་སོ། དེ་མ་ཟད། དེས་བོན་གྱིས་སངས་རྒྱས་ཟེར་བ་བསླུ་བྲིད་ཡིན་ཟེར་བས་དེ་བོན་མ་ཡིན་པའི་བསམ་བློའི་གྲུབ་མཐའ་གཞན་ཞིག་ཡིན་པའང་གསལ་བོར་བསྟན།
ཡིན་ན་ཡང༌། དེས་སེམས་ཅད་བསད་ཅིང་ཤ་ཟོས་པ་སོགས་ནི་གཏམ་རྒྱུད་དེ་ཐོག་མར་སྤེལ་མཁན་རྣམས་ཀྱི་ཆགས་སྡང་གི་དབང་དུ་སོང་བ་དང༌། ཕྱིས་སུ་ཚུལ་ཁྲིམས་རྒྱལ་མཚན་སོགས་བོན་གྱི་མཁས་པ་རྣམས་ཀྱིས་དེ་འདུལ་མཁན་ཤཱཀྱཐུབ་པ་ཡིན་པར་བྱས་ནས་ལོ་རྒྱུས་ཀྱི་གཏམ་རྒྱུད་འདིར་མངོན་སུམ་དུ་མཚོན་པའི་བན་བོན་གྱི་འགལ་ཟླ་འདུམ་ཞིང་བཏང་སྙོམས་སུ་བཞག་པར་མངོན་ཏེ། དེ་ཡིག་ཆ་སྔ་མ་རྣམས་སུ་གཏམ་རྒྱུད་འདི་ཐུང་ཞིང་བསྡུས་ལ་གོང་སྨྲས་ཀྱི་སྤྲོས་པ་རྣམས་མེད་པ་དེས་གསལ་བོར་ཤེས་ཐུབ། དེ་ལྟར་ན་ཡང༌། དེར་ཤཱཀྱ་ཐུབ་པ་ལྷ་བུ་ཏམ་པ་ཏོག་དཀར་གྱི་སྤྲུལ་བ་ཡིན་ཞིང་དེ་སྟོན་པ་གཤེན་རབ་ཀྱིས་མངགས་པ་སོགས་ཀྱིས་ང་མིན་ཆོས་པོ་བོན་གྱིས་བསྐྲད་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ལྷག་མེད་དུ་མཚོན་ཡོད།
གོང་སྨྲས་འདི་དག་མ་གཏོགས་ལོ་རྒྱུས་ཀྱི་ཡིག་ཆ་ལ་ལར་གྲི་གུམ་བཙན་པོའི་སྐབས་སུ་བོད་ལ་ཆོས་དར་ཞིང་ཁོས་བོན་བསྣུབས་པ་ཡང་རྒྱུ་རྐྱེན་དེ་ལ་ཐུགས་པར་བཞེད། དཔེར་ན་ཁོད་པོ་བློ་གྲོས་ཐོགས་མེད་ ( ༡༣༠༡ -? ) གྱི་གཏེར་མ་སྲིད་པ་རྒྱུད་ཀྱི་ཁ་བྱང་ ③དུ། དྲི་རྒྱམ་བཙད་པོའི་རིང་ལ་ནི། བོད་ཁམས་ཕུང་དུ་ཐོ་བས་ན། བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང༌། དེ་དུས་རྒྱ་གར་བ་ལ་ར་ཙ་ཡི་ཡུལ། དུན་ཙེ་པར་མུའི་འགོ་ཅན་གྱིས། རྒྱ་གར་ བྷུད་ རྡ་དར་མའི་སྐད་རྣམས་བསྒྱུར། རྒྱལ་བློན་སེམས་བསྒྱུར་སྣང་བ་དབང་དུ་བསྡུས། རྒྱལ་བོ་གླེན་པ་དྲི་རྒུམ་དང༌། དབོན་གཤེན་རྣམས་ཀྱི་བར་དུ་ནི། ཆ་གཉིས་དྲེགས་པའི་མེ་ཡང་འབར། ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། བོན་སྣུབས་ཆོས་ལ་བློ་གཏད་པས། གཤེན་པོ་རྣམས་ཀྱིས་ལྐོག་ཏུ་དམོས། བདུད་མོ་ཀུན་ལ་བསྟབ་པ་བྱས། དེ་སླད་བོན་སྣུབས་དབུ་ཡོགས་ཀྱིས་རྒྱལ་བོ་འབངས་ཀྱི་དྲི་རུམ་བཀུམ། ལོ་ངམ་རྟ་རྫིས་དྲི་ན་བསད། ཅེས་གསུངས་ཡོད།
དེར་རྒྱ་གར་བྷུད་རྡ་ཟེར་བ་བུདྡྷཿསྟེ་སངས་རྒྱས་ཀྱི་སྐད་དོད་ཡིན་པས་དེ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པ་མངོན་གསལ་དུ་ཤེས་ཐུབ་ཅིང་སྐད་རྣམས་བསྒྱུར་བྱ་བས་དེ་དུས་བོད་སྐད་དུ་བསྒྱུར་ནས་སྤེལ་བ་མ་ཟད་རྒྱལ་བློན་སེམས་བསྒྱུར་སྣང་བ་དབང་དུ་བསྡུས་བྱ་བས་ཆོས་ལ་དད་པ་བྱེད་མཁན་ཡང་རྒྱལ་བློན་དང་བཅས་པ་གང་མང་བྱུང་ཡོད་པ་ཤེས་ཐུབ། དེ་མ་ཟད་དེའི་རྗེས་ཀྱི་སྤུ་ལྡེ་གུང་རྒྱལ་ལ་ཆོས་མཚན་གསོལ་ཡོད་པ་ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་(4)་ལས། ཆོས་གྱི་མིང་བཏགས་ཤག་ཀྱ་ཡགས་པ་ཡིན། ཞེས་གསུངས་པ་ལྟར་རོ།
གོང་སྨྲས་ཀྱི་ལུང་ལ་བསམ་གཞིགས་ཤིག་བཏང་ན། གནམ་གྱི་ཁྲི་བདུན་དང་བར་གྱི་ལྡིང་གཉིས་ཀྱི་སྐབས་གང་རུང་ཞིག་ཏུ་བོད་དུ་ཐུབ་པའི་བསྟན་པ་ཕེབས་མྱོང་པ་མ་ཟད་དུས་ཡུན་ངེས་ཅན་ཞིག་ལ་གནས་མྱོང་བའང་མངོན་དུ་གསལ་ལ། དེ་མི་སྲིད་པ་ཞིག་གཏན་ནས་མ་ཡིན་ནོ། ཡིན་ན་ཡང༌། གྲི་གུམ་གྱིས་བོན་བསྣུབས་པའི་རྒྱུ་རྐྱེན་ཆོས་ལ་གཏུགས་པ་ནི་མི་འཐད་དེ། དུས་དེར་བོད་རྒྱལ་གཉའ་ཁྲི་བཙད་པོ་ནས་བཟུང་བོད་དུ་བོན་དར་བ་མ་ཟད་རྒྱལ་བོ་རེ་ལ་སྐུ་གཤེན་རེ་ལུགས་སྲོལ་དུ་གྱུར་ཡོད་པར་གཞིགས་ན་བོན་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་ལ། ཐུབ་པའི་བསྟན་པ་བོད་དུ་དར་མགོ་བརྩམས་པ་མ་གཏོགས་བོན་དང་དོ་འགྲན་པའི་སྟོབས་ཤུགས་ཤིག་ཏུ་གྱུར་མེད་པར་འདོད།
དེའི་སྐོར་བོན་གྱི་ཡིག་ཚང་མང་ཤོས་སུ་གྲི་གུམ་གྱིས་བོན་བསྣུབས་པའི་རྒྱུ་རྐྱེན་གཙོ་བོ་ནི་བོན་གཤེན་གྱི་སྟོབས་ཤུགས་ཇེ་ཆེར་སོང་བས་རྒྱལ་བོའི་དབང་ཐང་ལ་གནོད་པར་དོགས་པ་ཡིན་པར་བཞེད། དཔེར་ན། ཁྱུང་བོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་བོན་གྱི་འབྱུང་གནས་④ལས། དེར་རྒྱལ་བོའི་ཐུགས་སུ་གདོན་ཞུགས་ནས་རྗུན་དང་ཕྲ་མ་ལ་གསན་ཞིང༌། སྲས་དབོན་གྱི་རིང་ལ་རྒྱལ་ས་བོན་ལ་ཤོར་གྱིས་དོག་སྟེ་གཤེན་པོ་རྣམས་བསགས་ནས་གསུངས་པ། ཀྱེ་སྐུ་གཤེན་རྣམས་གསོན་དང༌། རྒྱལ་བོ་ང་ནི་དྲེགས་པ་དང་ལྡན། ཁྱེད་བོན་རྣམས་ནི་མཐུ་ཡི་དྲེགས་པ་དང་ལྡན་པས། ཡུལ་འདིར་ངའི་རྒྱལ་སྲིད་དང༌། ཁྱེད་ཀྱི་བོན་སྲིད་གཉིས་མ་ཤོང་བས། ལྷ་བོན་སྒོ་བཞི་དང་གེ་ཁོད་ཐིས་འཕེན་དང༌། གཅོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞུགས་འཚལ། གཤེན་པོ་གཞན་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་སམ། ཡང་ན་ངའི་མངའ་འོག་ཏུ་བོན་མ་སྤྱོད་པར་སྡོད་དམ་ཁྱོད་བོན་རྣམས་འདམ་ཁ་གྱིས་གསུངས། ཞེས་གསུངས་པ་བཞིན་ནོ།
ལུང་འདྲེན་འདིར་བོན་བསྣུབས་པའི་རྒྱུ་རྐྱེན་གསལ་བོར་བསྟན་ཡོད་པ་མ་ཟད། ཡུལ་དེར་རྒྱལ་བོས་བོན་གཤེན་རྣམས་སྤྱུགས་ནའང་བོན་ཐམས་ཅད་བསྣུབས་པ་མ་ཡིན་པར་འདེམ་གསེས་བྱས་ནས་བོན་དང་བོན་གཤེན་འགའ་རེ་བསྐྱུར་པ་དེས་ཀྱང་བོན་བསྣུབས་པའི་རྒྱུ་རྐྱེན་ཆོས་མ་ཡིན་གྱི་བོན་གྱི་སྟོབས་ཤུགས་ཇེ་ཆུང་ད་གཏོང་དགོས་པ་བྱུང་བ་ཁོ་ན་ཡིན་པ་མངོན་གསལ་དུ་ཤེས་ཐུབ།གཞན་དུ། རྒྱལ་བོ་གྲི་གུམ་བཙན་བོ། ས་བོན་བསྣུབས་པ་དང་དེ་བགྲོངས་པའི་སྐོར་ལ་བོན་ཕྱོགས་ནས་ཡིག་ཆ་གང་མང་བཞུགས་མོད། རྩོམ་ཡིག་འདིའི་བརྗོད་བྱར་མ་གྱུར་པས་རེ་ཞིག་བཏང་སྙོམས་སུ་བཞག
སྤྱི་བཏང་དུ། གནམ་གྱི་ཁྲི་བདུན་ནམ་ཚོད་བྱོན་པའི་སྐོར་ལ་བོད་དང་མི་རིགས་གཞན་པའི་མཁས་པ་རྣམས་ཞལ་མི་མཐུན་མོད། བོད་ཀྱི་རྩི་ཚུལ་ཡོངས་གྲགས་ ⑥ ལྟར་ན། སྤྱི་ལོའི་གོང་གི་དྲུག་ཅུ་སྐོར་གསུམ་པའི་ཤིང་སྟག་ལོ་ལ་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེ་བོར་བྱོན་ཟེར། དེ་ལྟར་ན་ད་ལོའི་བར་དུ་ལོ་འཁོར་༢༡༢༢འགྱངས་ཤིང་ཁོང་དང་ཕྱིས་ཀྱི་རྒྱལ་བོ་དྲུག་གི་རིང་དེ་ཕལ་ཆེར་ལོ་འཁོར་སྟོང་གཉིས་ཡས་མས་ཀྱི་ཡར་སྔོན་ཏེ་སྤྱི་ལོ་མགོ་བཙུགས་པའི་ཡར་སྔོན་ཏག་ཏག་ཡིན་པ་ཤེས་ཐུབ།
དེ་བས། ད་ཡོད་ཀྱི་ཡིག་ཆ་ལྟར་ན། དུས་དེར་ཐུབ་པའི་བསྟན་པ་བོད་དུ་ཕེབས་པ་ནི་ཐེངས་དང་པོ་དང་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཀྱི་སྤང་ཀོང་ཕྱག་རྒྱ་བ་ལ་སོགས་པའི་བསྟན་བཅོས་དང་མཆོད་རྟེན་ལ་སོགས་པའི་མཆོད་ཆ་བཅས་ནི་ཐེངས་གཉིས་པར་གོ་ཆོག་ལ། ཡང་ན་དེ་རྣམས་གནམ་གྱི་ཁྲི་བདུན་སྐབས་བོད་དུ་སླེབས་ནས་ཕོ་བྲང་ཡུམ་བུ་བླ་སྒང་སི་དཀོར་མཛོད་དམ་ཡང་ན་ཡུལ་གང་རུང་ཞིག་ཏུ་ལུས་པ་སླར་རྙེད་པའང་མི་སྲིད་པ་ཞིག་གཏན་ནས་མ་ཡིན་ནོ།
ཁོ་བོའི་བསམ་ཚུལ་ལྟར་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ་ཐུབ་པའི་བསྟན་པ་བོད་དུ་ཕེབ་མ་མྱོང་བ་ནི་གདོན་ཅི་ཡང་ཟ་མི་དགོས་པའི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པ་མ་ཟད། ཐེངས་འདི་གཉིས་མ་གཏོགས་ལོ་རྒྱུས་ཀྱི་ཡིག་ཆར་མ་ཆུད་པའི་ཐེངས་མ་གཞན་པ་ཡང་བྱུང་ཤིན་ཏུ་སྲིད་དོ།
གཉའ་ཁྲི་བཙན་པོའི་སྐབས་ནི་ཕལ་ཆེར་སྤྱི་ལོའི་ཡར་སྔོན་གྱི་ལོ་བརྒྱའི་ཡས་མས་ལ་འབབ་སྟེ། སྐབས་དེར་ཐུབ་པའི་བསྟན་པ་རྒྱ་གར་དང་བལ་བོ་ནས་དར་བཞིན་པའི་སྒང་ཡིན་པ་མ་ཟད། ཐེག་དམན་གྱི་སྡེ་ཨ་ཤར་གླིང་གི་ཤར་ལྷོ་དང་ཐེག་ཆེན་གྱི་སྡེ་ནི་བྱང་ཕྱོགས་ཀྱི་ལི་ཡུལ་སོགས་སུ་དར་བཞིན་པའི་སྒང་ཡིན། དེ་ནས་རིང་བོ་མ་ཐོག་པར་ལོ་བརྒྱ་ལྷག (སྤྱི་ལོ༢༥-༥༨)གི་རྗེས་སུ་ལི་ཡུལ་བརྒྱུད་ནས་ས་ཐག་རིང་བའི་རྒྱ་ནག་ཡུལ་དུའང་སླེབས་་ཤིང་དར་མགོ་བརྩམས། དེ་བས། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ལ་ཆོས་དར་མགོ་བརྩམས་པའི་སྐབས་དེར་བོད་ཀྱི་མཐའ་སྐོར་ཐམས་ཅད་དུ་ཆོས་དར་བའི་གནས་ཚུལ་བྱུང་ཡོད། དེ་ལྟར་རྒྱ་གར་དང་མུ་འབྲེལ་ཞིང་ཐག་ཤིན་ཏུ་ཉེ་བའི་བོད་ཁོ་ན་བསྐྱུར་ཏེ་དེའི་མཐའ་སྐོར་ནས་ས་ཐག་དེ་ལས་རིང་བའི་ཡུལ་དུ་དར་འགྲོ་བའི་དགོས་པ་ནི་ཅི་ཡང་མ་མཆིས་པས། གནམ་གྱི་ཁྲི་བདུན་སྐབས་སུ་ཐུབ་པའི་བསྟན་པ་བོད་དུ་ཕེབས་མྱོང་བ་ལ་མིག་བཙུམ་ནས་ཡིད་ཆེས་ན་ཆོག་སྙམ། དེ་མ་གཏོགས་ལོ་རྒྱུས་ཀྱི་ཡིག་ཆར་མ་མཐོང་བའི་ཐེངས་མ་གཞན་པའང་འགའ་རེ་ཡོད་སྲིད་དོ།
དེ་བོད་དུ་དར་མགོ་བརྩམས་རུང་ཡུན་མ་རིང་བའི་རྒྱུ་རྐྱེན་ལ་གཉིས་ཡོད་པར་སེམས་ཏེ། དང་པོ་ནི་ཡུལ་གྱི་གནས་བབས་ཀྱིས་རྐྱེན་པར་སེམས་ཏེ་བོད་ནི་གངས་སྐྱོ་དབལ་སོའི་ར་བས་བསྐོར་ཞིང་དེའི་གནམ་གཤིས་ཤིན་ཏུ་འཁྱག་པས་རྒྱ་གར་བ་སོགས་ཚ་གྲངས་ཆེ་བའི་ཡུལ་གྲུའི་མི་རྣམས་ལ་མཚོན་ན་དཀར་ཚེགས་ཤིན་ཏུ་ཆེ་བ་དང༌། གཉིས་པ་ནི་བོན་གྱི་བསྟན་པ་ལ་རག་ལས་ཏེ་དང་ཐོག་བོད་དུ་བོན་གཅིག་པུ་དར་ཞིང་དེའི་རྐྱེན་གྱིས་རིག་གནས་གཞན་པ་ལ་བཀག་འགོག་གི་འདུ་ཤེས་དྲག་ཆེ་བ་བཅས་སོ། དེ་ང་མིན་ཆོས་པོ་སོགས་ཀྱི་གཏམ་རྒྱུད་ལས་ཀྱང་མངོན་གསལ་དུ་མཚོན་ཡོད།
མཆན་འགྲེལ།
① གཡུང་དྲུང་གླིང་གི་ལག་བྲིས་མའི་ཤོག་ལྷེ་༣༤ རུ་གསལ།
② ཁྱུང་བོ་བློ་གྲོས་རྒྱལ་མཚན་(དུས་རབས་བཅུ་བཞི་བ)གྱིས་བརྩམས་པའི་གླིང་གཞི་བསྟན་པའི་འབྱུང་ཁུངས། ཨ་མདོའི་ལག་བྲིས་མ།
③ སྲིད་པ་རྒྱུད་ཀྱི་ཁ་བྱང༌། སློབ་དཔོན་བསྟན་འཛིན་རྣམ་དག་གི་ལྡི་ལིའི་པར་མའི་ཤོག་ལྷེ་༤༢ ཀྱི་ཉིན་དུ་གསལ།
④ གོང་མཚུངས་ཀྱི་ཤོག་ལྷེ་༤༢ ཀྱི་སྲིབ་ཏུ་གསལ།
⑤ ཁྱུང་བོ་བློ་གྲོས་རྒྱལ་མཚན་(དུས་རབས་བཅུ་བཞི་བ)གྱིས་བརྩམས་པའི་རྒྱལ་རབས་བོན་གྱི་འབྱུང་གནསསློབ་དཔོན་བསྟན་འཛིན་རྣམ་དག་གི་ལྡི་ལིའི་པར་མའི་ཤོག་ལྷེ་༦༢ ཉིན་ནས་སྲིབ་བར་དུ་གསལ། གོང་གི་མཆན་གཉིས་པར་གསལ་བའི་གླིང་གཞི་བསྟན་པའི་འབྱུང་ཁུངས་དང་འདི་གཉིས་དེབ་གཅིག་ཡིན།
⑥ དཔེར་ན་བོད་རྒྱ་ཚིག་མཛོད་ཆེན་མོའི་ཤོག་ལྷེ་༣༡༩༧ ལྟ་བུའོ།།
༼ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ནས་དྲངས།༽
དགོངས་དག་ཀློག་བདེ་ཞིག་མི་འདུག ཏོག་ཙམ་ཀློག་པས་ཉོབ་སོང་། ཚིག་སྦྱོར་ཡག་པོ་མེད་ན་སོ་སོས་དཔེ་ཟླ་མེད་པ་བྲིས་ཡོད་བསམ་ནའང་ཀློག་པ་པོས་དེ་ལྟར་ཚོར་ཐུབ་ཀྱི་མ་རེད།
བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་དང་། རྒྱ་གར་རྒྱལ་པོ་ཛ་གཉིས་ཀའི་ཁང་ཐོག་ཏུ་ཆོས་པོ་ཏི་སོགས་གནམ་ནས་བབ་པ་དུས་མཉམ་པའང་སྲིད་པ་རེད་སྙམ་ཡང་། ང་ལ་ཁུངས་མེད།
རྫུན་གྱི་ཁུངས་རྫུན་ལ་བཅོལ་ཟེར་བ་དེ་འདི་འདྲ་ཞིག་རེད། རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། རྫུན་གྱི་སྟེང་ལ་རྫུན་གྱི་རྣམ་བཞག་བྱེད། རང་གིས་རྫུན་གྱི་ལྟ་གྲུབ་ནག་ཁུང་དེའི་ནང་དུ་གཞན་གྱི་རྫུན་ཡང་འགྲོ་ས་ཡོད་པ་ཞིག་བྱེད་སྲོལ་དེ་མི་ལེགས།
ལྷ་སྒྲུང་བཤད་ཀྱི་ཡོད་པའི་ཟོལ་འདྲ་ཞིག་མ་གཏོགས་དངོས་ཡོད་ལོ་རྒྱུས་སྨྲ་བའི་སྐད་ཆ་འདྲ་ཞིག་མི་འདུག སྤོབས་མཐའ་ལསག་ཀྱིས་བཤད་པ་ལྟར་རྫུན་ལ་ཁུངས་བཅོལ་ནས་ཅིག་བཤད་བཞིན་ཡོད་པར་འདྲ།
རྒྱ་གར་ཕྱོགས་གྱི་རིག་གནས་སྣ་ཟིན་སྤུ་ཟིན་བོད་གངས་རིའི་ཕྱོགས་ལ་སླེབས་པ་ནི་ཆེས་སྔ་མོ་ཞིག་ནས་ཡིན་ལེ་གདའ། བྷཱར་མན་དང་ཨར་ཡ་སོགས་ཀྱི་སྐབས་ནས་འབྲེལ་བ་བྱུང་ཡོད་པའི་བཟོ་རེད། འདི་ཚོའི་སྐོར་ལ་ཞིབ་འཇུག་གི་ལས་གཞི་གཏིང་རྒྱ་ཆེ་ཙམ་སྤེལ་དགོས་པར་སེམས་སོ། དུས་རབས་བདུན་པ་དང་བརྒྱད་པའི་སྐད་ཆ་ཤོད་མཁན་དེ་ཚོའི་རྫུན་རྐུམ་ཚང་མ་དོལ་ཚར་ནའང་ད་དུང་ཞེ་བོ་ཡིན་མདོག་མདོག་འདྲ་བྱས་ནས་འགྲོ་བསྡད་འདུག་བ། །
བོན་ཆོས་ཀྱི་དབང་ལུང་གནང་མི་ལུ་ཐེ་ཚོམ་བཟའ་དགོཔ་མེདཔ།
༉ ལྷུན་རྩེ་སྟག་སྐད་ལ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་འདྲའི་ མདུན་ཕྱོགས་ལུ་སྦེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གནང་སྟེ་ ཁ་ཙ་ཚུན་ཉིན་གྲངས་༩༢ ལུ་གཏེར་མཛོད་ནང་ཡོད་པའི་བོན་ཆོས་ཀྱི་དབང་ལུང་ཚུ་གནང་ཡི།
ཉིན་བསྟར་བཞིན་དུ་དབང་ལུང་ཞུ་མི་དད་ཅན་སྟོང་ཕྲག་༣ ལྷགཔ་ཅིག་ཡོད་ས་ལས་ཁ་ཙ་རིན་པོ་ཆེ་མཆོག་གིས་བོན་ཆོས་ཀྱི་དབང་ལུང་གནངམ་ད་མི་ལ་ལུ་ཅིག་ཐེ་ཚོམ་བཟའ་དགོཔ་བྱུངམ་ཨིན་པས།
དེ་ཡང་སྒོམ་ཆེན་དང་མཚམས་པ་དེ་ལས་ཞི་གཡོགཔ་བགྲེསཔ་དང་སྤྱིར་བཏང་སྐྱ་སེར་ཕོ་མོ་ཚུ་གིས་བསམ་འཆར་བཀོད་མི་དང་འཁྲིལཝ་ད་འབྲུག་རྒྱལ་ཁབ་ནང་ནང་པ་སངས་རྒྱས་པའི་བསྟན་པ་མེད་པའི་དུས་སྐབས་ལུ་མི་ཚུ་བོན་པའི་ཆོས་ལུགས་ལུ་གཙོ་བོར་བཏོན་སྡོད་ནུག་ཟེར་ཨིན་པས།
སངས་རྒྱས་ཀྱི་བསྟན་པ་དར་ཞིནམ་ལས་བོན་པའི་བསྟན་པ་བསྣུབས་ཡོདཔ་ལས་རིན་པོ་ཆེ་གིས་བོན་པའི་ཆོས་ཀྱི་དབང་ལུང་གནང་དགོ་པའི་གནད་དོན་ཤེས་རྟོགས་མེདཔ་ལས་དུམ་གྲ་ཅིག་དོགས་པ་ཆགས་ནུག།ཨིན་རུང་ རིན་པོ་ཆེ་གི་ཕྱག་ཞུ་མི་སློབ་བསྟན་འཛིན་རྡོ་རྗེ་གིས་སླབ་མིའི་ནང་བོན་པའི་ཆོས་ལུགས་ཀྱི་དབང་ལུང་གནང་མི་ལུ་ཐེ་ཚོམ་དང་དོགས་པ་ཆགས་དགོཔ་མེད་ཟེར་ཨིནམ་ད་དེ་ཡང་བོན་ཆོས་ཚུ་ནང་པའི་གཏེར་སྟོན་པ་ཚུ་གིས་ གཏེར་སྦེ་བཞེས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དཔྱེ་འབད་བ་ཅིན་སངས་རྒྱས་ཀྱི་བསྟན་པ་དར་སའི་ཡུལ་དེ་བོད་གངས་ཅན་གྱི་ལྗོངས་ལུ་ཨིནམ་ད་དེ་སྐབས་ནང་པའི་ཆོས་ལུ་བོད་པའི་མི་སེར་ཚུ་གིས་བརྩི་མཐོང་དང་ཡིད་ཆེས་བསྐྱེད་མ་བཏུབ་ལས་གཏེར་སྟོན་པ་ཚུ་གིས་ བོན་ཆོས་ཀྱི་ཚིག་དང་དོན་ཚུ་ནང་པའི་ཆོས་ལུགས་ནང་བཙུགས་ཏེ་ཐབས་བྱུས་ཀྱི་ཐོག་ལས་འགྲོ་དོན་མཛད་གནང་ཡོད་ཟེར་ཨིན་པས།
གཏེར་སྟོན་པ་ཚུ་ཡང་གཡུང་དྲུང་རྡོ་རྗེ་གླིང་པ་གིས་གཏེར་ཆོས་བླ་ཆེན་དྲན་པ་ཡབ་སྲས་བཅུད་དྲིལ་གྱི་དབང་དང་འཇའ་ཚོན་སྙིང་པོ་མཁའ་འགྲོ་གིས་མཛད་མི་གསང་མཛོད་རྡོ་རྗེ་ཕག་མོའི་དབང་མཁྱེན་བརྩེའི་རྗེས་དྲན་བི་རོ་གིས་གཏེར་ཆོས་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་དབང་དེ་ལས་མཆོག་གླིང་གིས་མཛད་གནང་མི་བོན་གསར་དབང་དྲག་འབར་བའི་གཏེར་དབང་ཚུ་ཨིན་པས།
དེ་འབདཝ་ལས་གཡུས་སྒོ་ཚུ་ནང་ཡོད་པའི་བོན་ཆོས་ཚུ་མེན་པར་གཏེར་སྟོན་རྡོ་རྗེ་གླིང་པ་དང་འཇའ་ཚོན་སྙིང་པོ་ མཁའ་འགྲོ་མཁྱེན་བརྩེ་རྗེས་དྲན་ དེ་ལས་མཆོག་གླིང་པ་ཚུ་གིས་བཞེས་ཐོག་ལས་རིན་ཆེན་གཏེར་མཛོད་ནང་འཁོད་མི་ཡང་དག་པའི་བོན་ཆོས་ཨིན་ཟེར སློབ་བསྟན་འཛིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་དེ་ རང་ཟླ་དང་པའི་ཚེས་༡༠ ལས་འགོ་བཙུགས་ ད་ཚུན་ལུ་རིན་ཆེན་གཏེར་མཛོད་པོ་ཏི་༦༠ ཐམ་པ་ཡོད་ས་ལས་ པོ་ཏི་༤༥ གནང་ཚར་ཡོདཔ་བཞིན་དུ་ དབང་ཁག་༧༠༠ ཡོད་མི་ལས་ ཁ་ཙ་ཚུན་ དབང་༥༢༠ གནང་ཡོདཔ་ཨིན་པས།
རིན༌ཆེན༌གཏེར༌མཛོད༌ཀྱི༌ དབང༌ལུང༌གནང༌མི༌དེ༌ རབས༌བྱུང༌༡༤ པའི༌ནང༌ མཁྱེན༌སྐོང༌མཆོག༌གསུམ་གྱིས༌ གཏེར༌ཆོས༌སྣ༌ཚོགས༌ ཕྱོགས༌བསྒྲིགས༌མཛད༌དེ་ གནང་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་དེ་ མཁན་པོ་དཀར་པོ་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དད་ཅན་སྐྱ་སེར་ཕོ་མོ་ཚུ་གིས་ སྐུ་གསུང་མནྡལ་དང་ ཉིན་མའི་གསོལཝ་ དེ་ལས་ གསོལ་ཇ་དྲང་མི་ མ་ཆད་པར་ ཐོན་དོ་ཡོད་པའི་ཁར་ འབྲུག་ཨོ་ཌི་ཡ་ན་གཞི་ཚོགས་ཀྱིས་ ཉིན་མའི་གསོལཝ་དང་ ཕྱི་རུ་གསོལ་ཇ་ དྲང་དོ་ཡོད་པའི་གནས་ཚུལ།
སྟག་སྐད་ལ་ལས་ བཀྲིས་ཕུན་ཚོགས།
http://www.dzkuensel.bt/?p=23538#.V2C6Bq56MqQ
རིན་ཆེན་གཏེར་མཛོད་དང་རིན་ཆེན་གཏེར་མཛོད་ཀྱི་རྗེས་འཇུག་པ་འདི་ཚོ་གཞན་དང་མི་འདྲ་བར་ཨ་བོ་ཙམ་རེད། བོན་ཆོས་ཀྱི་དབང་ལུང་གནང་མཁན་དང་ཞུ་མཁན་ཡོད་བཞག བོད་རང་སའི་ཆོས་ཚད་ལྡན་ཞིག་གི་ལམ་སྣེ་ཟིན་པ་དེ་བསྐལ་པ་བཟང་པོ་རེད། ད་རྗེས་མ་བསམ་བློ་གཏོང་གི་ཡིན་ད། །
མཁན་སློབ་ཆོས་གསུམ་རིང་ལུགས་ཆེ།
འཛམ་གླིང་ས་གསུམ་ཁྱབ་པར་འཕེལ།
འགྲོ་རྒྱུད་མཆོག་གསུམ་སྣང་བ་དང།
མི་འབྲལ་དུས་གསུམ་དགེ་ལེགས་ཤོག།།