—-གངས་བཙན་པོ།
གསེར་གྱི་རྨི་ལམ་རུམ་ནས་འོད་སྟོང་འཕྲོས།།
ཉིན་ཞག་ལོ་ཟླ་བགྲངས་ནས་ཤོར་ན་ཡང་།།
སེམས་ཀྱི་ཞིང་ཁམས་ད་དུང་ལྷག་ནས་ཡོད།།
འཛུམ་ཆུང་དབུ་སྐྲ་དཀར་པོའི་ས་ཞིང་ཐུལ།།
ལས་སྐལ་ཞིག་གིས་བཤེས་གཉེན་ཁྱེད་རང་མཇལ།།
རྣམ་གཡེང་འདུ་འཛི་ཕྱོགས་སུ་ཕར་རྒྱུགས་སྐབས།།
ཙོང་ཁའི་སྙིང་བོ་བྱང་ཆུབ་ལམ་རིམ་དེ།།
འཆད་ལ་མཁས་པ་ངག་ལ་དབང་འབྱོར་མགུ།།
སྔོན་བྱོན་དམ་པའི་འཆད་མཁན་མང་ན་ཡང་།།
ཁྱེད་ཉིད་ཐབས་ཤེས་ཟུང་ལ་ཡ་མཚར་ཆེ།།
ལོ་ཟླ་རིམ་བཞིན་རྒས་པའི་ཁུག་སོ་ན།།
ཆོས་པ་བརྣལ་མ་ཁྱེད་ཉིད་ཚོགས་ཀྱི་བརྒྱན།།
དགེ་འདུན་ཁྲི་ཕྲག་དེ་ཡི་གོང་རོལ་ན།།
མཁན་པོ་ཟེར་བའི་མིང་བྱང་དབང་བ་དེ།།
ཆོས་བྱེད་ཁོ་ནས་མཐར་ལ་བསྐྱལ་མཁན་དེ།།
ཁྱེད་ཉིད་མ་གཏོགས་སུ་ཞིག་གང་དུ་མཆིས།།
༧གོང་ས་ཐམས་མཁྱེན་པའི་བཀའ་དགོངས་དེ།།
མངོན་ལྐོག་རྒྱབ་མདུན་མེད་པར་དྲང་དུ་ཕེབས།།
འདིི་ལས་ཡོད་ཚད་འཇིག་རྟེན་འདིར་མ་དམིགས།།
ཁྱེད་ཉིད་བསོ་བདེ་ཞིག་གིས་ཆོ་ལོ་ཐོབ།།
བདེན་པ་བྲག་ལ་བརྡར་བའི་སྙིང་སྟོབས་ཡོད།།
ཚུལ་ཁྲིམས་དྲི་བཟང་ཐུལ་བའི་འདུལ་ཁྲིམས་ཡོད།།
གཞུང་ཆེན་ཐོས་སྒོམ་ཡོད་པའི་རྣམ་དཔྱོད་ཆེ།།
མི་ཚེ་འོད་སྟོང་འབར་བའི་ལམ་ཆེན་རྙེད།།
བུ་སློབ་སྟོང་ཕྲག་མང་པོའི་རེ་བའི་མིག།
མཁན་ཟུར་བློ་བཟང་བདེ་ལེགས་ཁྱེད་ཉིད་ཨང་།།
བྱམས་བརྩེས་བསྐྱངས་པ་དྲིན་དུ་མི་ཆེ་ཨང་།།
ངེད་ཅག་ཡོད་ཚད་ད་དུང་མ་སྨིན་ཡོད།།
ཀྱག་ཀྱོག་ལམ་བུ་ཞིག་གི་རླུང་ཁ་ན།།
བྱིས་བློ་ངེད་ཅག་བསྐྱངས་པ་དྲིན་དུ་ཆེ།།
མི་ཤིག་རྡོ་རྗེ་སྲོག་གི་ཀ་བ་དེ།།
རྟག་ཏུ་ཡུན་དུ་གནས་པ་ཁྱེད་ཉིད་མཁྱེན།།
བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མཁན་པོ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ལ་མཁན་ཟུར་གྱི་མིང་བྱང་ཐོབ་པ་དང་དྲན་རྟེན་ཞིག་གི་ཚུལ་དུ་ཕུལ།
༢༠༡༦/༦/༢༡
ཚུལ་ཁྲིམས་དྲི་བཟང་འཐུལ་བ་དེ་བཟང་ཡང་། གོས་ཆེན་ཏང་དག་ཡད་གྱོན་པ་དེ་དགེ་སློང་གི་ན་བཟའ་འདྲ་བོ་མི་འདུག་ལ། ལམ་རིམ་ཁྲིད་མཁན་དང་ཆོས་པ་རྣལ་མའི་ཚུགས་ཀ་ཐམས་ཅད་དེས་ཤོར་བཅུག་འདུག །སངས་རྒྱས་ཆོས་ལུགས་དང་མི་མཐུན་པ་འདི་དང་འདི་འདྲ་བའི་ཕྱག་བཞེས་མང་དྲགས་པས་བོད་པའི་ཆོས་འདི་བླ་མའི་ཆོས་ལུགས་ཟེར་སྐད།