འབྲོག་རུ་ཆོས་དར།
ཨ་ཁུ་སྙན་གྲགས་ལགས། དེ་རིང་ཞོགས་པར་ཨ་རི་ནས་གྲོགས་པོ་ཞིག་གིས་སྐད་འཕྲིན་ལས་ཁྱེད་རང་ཞིང་ལ་གཤེགས་སོང་བ་རེད་ཟེར་བ་བདེན་ནམ་ཞེས་ང་ལ་དྲིས་བྱུང། ངས་ཅི་ཡང་མ་གོ་བས་ཅི་ཡིན་འདི་ཡིན་མ་ཤེས་པར་ཅུང་ཙམ་ཧད་དེ་ལུས། མྱུར་དུ་ཕ་ཡུལ་ལ་འབྲེལ་བ་བྱེད་དུས་ཚ་བོ་ཞིག་གིས་གཏམ་ངན་དེ་བདེན་པ་ཡིན་པར་བཤད་པས། རྒྱང་རིང་གི་ས་མཐའ་འདིར་ང་སྡུག་མ་ཤེས་ལ་ངུ་མ་ཤེས་པར་གྱུར། ཁྱེད་ཀྱི་བུ་ཆོས་གྲགས་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་ངོ་མ་དྲིས་པ་ཡིན། མ་གཞི་ཁྱེད་རང་ཕེབས་ནས་ཉིན་གཉིས་འགོར་འདུག ཁྱེད་རང་ཞིང་ལ་ཕེབས་ནས་ཉིན་གཉིས་ཕྱིན་ཡང་ཆོས་གྲགས་ཀྱི་ང་ལ་བརྡ་ལན་ཞིག་ཀྱང་སྤྲད་མི་འདུག་པས་ངས་ཁོ་ལ་གཤེ་གཤེ་བཏང་བ་ཡིན་ལ་སེམས་གསོ་ཡང་བྱས་པ་ཡིན།
ཨ་ཁུ་སྙན་གྲགས་ལགས། ད་ལྟ་ངའི་མིག་ལམ་དུ་ཁྱེད་ཀྱི་གདོང་གི་གཉེར་རིས་དག་ཤར་འོང་ལ་ཁྱེད་ཀྱི་གནང་བའི་བཀའ་སློབ་ལམ་སྟོན་དག་ཀྱང་སེམས་ལ་གསལ་བོར་དྲན་བཞིན་འདུག
ཨ་ཁུ་སྙན་གྲགས་ལགས། ལོ་ངོ་བཅུའི་རིང་ལ་ང་ཁྱེད་དང་མཇལ་མ་ཐུབ་མོད་ཁྱེད་ཀྱི་ང་རང་བཞག་ནས་ཁུ་སིམ་སིམ་ཕེབས་དགོས་པ་ཅི་ཡིན། འདི་རྐྱེན་གྱིས་བཟོས་པ་ཡིན་ནམ་ལས་ཀྱིས་གྲུབ་པ་རེད།
ཨ་ཁུ་སྙན་གྲགས་ལགས། ངས་ཁྱེད་ལ་ཁ་བརྡ་འགའ་ཞུ་འདོད་བྱུང། ངའི་ཁུ་བོ་ཨ་ཁུ་བཤད་སྒྲུབ་ཚང་སྐུ་གཤེགས་པའི་ཞོགས་པ་དེར་ཁྱེད་ག་ཤེད་ཅིག་ནས་རྒྱུགས་ཡོང་སྟེ་སྐད་ཤུགས་ཆེན་པོས་ངུ་འབོད་བྱས་ནས་ “ཨ་ཁུ་་་ ཨ་ཁུ་ཁྱོས་ང་གཅིག་པུ་བཞག་ནས་བུད་སོང་ནས་་ ་་་” ཞེས་སྨྲེ་སྔགས་འདོན་བཞིན་སྐུ་ཕུང་ལ་འཐམས་ཏེ་མགོ་བོ་བྲང་ལ་རྡུང་བཞིན་འདུག སྐབས་དེ་དུས་ང་ཁྱེད་ཀྱི་གམ་ན་སྐྲག་སྣང་གིས་ཁེངས་ཏེ་ཅེར་ནས་ཡོད། སྐུ་ཕུང་སྦྱིན་བསྲེག་བྱེད་དུ་འགྲོ་དུས་མི་ཚོགས་ཀྱི་གྲལ་མགོ་ན་ཨ་ལགས་མཁན་པོ་(མེར་གན་མཁན་པོ) དང་ཁྱེད་གཉིས་བཞུགས་འདུག་ལ། ཁྱེད་ཀྱིས་མ་ཎི་ཡུ་བ་རིང་པོ་ཅན་ཞིག་མཐོན་པོ་བཀྱགས་ནས་བསྐོར་བཞིན་མ་ཎི་དང་འཇམ་དཔལ་མཚན་བརྗོད་གང་ཡིན་མ་ཤེས་མོད་སྐད་ཤུགས་ཆེན་པོས་འདོན་བཞིན་ཁ་དོང་ལུང་བའི་ཕྱོགས་སུ་བསྐྱོད། དེ་དུས་ང་རང་བྱིས་པ་ལོ་ལྔ་ཅན་ཞིག་ཡིན་ཡང་གནས་ཚུལ་དེ་ད་དུང་དྲན་ངོས་ན་གསལ་བོར་འདུག
ཨ་ཁུ་སྙན་གྲགས་ལགས། ང་རང་ལོ་ལྔ་ཡིན་དུས་ནས་ཁྱེད་ཀྱིས་བག་ཆགས་ཟབ་མོ་བཞག་ཡོད་ལ། ང་རང་ལོ་བརྒྱད་ཀྱི་སྟེང་དུ་ངའི་ཕ་རྒན་ཚེ་ལས་འདས་དུས། ཤ་རྒྱའི་སྐལ་ལོ་དང་ཁྱེད་གཉིས་ཀྱིས་འདི་བྱིས་པ་ཆུང་ཤོས་དེ་རེད་ཟེར་ནས་ངའི་མགོ་ལ་བྱིལ་བྱིལ་བྱས་ཏེ་གཅེས་གཅེས་འདྲ་བྱས་སོང། མ་གཞི་དེ་དུས་ཁྱེད་ཀྱིས་སྡེ་བའི་བྱིས་པ་ཚོ་ལ་ཆམ་སྨན་དང་འགོག་ཁབ་རྒྱག་གིན་ཡོད་པས་བྱིས་པ་ཚང་མ་ཁྱེད་ལ་ཞེད་སྣང་ཡོད་པ་རེད་དེ། ཁྱེད་རང་ནམ་རྒྱུན་ངེད་ཚང་ལ་ཡོང་ནས་ཆོས་འདོན་པ་དང་སྨན་སྤྲོད་པ། ང་ལ་སྐུ་རྩེད་བྱེད་ཀྱིན་ཡོད་པས་ང་ཁྱེད་ལ་ཞེད་སྣང་ཅི་ཡང་མེད། དེང་སང་བསམས་ན་ཕལ་ཆེར་དེ་དུས་ཁྱེད་ཀྱི་ང་ལ་ལྟ་རྟོག་བྱེད་ཀྱིན་ཡོད་པ་འདྲ། རྗེས་སུ་ང་རང་སློབ་གྲྭར་ཞུགས་ཏེ་འཛིན་རིམ་གསུམ་པའི་དགུན་ཁའི་གུང་གསེང་སྐབས་ཤིག་ལ། ཁྱེད་ཀྱིས་ངེད་ཚང་ན་གྲོང་ཆོག་འདོན་བཞིན་འདུག ཁྱེད་ཀྱིས་ང་ལ་གསལ་བཤད་སུམ་ཅུ་པོ་རེ་རེ་ལ་ཚིག་གྲོགས་རེ་ཞོག་ཟེར།
སྟབས་ལེགས་པ་ཞིག་ལ་སྐབས་དེར་ “ཀྭ་ཡེ་སློབ་བུ་རྣམས།། ཁ་ཏ་བསླབ་བྱའི་ཚིག།། ” ཅེས་པའི་ཀ་རྩོམ་དེ་ངའི་བློར་བཟུང་ཡོད་སྟབས་དེ་དང་སྦྱར་ནས་ཚིག་གྲོགས་སྦྱར་བ་ལ་ཁྱེད་ཉིད་ཐུགས་དགྱེས་པོ་བྱུང་སྟེ་རྡོ་ཀ་ར་རྡོག་རྡོག་ཅིག་ང་ལ་གནང་བ་དྲན་བྱུང། རྗེས་སུ་ང་སློབ་འབྲིང་དུ་ཡོད་དུས་ཀྱང་ཁྱེད་ཀྱི་ཐུགས་བརྩེ་ཐོབ་མྱོང་ལ། ཀླུ་ཚང་དགོན་དུ་ཡོད་དུས་ཀྱང་ཁྱེད་ཀྱིས་ཁ་ཏ་སློབ་གསོ་གནང་མྱོང་། ང་རྒྱ་གར་ལ་མ་ཡོང་སྔོན་ཙམ་ཞིག་ལ་མགོ་མང་གྲོང་བརྡལ་དུ་ཁྱེད་ཀྱིས་བཙུགས་པའི་འཇིགས་མེད་བོད་སྨན་སྒོ་བསྟེན་ཁང་དུ་ཁྱེད་ལ་མཇལ་དུས། ཁྱེད་ཀྱི་ང་ལ་བོད་ཀྱི་ཐ་སྙད་རིག་གནས་དང་གེ་སར་སྒྲུང། བོད་ཀྱི་གསོ་རིག་བཅས་ཀྱི་ཐད་བཀའ་མོལ་མང་པོ་གནང་བ་མ་ཟད། ཁྱེད་ཀྱིས་མཛད་པའི་<<སྲིད་པའི་ཁུག་པ་བཅོ་བརྒྱད་>>ཅེས་པའི་དེབ་དེ་གསོལ་རས་གནང་བྱུང། ད་དུང་ཁྱེད་ཀྱིས་རྩོམ་བཞིན་པའི་<<སྙན་གྲགས་སྨན་གཞུང་ཆེན་མོའི་དཀར་ཆག>> ཅེས་པའི་ལག་བྲིས་བྱས་པའི་ཤོག་ལྡེབ་མཐུག་པོ་ཞིག་བསྟན་ཏེ་འདི་ད་ལྟ་དག་སྒྲིག་བྱེད་བཞིན་ཡོད་གསུངས།
ད་དུང་ང་ལ་ཀུ་རེ་ཡི་ཚུལ་དུ། “ ངས་འཇིག་རྟེན་ནས་མ་བསྐྱངས་པ་ཞིག་མེད། སྔོན་ཆད་འཁོར་བ་བསྐྱངས། དེ་ནས་ནག་ཞར་གཞུང་གི་སློབ་གྲྭ་ནས་སློབ་མ་བསྐྱངས། དེའི་རྗེས་འབྲོག་རུ་སྡེ་བ་བསྐྱངས། དེའི་རྗེས་འབྲོག་རུ་ཆོས་ཁང་ནས་གྲྭ་བ་བསྐྱངས། དེའི་རྗེས་ཁྲི་ཀའི་ཇོ་ཁང་ནས་གེ་སར་ཞིབ་འཇུག་བྱེད་དུས་ཇོ་མོ་འགའ་བསྐྱངས། གནའ་ནས་ད་བར་དུ་ནད་པ་བསྐྱངས་ནས་ཡོང་བ་རེད། ད་སྐབས་ནད་པ་སྐྱོང་ཞོར་ལ་དཔེ་ཆ་འགའ་འབྲི་བཞིན་ཡོད། ” ཅེས་པའི་བཀའ་མོལ་དེས་ང་ལ་སེམས་འགུལ་ཐེབས་སུ་བཅུག
སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་ངས་རྒྱ་གར་ནས་ཁ་པར་བརྒྱུད་དེ་ཁྱེད་ལ་འཚམ་འདྲི་ཞུ་དུས་ཁྱེད་ཀྱིས་ང་ལ་“ གོ་ཐོས་ལྟར་ན་ཁྱོད་སློབ་གྲྭ་ཞིག་ན་ཡོད་རབས་ཟེར། ཧྲ་ཀི ཆོས་གྲགས་ཁོ་གཉིས་ཕ་ཡུལ་ལ་ལོག་པའི་རྐྱེན་གྱིས་ཁོ་གཅིག་པུ་ལྷག་ཐ་བསམ་ནས་ཕ་ཡུལ་ལ་ཡོང་རྒྱུར་བྲེལ་བ་མ་བྱེད། སློབ་སྦྱོང་ཡག་པོ་བྱས་ནས་གྲུབ་འབྲས་ཡག་པོ་ལོན་དགོས་རེད། སློབ་མཐར་ཕྱིན་དགོས་རེད། ཁྱོད་ཚོ་ལག་པ་སྟོང་བ་ཤར་ཤར་ཡར་ལ་རྒྱུགས། ཤར་ཤར་མར་ལ་རྒྱུགས་ནས་ལོ་ཉི་ཤུའི་ལང་ཚོ་སྟོང་ཟད་ལ་གཏོང་རྒྱུའི་དུས་ཚོད་ཡོད་མ་རེད། ” ཅེས་པའི་བཀའ་སློབ་དེས་ངའི་སེམས་ཀྱི་གཏིང་དང་སྙིང་གི་རྩེ་ལ་ཚ་ཤར་རྒྱག་པའི་ཚོར་བ་སྤྲད་མྱོང་ལ་སྔར་ལས་ལྷག་པའི་སེམས་ཤུགས་བསྐྲུན་མྱོང། ངོ་མ་བཀའ་དྲིན་ཆེ། ཉེ་ལམ་ང་རང་གཙུག་ལག་རབ་འབྱམས་པའི་ཞིབ་འཇུག་སློབ་མཐར་ཕྱིན་ཏེ་ཟླ་གཅིག་དང་ཉིན་ཉི་ཤུ་འགོར་ཡོད་ལ། བྱ་བའི་སྟེང་ཞུགས་ནས་ཉིན་ཉི་ཤུ་ཕྱིན་ཡོད་སྟབས། གནས་ཚུལ་འདི་དག་ཁྱེད་ལ་ཞུ་འདོད་མོད་ཡོད། དེ་རིང་གོ་དུས་ཁྱེད་ཉིད་ཞིང་ལ་གཤེགས་ཏེ་ཉིན་གཉིས་འགོར་འདུག
ཨ་ཁུ་སྙན་གྲགས་ལགས། དོ་ནུབ་ཁྱེད་ཀྱི་སྐུ་ཕུང་སྐར་མ་ཡིན་ཟེར། ཁྱེད་ཀྱི་རྣམ་ཤེས་ཕྲ་མོས་འོག་མིན་སྟུག་པོའི་ཞིང་བཀོད་བསྙེགས་ཟིན་ན། དོ་ནུབ་སྐུ་ཕུང་ཡང་ང་ཚོ་དང་གཏན་དུ་འབྲལ་རྒྱུ་རེད། ཡིན་ཡང། ཁྱེད་ཉིད་ངའི་འདུ་ཤེས་ཀྱི་ཀློང་ན་རྟག་བརྟན་གྱི་མར་མེ་རྐོང་བུ་གཅིག་ཡིན་སྟབས་འོད་སྣང་ལ་ཉམས་པ་མེད། ང་ཁྱེད་ལ་མཇལ་བའི་ལས་སྐལ་མ་ཐོབ་ལ་ཁྱེད་ཀྱི་སྐུ་ཕུང་ལ་མཇལ་བའི་བསོད་ནམས་དེའང་མ་ཐོབ་ཀྱང། དེ་རིང་ངས་ཁྱེད་ཀྱི་ཆེད་དུ་༸གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་གཉིས་ལ་བསྔོ་རྟེན་ཕུལ་ཡོད་ལ། དགེ་འདུན་འདུས་པ་རྒྱ་མཚོ་བཞུགས་སའི་གདན་ས་སེར་འབྲས་དགའ་གསུམ་ལའང་བསྔོ་རྟེན་ཕུལ་བ་ཡིན། ཁྱེད་ཀྱི་རྣམ་པར་ཤེས་པ་ལ་འགག་པ་མེད་ཅིང་ཁོ་བོའི་སེམས་པ་འདིས་བཟོད་ཐབས་མི་འདུག དོ་ནུབ་ངས་ཁྱེད་ཀྱི་ཕྱོགས་སུ་ལུས་ངག་ཡིད་གསུམ་གུས་པ་དང་བཅས་ཏེ་ཕྱག་གསུམ་འཚལ་ནས་ཁྱེད་ལ་སྐྱེལ་མ་བྱེད།
ཞེས་གང་གི་ཐུགས་ཀྱི་བརྩེ་བས་འདོར་མ་མྱོང་བའི་འབྲོག་རུ་ཆོས་དར་གྱིས་ཡུལ་རྒྱ་གར་བྱང་ཕྱོགས་ནོར་བུ་གླིང་ག་ནས།
སྤྱི་ལོ་2016.6.24 ཉིན་གདུང་ཤུགས་དྲག་པོས་ཤར་མར་བྲིས།
རྣམ་དག་དད་དམ་གཙང་མའི་ཞིང་ས་ལ། །ལྷག་བསམ་ས་བོན་སྨོན་ལམ་གང་བཏབ་པ། །རྟེན་འབྱུང་བསླུ་མེད་དྲོད་གཤེར་གྱིས་སྨིན་ཏེ། །དོན་གཉིས་འདོད་པའི་སྙེ་མ་གཡུར་ཟ་ཤོག །
ཆོས་བརྒྱུད་གཞན་པའི་དགོན་པ་ཚོར་ཡང་འབྲེལ་རེ་ཞོགས། དཔེར་ན་ལྷོ་ཕྱོགས་ནས་རྣམ་གྲོལ་གླིང་ལྟ་བུ། རྡེ་ར་རྡུན་ནས་ས་སྐྱ་དགོན་པ་དང་འབྲི་གུང་དགོན་པ་ལྟ་བུ། འུ་ཚོའི་ཡུལ་བ་ནས་དཀོན་མཆོག་གསུམ་ལ་ཉེ་རིང་ཡོད་ནི་མ་རེད་ཟེར་ར།
ཨོ། ཡག་པོ་ཟིག་བྲིས་འདུག ཤི་བོ་ཟོའི་རྫ་ཐ་ར་འདི་མོ་ཡག་ག་ཟིག་འབྲི་རྒྱུ་ཡོད་ནི་དེ་རིང་མ་གཏོགས་མ་ཤེས་ཐ།
ཞོར་དུ་ཀླུ་སྨྱོན་ལ་བསྔོ་རྟེན་ཅིག་འབུལ་མ་གཏོགས་ཚིག་གནད་འཕེན་འདུག་གདའ། ཧཧཧཧཧ་་་་་་་དཀོར་གྱིས་ད་དུང་ཚིམ་མེད་པ་འདྲ།
ཀླུ་སྨྱོན་རང་ཉིད་ཐོག་མར་རྙིང་མ་དང་ད་ལྟ་ས་སྐྱ་བ་ཡིན་པའི་རྒྱུ་མཚན་གྱིས་ཆོས་རྒྱུད་དེ་གཉིས་ལས་སྨྲོས་མི་འདུག ཡང་དཀོན་མཆོག་ལ་ཉེ་རིང་ལ་ཅུང་ཙམ་ཡོད་བཟོར་བསྟན་འདུག་ག
ཁ་ཏ་་་་ནི་བསླབ་བྱའི་དོན་དང་། ཁ་བརྡ་་་་ནི་གྲོས་མོལ་གྱི་དོན་ཡིན་ནམ། །
འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། འདི་ལ་གོ་རྒྱུ་ག་རེ་འདུག་གམ།
རྒྱ་གར་སྐད་དུ་་་ཨ་མི་ཏ་བྷ། རྒྱ་ནག་པས་་་ཨོ་མི་ཏུ་པོ། བོད་པས་་་འོག་མིན་སྟུག་པོའམ་་་འོག་མིན་ཐུག་པོ་བཀོད་པའི་ཞིང་ཁམས་ཟེར་ནས་སྒྲ་བསྒྱུར་སོང་བ་ཡིན་ནམ།
དེ་རིང་སོག་པོའི་གློག་བརྙན་ཞིག་བལྟས་པས་སོག་པོ་ཚོས་་་གཡུང་དྲུང་་་ལ་་་དྲུ་མུ་་་ཡང་ན་་་དྲུ་མུ་ན་་་་ལབ་སྲོལ་ཡོད་རབས་ཤོད་ཀྱི་འདུག དེ་ནི་བོན་པོའི་དཔེ་རྙིང་ཁག་ནང་ཞང་ཞུང་སྐད་དུ་གཡུང་དྲུང་ལ་་་དྲུང་མུ་་་ལབ་སྲོལ་ཡོད་རབས་གསལ་བ་དེ་དང་སྒྲ་གདངས་ཧ་ཅང་ཐག་ཉེ་བར་མཐོང་། །
ལྷན་རྒྱས་ཀྱིས་མཆན་བཀོད་པར་དགའ་བྱུང་། ཁ་སང་གཏམ་ངན་དེ་གོ་དུས་ཁ་སང་དགོང་མོ་སྐར་མ་(ངའི་ཕ་ཡུལ་ནས་ཕུང་པོ་དུར་སྦས་བྱེད་པ་ལ་གོ) ཡིན་ཟེར་བས་ལྷག་པར་ཏུ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཞུ་འདོད་པ་འགའ་ཐད་ཀར་བྲིས་པ་ཡིན། ད་ཅིག་ཀློག་དུས་ཡིག་ནོར་མང་དག་ཅིག་ཤོར་འདུག
ཨ་ཁུ་ཀླུ་སྨྱོན་ལགས། སྨན་རི་ཁྲི་འཛིན་དང་ས་སྐྱ་གོང་མ་གཉིས་ལ་བསྔོ་རྟེན་འབུལ་བསམ་ཡོད། དེ་མ་གཏོགས་དཀོན་མཆོག་ལ་ཉེ་རིང་མེད་ཀྱང་ངའི་དད་སེམས་དང་ཡིད་ཆེས་ལ་ཉེ་རིང་ཡོད་སྟབས། མཐོང་ཚད་ཉིད་ལ་སྐྱབས་བཅོལ་འདོད་མེད། ངས་འདིར་ཤི་བོའི་རྗེས་ལ་ཆོས་ཤིག་སྒྲུབ་འདོད་པ་དང་ཆོས་དེའང་རང་ལ་དད་སེམས་དང་ཡིད་ཆེས་ཡོད་པ་འབྲེལ་བཞག་ན། ཆོས་དེའང་ཆོས་སུ་འགྲོ་བ་ལ་དམིགས་པ་ཙམ་མ་གཏོགས། ཆེ་ཆེ་འུར་འུར་དང་ ཆོས་བརྒྱུད་རིས་མེད་ཡིན་མདོག་གིས་ཚང་མ་ལ་འབྲེལ་འཇོག་པའི་དགོས་པ་མ་མཐོང་ལགས།
འདས་པོར་ཆོས་ཀྱི་སྐྱེལ་མ་བྱེད།
མདོ་སྨད་མང་རྫོང་བྱ་ཁོག་གི་དམངས་ཁྲོད་སྒྱུ་རྩལ་པ། གེ་སར་སྒྲུང་བ། གསོ་བ་རིག་པའི་མཁན་པོ། འབྲོག་རུའི་སྙན་གྲགས་ལགས་༢༠༡༦ལོའི་སྤྱི་ཟླ་ལྔ་བའི་ཚེས༡༨དགུང་མོར་ཁོང་གི་ཕ་ཡུལ་འབྲོག་རུ་སྡེ་བ་ནས་སྐུ་གཤེགས་ཤིང་དགུང་ལོ་རེ་དྲུག་ཡིན།
ཁོང་ནི་མང་རྫོང་གི་མང་ཁྲོད་རྩོམ་རིག་སྒྱུ་རྩལ་པ་ཞིག་ཡིན་པ་མང་ཟད།སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་ལས་མཁས་པ་དང་འཇིགས་སྨན་བོད་ཁང་གི་ཆེད་ལས་མཁས་པ་བཅས་ཀྱི་འགན་བཞེས་མྱོང་།
འབྲོག་རུ་སྙན་ངག་གྲགས་ཁོང་ནི་དགུང་ལོ་ཆུང་དུས་ཁོང་གིས་རང་སྦྱོང་བྱས་ཏེ་བོད་ཀྱི་བརྡ་དག་དང་གསོ་རིག་བཅས་ལ་སྦྱངས་པ་མ་ཟད། ནང་བའི་གཏོས་གཞུང་། གཏོར་བཟློག་སོགས་ཆོ་ག་སྣ་ཚོགས་སོགས་འདོན་རྟ་དབྱངས་གསུམ་ལའང་སྦྱངས།
རིག་གནས་གསར་བརྗེའི་སྐབས་སུ་ཁོང་གིས་མའོ་ཙེ་ཏུང་ལ་སྙན་ངག་བྲིས་པས་ཆབ་སྲིད་ཉེས་ཅན་དུ་གྱུར་པ་མ་ཟད། དམར་སྲུང་དམག་གི་འཐབ་རྩོད་འཛིན་པའི་ཡུལ་དུ་གྱུར། དེ་བས་ལྐུགས་པའི་བརྟུལ་ཞུགས་བཟུང་ནས་ཕྱོགས་གར་སར་འཁྱམས་ཏེ་དམངས་ཁྲོད་རྩོམ་རིག་བཅས་བོད་ཀྱི་རིག་གནས་ལ་སྦྱངས།
སྲིད་ཇུས་གུ་ཡངས་སུ་སོང་བ་དང་བསྟུན་ནས་སྡེ་བའི་རྐང་རྗེན་སྨན་པ་དང་དགེ་རྒན་བཅས་བྱས་ཏེ་འབྲོག་ཕྱོགས་ཀྱི་བདེ་ཐང་དང་སློབ་གསོ་ལ་བྱས་རྗེས་མི་དམན་པ་བཞག ཁ་ལྕེ་མེ་ལྟར་འབར་ཞིང་བདེན་དྲང་ལ་གཞོལ་བས་འབྲོག་ཕྱོགས་ཀྱི་གྱོད་གཞི་སྣ་ཚོགས་འདུམ་པའི་གཟུ་བ་བྱས་པས་མཐུན་སྒྲིལ་ལ་ནུས་པ་ཆེན་པོ་བཏོན།
ཁོང་གིས་ལ་མོ་ཡོངས་འཛིན་སོགས་དགེ་བའི་བཤེས་གཉེན་མང་བོ་བསྟེན། དགེ་བསྙེན་བསྒྲུབས་ཤིང་དམ་པའི་ཆོས་ལ་ཉམས་བཞེས་གནང་། ལོ་འགའི་སྔོན་དུ་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དམ་པའི་ཆོས་ཀྱི་ཉམས་ལེན་ལ་བརྩོན་པ་གནང་།
ཁོང་གིས་སྔོན་ནས་གེ་སར་གྱི་སྒྲུང་འགའ་བྲིས་པའི་ཁར་གེ་སར་ནོར་བུའི་གླིང་གི་གདན་དྲངས་པ་ལྟར་དེར་ཕེབས་ནས་གེ་སར་གྱི་སྒྲུང་སྔོན་ཆད་མེད་པ་སྐོར་ཞིག་བྲིས་པ་ད་ལྟ་གེ་སར་ནོར་བུའི་གླིང་དུ་ཉར་ཚགས་བྱས་ཡོད།
ཁོང་གིས་བོད་ལ་མེད་པའི་གེ་སར་སྒྲུང་གང་མང་ཞིག་བྲིས་པ་མ་ཟད། དམངས་ཁྲོད་རྩོམ་རིག་དང་དམངས་ཁྲོད་ཀྱི་གསོ་རིག་ཉམས་མྱོང་། བརྡ་དག་སོགས་ཕལ་ཆེར་པོད་ཉི་ཤུ་ལྷག་ཙམ་བྲིས་ཡོད། དེ་བས་ཁོང་ནི་ཡུལ་མདོ་སྨད་ཀྱི་དམངས་ཁྲོད་རྩོམ་རིག་ཐད་ནས་བྱས་རྗེས་མངོན་པ་མཐོ་བ་ཞིག་ཡིན་པ་མ་ཟད། བོད་གངས་ཅན་གྱི་དམངས་ཁྲོད་རྩོམ་རིག་ལའང་བྱས་རྗེས་མངོན་པར་མཐོ་བ་ཞིག་ཡིན།
འབྲོག་རུའི་སྙན་གྲགས་ཀྱིས་པར་དུ་བསྐྲུན་པའི་དཔེ་ཆ་པོད་བཅུ།
༡བླ་མའི་བྱིན་རླབས་ཀུན་ནས་འཇུག་པའི་སྒོ།
༢འཇིག་རྟེན་མི་ཆོས་ཀྱི་རྩ་བ་རྡོ་རྗེ་སྒྲུང་།སྟོད་ཆ།
༣འཇིག་རྟེན་མི་ཆོས་ཀྱི་རྩ་བ་རྡོ་རྗེ་སྒྲུང་། སྨད་ཆ།
༤གསོ་རིག་མན་ངག་ཕྱོགས་བསྒྲིགས།སྟོད་ཆ།
༥གསོ་རིག་མན་ངག་ཕྱོགས་བསྒྲིགས།སྨད་ཆ།
༦འཇིག་རྟེན་ལེགས་པར་བཤད་པ་རིན་པོ་ཆེའི་རྒྱུད།
༧དམངས་ཁྲོད་ཀྱི་རིག་གནས་སྣ་ཚོགས་བཤད་པ་མེ་ཏོག་ཆུན་པོ།
༨དམངས་ཁྲོད་ཀྱི་ལོ་རྒྱུས་བཤད་པ་གནའ་བོའི་གཏམ
༩སྲིད་པའི་ཁུགས་པ་བཅོ་བརྒྱད་དང་གླུ་ཤགས་ཁྲོམ་པའི་བཞད་སྒྲ།
༡༠དམངས་གླུ་ཁུ་བྱུག་གྲེ་འགྱུར།
གཞན་ཁྲ་རྒན་གྱི་སྐྱེས་རབས། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་སྒྲར་ཕབ་པ་དང་བྱང་བེ་རུའི་དུག་མཚོ་འཁོལ་མ་སོགས་པར་དུ་བསྐྲུན་མེད་པའང་སྒྲུང་དཔེ་བཅུ་ཙམ་ཡོད། ཁོང་གི་སྒྲུང་དཔེ་དག་ནི་མཚོ་ལྷོ་ཁུལ་གནའ་དཔེ་དཀར་ཆག་ཏུའང་བཀོད་ཡོད།
འདི་འབྲི་མཁན་གསལ་བོར་མ་ཤེས་ཀྱང་དྲ་ལམ་ན་ 嘉卓ཞེས་པའི་མིང་འདི་བཀོད་པས་ཕལ་ཆེར་མང་རའི་ཀླུ་དགོན་གྱི་ཨ་ཁུ་རྒྱ་གྲོལ་ཡིན་ནམ་སྙམ། འདས་པོ་ཁོང་ལ་འབྲེལ་འདྲིས་ཟབ་པ་ཞིག་རེད་འདུག དེ་བས་འདིར་བཀོད་པ་ཡིན།
མཁས་པ་ནམ་མཁའ་ལགས་ཀྱི་ངག་ནས་ཁོང་གི་སྐོར་ཏོག་ཙམ་གོ་མྱོང་ལ། སྐད་འཕྲིན་གྱི་ལམ་ནས་ཁ་བརྡ་ཏོག་ཙམ་བྱས་པ་ཡིན་བསམས་སོང་། གཞན་མི་ཤེས་ཏེ་ཁོང་གི་སྒྲུང་དཔེ་དེ་ཚོར་བལྟ་འདོད་ཆེན་པོ་ཡོད། ཁོང་གིས་སྒྲུང་དཔེ་བྲིས་པའི་བརྒྱུད་རིམ་དེ་ཚོ་ཡང་ཤེས་འདོད་ཆེན་པོ་ཡོད།