གླག་རྒོད།
དེ་རིང་ནི་སྤྱི་ལོ་2015/8/22་ཏེ། ཕྱི་དྲོའི་ཆུ་ཚོད་བདུན་པ་ཡས་མས་ཤིག་ལ་ང་ཚོ་་”རྒྱུའུ”ཅེས་པའི་ས་གནས་དེར་འབྱོར་ཞིང་། གནས་དེ་ནི་ད་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཡིན་པ་མ་ཟད། ལུང་འགག་དེའི་ཕ་རོལ་ན་རྒྱ་ནག་གི་དམག་སྒར་བརྟན་གཞིས་བྱས་ཤིང་། ཚུལ་རོལ་ན་དུད་ཁྱིམ་ཉི་ཤུ་ལྷག་འདུས་སྡོད་བྱས་ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་དང་དེའི་ཉེ་འགྲམ་ན་རྒྱ་གར་གྱི་དམག་སྒར་ཆེན་པོ་ཞིག་ཀྱང་འདུག གཡས་གཡོན་གྱི་བྲག་རི་མཐོན་པོ་གནམ་དུ་གཟིར་བའི་རྩེ་མོ་ན་གངས་དཀར་པོའི་རྡུལ་བརྩེགས་ཀྱི་ཕོན་པོ་ཕྱོགས་བཞིར་འཕྲེང་དུ་བསྟར་ཞིང་། ཕྱོགས་ཀྱི་ཁོར་ར་ཁོར་ཡུག་ནི་མ་བཅོས་རང་བྱུང་དཔལ་གྱིས་གྲུབ་པའི་སྤང་རི་དང་ནགས་རི་ལ་སོགས་པའི་མཛེས་སྡུག་ཡིད་དུ་ཡོང་ལ། འདབ་ཆགས་དང་གཅན་གཟན་ལ་སོགས་པའི་བདག་མེད་སེམས་ཅན་མང་པོ་ཁྱུ་དང་ཁྱུ་ཚོགས་ཀྱིས་གང་དགར་བག་གཡེང་དུ་རྩེན། སེང་དཀར་མོ་གངས་ནས་འགྱིངས་འདྲའི་རྒྱབ་རི་མཐོན་པོའི་མདུན་ངོས་ཀྱི་ཕང་བ་རུ་”རྒྱུའུ”ཞེས་པའི་གྲོང་ཚོ་ཆུང་ཆུང་དེ་རྔམ་བརྗིད་ལྡན་པའི་ངང་ཆགས་ཤིང་། གཡས་གཡོན་གྱི་རི་ལུང་གཉིས་སུ་གཡུ་འབྲུག་སྔོན་པོ་ཚང་ལ་ཕྱོགས་འདྲའི་གཙང་པོ་ཆེན་པོ་གཉིས་ལྷང་ལྷང་གི་འབབ་སྒྲ་སྙན་པོ་དང་བཅས་མདུན་ཕྱོགས་ཀྱི་རི་ལུང་བརྒྱུད་ནས་གླང་ཆེན་ཁ་འབབ་ཀྱི་ཆུ་ལག་གལ་ཆེན་ཞིག་ཏུ་གྱུར་བའི་སྤྱི་ཏི་གཙང་པོའི་བཞུར་རྒྱུན་དང་འདྲེས།
གྲོང་ཚོ་འདི་ལ་་རྒྱུའུ་ཅེས་པའི་མིང་ཇི་ལྟར་ཐོགས་པ་ཡིན་མིན་དང་ཐ་སྙད་འདིའི་སྐབས་བབ་ཀྱི་གོ་དོན་གང་ཞིག་ལ་འགྲེལ་དགོས་མིན་སོགས་ནི་བདག་གིས་གསལ་པོར་རྩར་མ་ཆོད་དེ། ཡིན་ནའང་སྤྱི་ཏི་ཡུལ་ལ་དཔྱད་གླེང་བྱས་པའི་ཡིག་ཆ་ལ་ལར”་རྒྱུའུ་”ཞེས་པའི་ཐ་སྙད་འདི་བཀོད་འབྲི་བྱས་ཡོད་པས་འདིར་ཡང་དེ་ལྟར་རང་འཇགས་སུ་བྲིས་ཡོད།
འོན་ཀྱང་། བདག་གིས་རྨོངས་ཚོད་ལྟར་ན་”རྒྱུའུ”་ལས་”རྒྱུད་”ཨེ་ཡིན་ནམ་སྙམ་སྟེ། རྒྱུད་ནི་གསང་སྔགས་རྙིང་མ་བ་དང་འབྲེལ་བའི་ཐ་སྙད་གལ་ཆེན་ཞིག་སྟེ། སྤྱིར་སྤྱི་ཏི་ཡུལ་འདི་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྤྱི་ཏི་སྟོད་ཕྱོགས་ནི་དུས་རབས་བཅུ་བཞི་བ་ནས་བཟུང་རིམ་པར་ཆོས་བརྒྱུད་ཕལ་ཆེར་དགེ་ལུགས་པར་བསྒྱུར་ཚར་འདུག་ལ། སྤྱི་ཏིའི་སྨད་ཕྱོགས་སུ་”རྒྱུའུ་”གྲོང་ཚོ་ཐེ་བའི་ཡུལ་ལུང་ཁ་ཤས་ཤིག་ད་དུང་ཡང་ཆོས་བརྒྱུད་རྙིང་མར་གཏོགས་པས་ན་དེ་ལྟར་ཡིན་ནམ་བསམ།
དེ་མིན་རྒྱུའུ་ཞེས་པའི་ཐ་སྙད་འདི་ལ་གོ་བ་ལྷག་མ་ཞིག་བདག་གིས་མ་རྙེད་ལ། གང་ལྟར་གྲོང་ཚོ་འདིའི་ཡུལ་སྲོལ་དང་འཚོ་བའི་གོམས་གཤིས་སོགས་ཡོད་ཚད་གནའ་པོའི་བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སོ་ཚིལ་སྣུམ་པོ་ད་ལྟའི་བར་དུ་ཕྱོགས་ཙམ་ཡང་མ་ཡལ་བར་རང་འཇགས་སུ་གནས་ཤིང་། སྐད་རིགས་ཀྱང་སྟོད་མངའ་རིས་ཕྱོགས་ཀྱི་ཡུལ་སྐད་རྣལ་མ་བཤད་ཀྱིན་ཡོད་པ་མ་ཟད་སྐད་ཆའི་ཁྲོད་དུ་བོད་རང་གི་གནའ་པོའི་བརྡ་རྙིང་མང་པོ་བེད་སྤྱོད་གཏོང་དང་གཏོང་བཞིན་ཡོད་པ་བཅས་ཞིབ་ཏུ་ཉན་ན་ང་ཚོའི་བར་ལ་གོ་བརྡ་མི་འཕྲོད་པ་གང་ཡང་མི་འདུག གལ་སྲིད་ཁྱེད་རང་གྲོང་ཚོ་ཆུང་ཆུང་འདིའི་ནང་དུ་སླེབས་པ་ཡིན་ན། གནའ་བོའི་བོད་ཀྱི་གདོད་མའི་སྤྱི་ཚོགས་ཤིག་ཏུ་སླེབས་པའི་ཚོར་འདུ་ཟབ་མོ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་ཡོང་ལ་དེ་དང་ལྷན་དུ་དགའ་སྐྱོ་འདྲེས་མའི་བསམ་གཞིག་ལྕི་མོ་ཞིག་ཀྱང་ཡ་ཆུང་ཁོག་པའི་སྙིང་ཁམས་ལ་ཡང་ཡང་འཁོར་ཡོང་། དེ་ནི་ཁྱེད་རང་ཉིད་ལའང་འཇིག་རྟེན་གྱི་དཀར་ངོགས་འདི་ན་རླུང་ནང་གི་མར་མེ་ལྟར་དུ་གྱུར་བའི་མི་རིགས་ཤིག་གི་རིག་གཞུང་དང་གོམས་གཤིས་ལ་བག་ཆགས་ཟབ་མོ་ཞིག་དང་ཚོར་འདུ་གསོན་པོ་ཞིག་ཡོད་པའི་དན་རྟགས་ཅི་ལ་མིན།
བགྲང་བྱ་བཅུ་ཕྲག་གསུམ་གྱི་ཡར་སྔོན་དུ་གནས་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་ས་ཁོངས་གང་ལའང་མི་གཏོགས་པའི་རང་དབང་རང་གནས་ཀྱི་གསང་བའི་གྲོང་ཚོ་ཞིག་ཡིན་པར་བརྗོད། ཕྱིས་སུ་རྒྱ་གར་གཞུང་གིས་ཧི་མ་ལ་ཡའི་རི་གསེང་དུ་གནས་པའི་ཡུལ་ལུང་འདི་རྒྱ་ནག་གིས་དབང་སྒྱུར་འོག་ཏུ་ཕྱིན་མེད་པ་ཤེས་རྗེས། ཁོང་ཚོས་བདག་བཟུང་བྱས་ཏེ་ད་སྐབས་རྒྱ་གར་ཧི་མ་ཅལ་གཞུང་གི་མངའ་ཁོངས་ཡིན་པ་མ་ཟད། གལ་སྲིད་ཁྱེད་རང་ཡུལ་ལུང་འདིར་འགྲོ་དགོས་ཚེ་ཐོག་མར་རྒྱ་གར་གྱི་ས་གནས་དམག་མི་ལ་ཆོག་མཆན་ཞུ་དགོས་ཤིང་། དེ་མིན་མི་ཆ་མེད་ཞིག་ཡིན་ན་རང་དགར་དུ་སྐྱོད་ཆོག་པའི་གནས་ཤིག་ཞར་ཡང་མ་ཡིན་པར་བྱ་ར་དང་སོ་ལྟ་ཡང་ཡང་བྱེད་པའོ།།
གནས་འདི་ནས་གནའ་བོའི་འགྱུར་རྡོ་དང་རིན་པོ་ཆེ་གཟི་ལ་སོགས་པའི་གཏེར་རྫས་སྣ་ཚོགས་ཤིག་ཐོན་དང་འཐོན་བཞིན་ཡོད་པ་མ་ཟད། དེ་ལས་ཀྱང་ཧང་སང་དགོས་པ་ཞིག་ནི། ཉེ་བའི་ལོ་ཤས་སྔོན་རྒྱ་གར་གཞུང་གིས་ཡུལ་ལུང་འདི་ལ་གཞུང་ལམ་བཟོ་བཞིན་པའི་སྐབས་ཤིག དམག་མི་ཞིག་གི་འཇོར་གྱིས་ས་བརྐོས་པའི་ཤུལ་དུ་གློ་བུར་དུ་ཁྲག་ཡར་ཐོན་པ་དང་། ཚང་མ་ཧང་སང་བཞིན་ས་དྲུད་ནས་བལྟས་པ་ན་སྒོམ་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་མིའི་ཕུང་བོ་རློན་པ་ཞིག་རྙེད།
ཕྱིས་སུ་རྒྱ་གར་གྱི་ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན་དེ་ནི་མི་ལོ་ལྔ་བརྒྱ་ལྷག་འདས་ཟིན་པའི་ཕུང་བོ་ཞིག་ཡིན་པར་བསྒྲགས་པ་མ་ཟད། སྐབས་ཤིག་༧ གོང་ས་མཆོག་ཀྱང་གནས་འདིར་ཕེབས་ནས་ཕུང་པོ་དེའི་བཞུགས་སྟངས་དང་འབྱུང་སའི་ཡུལ་སོགས་གང་ལ་དཔྱད་ནའང་དེ་ནི་ནང་བའི་སྒོམ་ཆེན་པ་ཞིག་གི་ཕུང་པོ་ཡིན་པར་ངོས་འཛིན་གནང་ཞིང་མཚན་ལའང་རྒྱུའི་བླ་མ་སྐམ་པོ་(དག་ཆ་གསལ་བོར་མ་ཤེས་) ཞེས་གསོལ་བར་གྲགས།
ད་སྐབས་སྐུ་གདུང་དེ་ནི་སྡེ་བའི་གླིང་སྟོད་ཀྱི་ཁང་བ་ཆུང་ཆུང་ཞིག་གི་ནང་བཞུགས་འདུག་ལ། འཁྲིས་ན་ཟངས་མདོག་དཔལ་རིའི་ཕོ་བྲང་གི་བཀོད་པ་རྣམ་པར་མཛེས་པའི་ལྷ་ཁང་ཆེན་པོ་ཞིག་གསར་བཞེངས་བྱེད་བཞིན་འདུག་ལ། ཕྱིས་སུ་ལྷ་ཁང་དེ་ལེགས་པར་འགྲུབ་རྗེས་སྐུ་གདུང་དེའི་ནང་དུ་གདན་འདྲེན་ཞུ་རྒྱུ་ཡིན་པར་བཤད། མི་གཡོ་བའི་རྡོ་རྗེ་དཀྱིལ་ཀྲུང་དུ་བཞུགས་ཤིང་གྲལ་དག་པའི་ཚེམས་ཕྲེང་དཀར་པོ་མངོན་པར་བཞད་པའི་ཚུལ་མཛད། སྐྲ་དང་སེན་མོ་སོགས་ད་ལྟ་ཡང་སྐྱེ་བཞིན་ཡོད་པར་བཤད་ལ། སྣོལ་མར་སྦྲེལ་བའི་ཕྱག་གཡས་པའི་ནང་དུ་ཕྲེང་བ་ཞིག་བཟུང་མེད་དམ་སྙམ་པའི་ཚོར་སྣང་སྟེར་ཞིང་དབུ་ལ་རྨས་སྐྱོན་ཕོག་པ་དེའི་རྐྱེན་པས་རུས་པའི་ཟུངས་བཅུད་ལ་འཐིམ་ནས་སྐུའི་ཐམས་ཅད་སྐམ་རད་དུ་སོང་ཡོད་པ་མ་ཟད་དབུ་ཡང་ཅུང་ཟད་གཡོན་ཕྱོགས་སུ་གཟུར་འདུག
མི་ལོ་ལྔ་བརྒྱའི་ལྷག་གི་རིང་ལ་སྒོམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྐྱེས་བུ་དམ་པ་འདི་ནི་ད་དུང་ཡང་སྲོག་དབུགས་ཕྲ་མོ་ཞིག་གིས་ནང་རྒྱུད་ཀྱི་རྩ་རླུང་འཁོར་ལོའི་འབྱུང་ཁམས་རྣམས་མ་འཁྲུགས་པར་འདི་ལྟར་བརྟན་པོ་འཚོ་བཞིན་ཡོད་པ་ནི་ཡ་འཚན་ཆེ་སྟེ། སྔོ་སེར་དཀར་དམར་ལ་སོགས་པའི་ལྷ་རེག་གིས་ཡོངས་སུ་བཏུམ་པའི་སྐུ་གདུང་ཁྱད་པར་ཅན་འདི་ལ་ད་སྐབས་ཕྱོགས་སོ་སོ་ནས་མཇལ་པ་མང་པོ་ཡོང་བཞིན་པ་མ་ཟད།ང་ཚོས་ཀྱང་ཁོང་གི་སྒོམ་ཀྱི་ཏིང་ངེ་འཛིན་མི་དཀྲོགས་པའི་ཆེད་དུ་ཁུ་སིམ་པའི་ངང་སྐོར་བ་ལན་གསུམ་རྒྱབ་སྟེ་མདུན་ཕྱོགས་ནས་གསོལ་བ་སྨོན་ལམ་རེ་བཏབ་རྗེས་ཕྱིར་རང་མལ་དུ་ལོག་ནས་གྲོང་ཚོ་དེའི་ནང་འགྲོན་ཁང་ལྟ་བུའི་ཁྱིམ་ཚང་ཞིག་གི་ནང་ནས་གནས་ཚང་གཡར་ཏེ་བསྡད་པ་ཡིན།
ང་ཚོ་རྒྱུའུ་ཞེས་པའི་ཡུལ་ལུང་འདིར་ཡོང་དགོས་པའི་དམིགས་ཡུལ་གཉིས་ཡོད་དེ། གཙོ་བོ་མཱ་ན་ལེ་དང་རོ་ཐང་། སྤྱི་ཏི་སྟོད་ཕྱོགས། གར་ཤ་སོགས་གང་ནའང་མེད་པའི་གཟའ་དུག་ནག་པོ་ཞེས་པའི་སྔོ་སྨན་དེ་ངོས་འཛིན་བྱ་བའི་ཆེད་དང་། ཞོར་ལ་རྒྱུའི་བླ་མ་སྐམ་པོ་ཞེས་པའི་གདུང་རྟེན་ཡ་མཚན་ཅན་དེ་ལ་མཇལ་བའི་ཆེད་ཡིན། ཕྱི་ཉིན་ཞོགས་པར་ང་ཚོ་སྔ་མོ་ནས་མལ་ལས་ལྡང་ཞིང་ཁྲི་གདུག་ཉི་མའི་གཟི་འོད་ཤར་རི་མཐོན་པོའི་ཕྲག་གོང་ནས་དལ་གྱིས་འཛུམ་པ་དང་མཉམ་དུ་ང་ཚོ་ཡང་རྒྱུའུ་གྲོང་ཚོའི་རྒྱབ་རི་མཐོན་པོའི་ངོས་སུ་སྔོ་སྨན་ངོས་འཛིན་ལ་བསྐྱོད་པ་ཡིན། ཡིན་ནའང་ལམ་བར་ནས་གྲོང་ཚོ་དེའི་རྒན་མོ་བཞི་ལྔ་ཞིག་ཡོང་ནས་ལམ་བཀག་བྱས་ཏེ་རི་མགོར་འཛེག་མི་ཆོག་པར་བཤད།
ཁོང་ཚོས་བརྗོད་གསལ་ལྟར་ན། དང་པོར་ང་ཚོའི་རྩ་བའི་བླ་མ་ཕེབས་ནས་རྒྱབ་རི་ངོས་ཀྱི་གཟའ་དུག་ནག་པོ་བཏོག་སྟེ་ཐོག་མར་ཡུལ་དེའི་སྲུང་མ་དང་གཞི་བདག་རྣམས་ལ་ཕུལ་དགོས་པ་དང་། དེ་ནས་རིམ་པར་ཁྱིམ་ཚང་རེ་ལ་གཟའ་དུག་ནག་པོ་གཅིག་རེ་གནང་རྗེས་གཞི་ནས་མི་ཚོ་རི་མགོར་འགྲོ་ཆོག་པ་མ་གཏོགས་དེ་མིན་མི་སུ་གཅིག་ཀྱང་འགྲོ་མི་ཆོག་པར་བཤད། གལ་སྲིད་རི་མགོ་སོང་ན་ལྷ་དང་སྲུང་མ་ཐུགས་འཁྲུག་ནས་དྲག་ཆར་ཆེན་པོ་འབབ་པ་དང་། ཆུ་ལོག་དང་ཐོག་སེར་གྱི་འཇིགས་པ་ཆེན་པོ་ཡོང་བར་བཤད།
ཕྱིས་སུ་ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན། ལོ་ངོ་དུ་མའི་ཡར་སྔོན་ས་ཆ་འདིར་དྲག་ཆར་ཆེན་པོ་ཞིག་བབས་ནས་གྲོང་ཚོ་དེའི་ཕྱེད་ཀར་ཆུས་འཇིགས་འཐེབ་ཅིང་། ལྷ་བ་ཞིག་ལ་ལུང་བསྟན་ཞུས་པས་དེ་ནི་རི་མགོའི་གཟའ་དུག་ནག་པོ་བཏོག་པ་ལ་བརྟེན་ནས་བྱུང་བར་བསྙད་པས། ཁོ་ཚོ་ལ་མཚོན་ན་རི་མགོར་འགྲོ་རྒྱུ་ནི་འཇིགས་སྣང་ཆེ་ཤོས་དེ་རེད། ང་ཚོས་ཇི་ལྟར་ཞུ་བ་བྱས་ནའང་ཕན་ཐོག་གང་ཡང་མེད་པར་ཁྱོད་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཇི་ལྟར་རྩི་བ་ནང་བཞིན་ང་ཚོས་ཀྱང་སོ་སོའི་བླ་མའི་བཀའ་ལ་དེ་ལྟར་རྩི་དགོས་རེད། གལ་སྲིད་ཡུལ་ལུང་ལ་ཆགས་འཇིག་བྱུང་ན་སུས་འགན་འཁུར་རྒྱུ་ཡིན། ཁྱོད་ཚོ་ད་དུང་ཕྱིར་མི་འགྲོ་ན་ཁྱོད་ཚོའི་མོ་ཊ་(རླངས་འཁོར) བཅོམ་རྒྱུ་ཡིན་ཟེར་ནས་འཇིགས་སྐུལ་དང་བཅས་མཐར་གྲོང་ཚོ་དེ་ནས་ངེད་ཅག་ཕྱིར་ཕུད་བྱས་བྱུང་།
ང་ཚོས་གཟའ་དུག་ནག་པོ་ལྷར་མཆོད་པ་འབུལ་རྒྱུར་ཕར་བཞག་མིའི་ལག་པས་རེག་རྒྱུ་ཡང་མཚེར་སྣང་བྱེད་བཞིན་ཡོད་ན། ཡུལ་ལུང་ཁུག་ཀྱོག་འདིར་ཇི་འདྲའི་རྨོངས་དད་ཆེ་བ་ལའང་བསམ་བཞིན་སྐྱོ་སྣང་དང་འཕང་སེམས་འདྲེས་མའི་ཚོར་བ་སྐྱུར་མོ་ཞིག་དང་བཅས་2015/8/23 ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་བ་ཡས་མས་ཙམ་ལ་ང་ཚོ་ཕྱིར་གཱ་ཛའི་(དཀར་མཛེས)ཕྱོགས་སུ་ལོག་པའི་ལྟ་གོན་བྱས།
༼ཉེ་ཆར་དྲྭ་ལམ་ཁག་ན་ལོ་ཆེན་རིན་ཆེན་བཟང་པོའི་སྐུ་གདུང་ཡིན་པར་བསྙད་པའི་ཡིག་འཁྱམ་ཞིག་གང་སར་ཁྱབ་བཞིན་འདུག་པས། གུས་པ་ཉིས་སྟོང་བཅོ་ལྔ་ལོར་སྔོ་སྨན་ངོས་འཛིན་ལ་ས་དེར་དངོས་སུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་གྱི་ཟིན་བྲིས་ཤིག་ཡོད་པ་དེ་རིང་འདིར་བརྩེ་བའི་དྲྭ་གྲོགས་ལ་གསལ་སྟོན་ཞིག་གི་ཚུལ་དུ་ཟུར་བཀོད་བྱས་པ་ཡིན།༽
གནས་ཚུལ་སྙན་པོ་ཞིག་བཀོད་འདུག་པ་ཐུགས་རྗེ་ས་གནས་
དེར་ཐེང་གཅིག་འགྲོ་དགེས་འདུག་།
ནོར་བཅོས་(ཐུགས་རྗེ་ཆེ་)ཆེ་
་་་་་་་ མི་ལོ་ལྔ་བརྒྱའི་ལྷག་གི་རིང་ལ་སྒོམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྐྱེས་བུ་དམ་པ་འདི་ནི་ད་དུང་ཡང་སྲོག་དབུགས་ཕྲ་མོ་ཞིག་གིས་་་་་་་་
་་་་་་་་་ སྐྲ་དང་སེན་མོ་སོགས་ད་ལྟ་ཡང་སྐྱེ་བཞིན་ཡོད་པར་བཤད་ལ། ་་་་་་་་་
ས་ཆ་འདི་ཚོ་ནི་སྔོན་མ་བོན་དང་ཞང་ཞུང་གི་ཕ་ཡུལ་རེད། དེང་སང་ཡང་བོན་ལ་དགའ་ཞིང་ཞང་ཞུང་ལ་དུང་བའི་མི་སྣ་མང་པོ་ཡོད་པར་ངེས། སྐུ་གདུང་དེ་ཚོ་སྔོན་མ་ག་བ་ཡོད་ནའང་ཡོད་ས་དེར་རང་འཇག་བཞག་ན་ཡག་ཡོང་། ངོས་འཛིན་གསལ་པོ་སུ་ལའང་ཤོད་རྒྱུ་མེད་པ་ལ། ང་ཡི་ཡིན་དང་ཁོ་ཡི་ཡིན་ཟེར་ནས་ཧམ་ཁྱེར་བྱེད་ཆོག་ཆོག་ཨ་ཡོད་ན། འདི་ཕྱོགས་ལ་དབྱིན་ཇི་ཚོས་ཞིབ་འཇུག་བྱས་པའང་འདི་འདྲ་འདུག http://www.tibetarchaeology.com/january-2016/
བཀྲིན་ཆེ་དོན་ངོ་མ་ས་ཆ་གང་དུ་ཡོད་རུང་ནང་པའི་ཆོས་ཀྱིས་སྦྱིན་རླབས་འཛམ་གླིང་ལ་ངོམ་ཆོག་པ་དེ་རེད་ལ་ནང་པ་ཡོངས་ཀྱི་དགའ་བསུ་ཞུ་འོས་པ་ལས་ང་བདག་ཁེ་བདག་མིན་པར་བདག་གཅེས་ཡག་པོ་གནང་ནས་འཛམ་གླིང་ཤར་ནུབ་ནས་དད་ལྡན་ཆོས་མཇལ་ལ་ཕེབས་ཚོར་སྣེ་ལེན་དང་རྒྱུས་སྟོན་ཡག་གནང་རོགས་གནང་དེ་ཡང་གཞན་ཕན་བྱ་བ་རེད་ཐུགས་རྗེ་ཆེ་བཀྲིན་ཆེ་།
འབྲི་སྟངས་དམིགས་བསལ་ཞིག་རེད། ཡག་པོ་མཐོང་སོང་།
སྲིད་སྐྱོང་གིས་གྲོས་ཚོགས་ནང་ཤར་ཕྱོགས་ཁུག་རྟར་དམའ་འབེབས་བྱས་པ་ནང་བཞིན་ཏྲེ་ཧོར་བྱམས་རིན་ཟེར་བས་ཨ་ཁུ་འབྲོག་པར་ཚིག་ངན་དྲག་པོ་ཞིག་སྨྲས་ཁུལ་ཡིན་འདུག་ཀྱང་། གོ་རྒྱུ་གང་ཡང་མི་འདུག ཡིག་སྟོང་རང་རེད་འདུག ཧི་ཧི། སྙིང་རྗེ། ང་རྒྱལ་ཆར་ལོད་ལ་བལྟས་ན་སྐྱིད་པོ་མེད་པ་འདྲ།
སྤྱི་ཏི་ཞེས་པ་ན། ཏི། ཟེས་པ་དེ་ཆུའི་མིང་དུ་མངོན། སྦལ་ཏི་དང་། ཉུང་ཏི། སོགས་ཡོད། ཏི་སེ་ཞེས་པ་གངས་རིན་པོ་ཆེ་ལ་འཇུག ལ་དྭགས་པའི་སྐད་དུ། ཁ་ཆུ་ལ་ཁ་ཏི། སྣ་ཆུ་ལ་སྣ་ཏི། གྲོག་པའི་ཆུ་འཕེལ་བ་ལ་ར་ཏི་ཟེར། ང་ཕྲུ་གུའི་སྐགས་སུ། སྤྱི་ཏི་ནས་འོངས་པའི་མ་ཎི་པ་ཁྱུ་ཞིག་གིས་ལ་དྭགས་ཀྱི་ཡུལ་ལུང་དག་ཏུ་ཆོས་བཤད་དང་། ལུས་རྩལ་སོགས་བསྟན་པ་མཐོང་། ཀུ་ལུ་མ་ནཱ་ལཱི་སོགས་སུ་ཧིནྡུ་དང་མུ་སུལ་མན་ནང་འཁྲུག་སྐབས་སུ་སྤྱིད་ཏིའི་བརྒྱུད་བྲོས་ཤོར་པ་མུ་སུ་མན་ཞིག་གིས་སྤྱིད་ཏི་པ་ཀུན་ལ་འཇུ་ཟེར་ཞེས་འཕྲིན་བསྐུར་པ་ལ་དྭགས་གླེ་རུ་༡༩༤༧ ཙམ་ལ་ཐོས། སྤྱི་ཏིའི་ཡུལ་གྱི་བཤད་པ་ཞིག་ལོ་ངོ་བརྒྱད་ཅུ་ཙམ་སྔོན་དུ་ལ་དྭགས་པ་ཡེ་ཤུའི་ཆོས་ལུགས་པ་ཇོ་སེབ་ཚེ་བརྟན་གིས་བྲིས་པ་བཀླགས་མྱོང་ངོ་།
སྤྱིད་ཏི་ཞེས་པ་སྤྱི་ཏི་ཞེས་ཀློག་པར་མཛོད།