རྔ་བ་ཀུན་བཟང་།
ང་རང་སྐྱེས་མ་ཉིད་དུ་ཆ་མེད་ངང་འགྲོ་ཡིན།
ང་རང་སླེབ་མ་ཉིད་དུ་འགག་སོང་།
ངས་བཤད་མ་ཉིད་དུ་གོ་དཀའ་ཤིང་།
ང་འགྲོ་མ་ཉིད་དུ་ཞ་སོང་།
ང་སུ་རེད།
ངས་གང་ཞིག་སེམས་སུ་ཉར་འདོད་ཀྱི་སྙིང་ཁ་ཕྱེས་མ་ཐག
དབུགས་རླབས་བཙན་ནས་འགགས་ཞིང་།
ངས་སུ་ལ་དམར་ཆུང་སེམས་པ་འདི་གཏོད་འདོད་ཀྱི་སྙན་ངག་བྲིས་མ་ཐག
ཚིག་རྐང་ཡོད་ཚད་མིག་མཐའ་ནས་འཁྲུལ་སོང་།
དེ་ལྟར་འདི་ལྟར་དུ།
ང་ང་ཡི་རྐང་ལམ་ན་འགྲོ་ཞིང་།
ངས་ང་ཡི་རྨི་ལམ་གཏོང་བཞིན་ཡོད་པས།
ངའི་རྨི་ལམ་མ་གཏོང་རོགས
ཁྱེད་རང་གདགས་གཞིའི་ཕུང་པོ་ལྔ་ཡི་ཚོགས་པ་ལ་བཏགས་པའི་རྔ་བ་ཀུན་བཟང་རེད། ཁྱེད་རང་གིས་ཁྱེད་རང་ཤེས་རྒྱུ་ཁག་པོ་རེད། ཐབས་གཞན་ལ་བརྟེན་ནས་ཤེས་དགོས་ངེས་རེད། དཔེར་ན། ཁྱེད་རང་གི་བྱད་བཞིན་དེ་ཐབས་གཞན་མེ་ལོང་སོགས་ལ་མ་བརྟེན་ན་ཁྱེད་རང་གིས་ཁྱེད་རང་གི་བྱད་བཞིན་ཤེས་མི་ཐུབ། དེ་ཡིན་དུས་ཁྱེད་རང་ཤེས་མཁན་ཞིག་ཏན་ཏན་ཡོང་གི་རེད། དེ་དུས་ཁྱེད་ཀྱིས་རྨི་ལམ་གཏོང་མ་ཡོང་ཟེར་ནས་བཤད་ཀྱང་རྨི་ལམ་བཏང་ཟིན་པར་མ་ཟད་རྨི་ལམ་ལ་རྨི་ལམ་ཡིན་པར་ཤེས་འགྲོ་གི་རེད། དེ་དུས་རང་ངོ་འཕྲོད་ཅེས་བཤད།
བཀའ་དྲིན་ཆེ།