གླང་དར་སྤོ་ཆུང་།
འདི་ལོའི་བོད་ཀྱི་མཛངས་མ་ཟེར་བས་བོད་སྐད་གཙང་མ་ཞིག་མི་ཤེས་པའམ་བོད་སྐད་གཙང་མ་མི་སྤྱོད་པའི་གནད་དོན་དེར་དྲྭ་ལམ་ཁག་ཏུ་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་དང་། མཛངས་མའི་དབུ་རྒྱན་ཐོབ་མཁན་བསྟན་འཛིན་སངས་ཉིད་གཉིས་ལ་བློ་ཕམ་དང་སྐྱོན་བརྗོད་ཀྱི་སེམས་གཏམ་སྨྲ་མཁན་ཤིན་ཏུ་མང་ཞིང་། དེ་ནི་རིགས་ལ་གཅེས་པའི་ན་ཟུག་སེམས་ཀློང་ནས་བརྡོལ་བ་ཞིག་ལོས་ཡིན།
དེ་རིང་ཐོབ་པའི་དབུ་རྒྱན་ནི། བོད་མི་ཞིག་གི་དབུ་རྒྱན་དང་། དེ་ཡང་བོད་ཀྱི་མཛངས་མའི་དབུ་རྒྱན་ཡིན་པས། དེའི་དབུ་རྒྱན་གྱོན་མཁན་ལ་བོད་མི་ཞིག་གི་ངོ་བོའམ་བླ་སྲོག་སྟེ། མ་མཐའ་ཡང་བོད་ཀྱི་སྐད་ཡིག་རང་སྐྱ་འཕེར་བ་ཞིག་དགོས་པ་ནི། གཞི་རྩའི་ཆ་རྐྱེན་ལོས་ཡིན་དགོས།
འོན་ཀྱང་འདི་ལོའི་བོད་ཀྱི་མཛངས་མ་ཟེར་བས་དྲི་བ་གཅིག་གི་ལན་འདེབས་ཙམ་ཡང་བོད་སྐད་གཙང་མ་ཞིག་མེད་པ་མ་ཟད། མོས་བཤད་པའི་སྐད་ཅ་རྣམས་དབྱིན་སྐད་མི་ཤེས་པའི་བོད་མི་ཞིག་གིས་རྩ་བ་ནས་གོ་རྒྱུ་མེད་པས། བོད་ཀྱི་མཛངས་མ་ལྟ་ཞོགས། བོད་མི་དཀྱུས་མ་ཞིག་གི་ངོ་བོ་ཡང་མཚོན་མི་ནུས་པ་གསལ་པོར་གྱུར་པ་ནི། བཙན་བྱོལ་བོད་མིའི་མི་ལོ་བཅུ་ཕྲག་དུ་མའི་མི་རིགས་སློབ་གསོ་དང་། ཤེས་ཡོན་སྤྲོད་ཕྱོགས་ལ་འབྲེལ་ཡོད་པ་མ་ཟད། མོ་ནི་བཙན་བྱོལ་བོད་མིའི་སློབ་གྲྭའི་ཐོན་རྫས་ཤིག་ཡིན་པས། མོའི་བོད་སྐད་ཡིག་གི་ཆུ་ཚད་དམའ་བོ་འདི་ནི། གོ་སྒྲིག་པ་དང་མོ་རང་གཅིག་པུའི་ནོར་འཁྲུལ་ཞིག་ཏན་ནས་མིན།
གང་ལགས་ཞེ་ན། འདི་ནི་ང་ཚོ་མཐོ་དམན་ཚང་མའི་འདས་ཟིན་པའི་ནག་ཉེས་དང་མ་འོངས་པའི་ཉེན་ཁ་གསལ་འདོན་གྱི་དྲན་སློང་རྣོན་པོ་བྱས་པ་ཞིག་ཡིན། དེ་ནི་ང་ཚོས་བོད་ཀྱི་སོན་རྩ་དང་གྲུབ་འབྲས་ཟེར་བ་གླེང་བཞིན། དོན་དམ་དུ་བཙན་བྱོལ་ནང་ནས་བོད་ཀྱི་ངོ་བོ་དང་བོད་མི་རིགས་སྲུང་སྐྱོབ་མ་བྱས་པའི་ནག་ཉེས་གསལ་པོ་ཞིག་ཡིན།
བོད་ནང་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་འདུག་ཅེས་ང་ཚོས་བརྗོད་པ་དོན་དངོས་ཡིན་པ་བཞིན། ང་ཚོས་ཀྱང་རང་དབང་ལུང་པ་ནས་བོད་མི་རིགས་འདི་མི་རིགས་གཞན་ཞིག་ཏུ་བསྒྱུར་ཚར་མི་འདུག་གམ། ངོ་ཚ་ཞིང་ཡིད་སྐྱོ་ལ། འཇིགས་ཡེར་ཞིང་སྐྱི་ཡ་དགོས་པ་ཞིག་ཏུ་གྱུར་ཟིན་མི་འདུག་གམ།
ད་དུང་ཡང་སྲིད་སྐྱོང་བློ་བཟང་སེང་གེས་”རི་བོང་རྡོ་རྫུས”ཀྱིས་རང་གི་ནག་དང་ནོར་འཁྲུལ་ཁས་ལེན་མ་བྱས་པར། སྐྱོན་དང་ནོར་འཁྲུལ་གཞན་ཞིག་ལ་ཁག་དཀྲི་སྙོན་འཛུགས་ཀྱིས་ནང་ཁུལ་འབུར་འཇོམས་ཁོ་ནར་འབད་ནས་བསྡད་། ངོ་ཚ་མེད་པའི་གདོང་འབག་མཐུག་པོ་དེས་མི་ཚེ་ཟེར་བ་རང་རློམས་ངོ་བསྟོད་ཙམ་གྱིས་ཁུངས་འཁྱོལ་སྲིད་ཀྱང་། མི་ཚེའི་ལོ་རྒྱུས་ཅེས་པའི་དངོས་བྱུང་དེབ་ཐེར་ནང་སུ་ལ་ཡང་དམིགས་བསལ་མེད་པས། མོ་དང་ཁོ། ཁྱོད་དང་ང་སྟེ། ང་ཚོ་བཙན་བྱོལ་བོད་མི་ཐུན་མོང་གིས་བོད་མི་རིགས་ལ་འགན་མ་འཁུར་བའི་ནག་ཉེས་དེ་ནམ་ཞིག་ལོ་རྒྱུས་ཀྱིས་ངེས་པར་གསལ་པོར་འགོད་ངེས།
ད་དུང་ཡང་འདི་མུར་རི་བོང་རྡོ་རྫུས་དང་། རང་རློམ་ངོ་བསྟོད། ཉེས་ཁག་གཞན་གཡོགས། ནང་ཁུར་འབུར་འཇོམས་ཀྱིས་སོང་ན་ང་ཚོ་བཙན་བྱོལ་བོད་མི་རྣམས་མི་རབས་བཞི་པ་ལྔ་པ་ནས་བོར་བརླགས་ཁ་འཐོར་དུ་འགྲོ་ངེས་པ་གསལ་པོར་གྱུར་སོང་བས། ངོ་མ་བོད་ལ་དགའ་ཞིང་བོད་མིར་གཅེས་ན། ད་ནས་ཁ་ཁོག་མཚུངས་པའི་སྒོ་ནས་ང་ཚོ་མཐོ་དམན་ཚང་མས་ནོར་འཁྲུལ་ངོས་ལེན་བྱས་ཏེ། བཙན་བྱོལ་བོད་ཕྲུག་ཚོའི་རྒྱུད་ལ་བོད་སྐད་ཡིག་ཛ་དྲག་མྱུར་སྐྱོབ་དང་། བོད་མིའི་ཆིག་སྒྲིལ་དང་ལ་ཞེན་སྐྲུན་པའི་མཐའ་མའི་གོ་སྐབས་ལ་སླེབས་ཡོད་པ་ཚོར་དགོས།
བསྟན་འཛིན་སངས་ཉིད་ལགས་ཀྱིས་སྐད་ཅ་ནས་རྒྱལ་ཞེན་གྱི་འདུ་ཤེས་འདུག་པར་བསྔགས་བརྗོད་དང་། མ་འོངས་པར་བོད་སྐད་ལ་གཅེས་སྤྲད་ཡར་རྒྱས་གཏང་གནང་ཡོང་བའི་རེ་སྨོན་ཡོད། དེ་བཞིན་གོ་སྒྲིག་པས་ལྡིང་ཆ་འདི་བསྐྲུན་པར་བསྔགས་བརྗོད་དང་། མ་འོངས་པར་ལྡིང་ཆ་ཐོག་ལངས་མཁན་འཛུལ་ཞུགས་པ་རག་ཙམ་མིན་པར། བོད་སྐད་ཡིག་གི་ཆ་རྐྱེན་འོས་འཚམས་ལྡན་པ་རེ་ངེས་པར་རྩ་འཛིན་དགོས་པའི་སེམས་གཏམ་དུ།
འདི་ལོའི་བོད་ཀྱི་མཛངས་མ་ཟེར་བས་གསར་འགོད་པའི་བཅར་འདྲིར་ལན་འདེབས་ཉན་པའི་སེམས་ཚོར་དུ་སྐྱོ་སྣང་དང་དྲི་བ་འབུམ་གྱི་ཀློང་ནས་གླང་དར་སྤོ་ཆུང་གིས།
གླང་དར་ལགས་ཐུགས་རྗེ་ཆེ་ཧ་ཅང་ཡག་པོ་གསུངས་འདུག
གླང་དར་སྤོ་ཆུང་ཚུང་ལ་མངོན་པར་བསྟོད་དོ།། འདི་ནི་བློ་བཟང་སེང་གེ་དང་བློ་བཟང་དབང་རྒྱལ་གྱི་བྱས་པའི་འབྲས་བུ་ཡིན་པས་མི་སྨྲ་བའི་བརྟུལ་ཞུགས་ལ་སྙོམས་པར་བཞུགས་སོ།།
ཧཧཧཧ་་་་་བཙན་བྱོལ་ནང་བོད་པའི་སྐད་ཡིག་ཐད་ལ་འཐུས་ཤོར་གཏོང་མཁན་དེ་སྲིད་སྐྱོང་བློ་སེང་དང་བློ་བཟང་དབང་རྒྱལ་གཉིས་ཨེ་ཡིན་ནམ། སྲིད་སྐྱོང་གིས་འདས་ཟིན་ལོ་ལྔ་ནང་ནུས་ཤུགས་གང་ཡོད་བཏོན་ཡོད་ལ་ བློ་བཟང་དབང་རྒྱའི་མཛངས་མ་འགྲན་བསྡུར་ནི་མི་གཅིག་གི་ཕུགས་བསམ་ཀུན་དགའ་དོན་གཉེར་ཆེད་ནུས་པ་དང་སེམས་ཤུགས་དཔེ་འདྲ་འདུག་ཨང་། དེ་ཚོ་ལ་དགའ་བ་མེད་ནའང་ནག་ཉེས་བཀལ་རྒྱུ་ཅི་ཨེ་ཡོད་དམ། མ་གཞི་ནས་འཐུས་ཤོར་ཕྱིན་པ་དེར་ག་དུས་ནས་ཡིན་པ་སུ་གང་ལ་ཚོད་དཔག་ལས་བཤད་རྒྱུ་མི་འདུག་གདའ། ཨུ་ཚུགས་ཀྱིས་སྲིད་སྐྱོང་བློ་སེང་མགོ་ལ་ནག་པོ་བཀོན་ཨེ་ཐུབ་བལྟ་བཞིན་པ་འདི་དྲང་པོ་རྩ་བ་ནས་མ་རེད། ལྷག་པར་དུ་བཙན་བྱོལ་བོད་སློབ་ནང་བོད་ཡིག་དང་བོད་སྐད་ལ་གནས་རིམ་མམ་ཆེ་མཐོང་ག་ཚད་ཅིག་སྤྲད་འདུག་གམ། ཞིབ་ཕྲ་གཟིགས་དང་བོད་ཡིག་དང་བོད་སྐད་ལ་རིན་ཐང་མེད་པ་གང་ནས་བཟོ་འདུག་སུས་འགོག་གི་ཡོད་མེད་གཞི་ནས་ཤེས་འོང་ཨ།
སྲིད་སྐྱོང་གི་སློབ་ཡོན་་་་་་་་་་་་་་