མཁན་པོ་དཔའ་བརྟན།
ངའི་ངན་གཤིས་ལ་དོན་བྱ་དམིགས་བསལ་བ་མེད་སྐབས་ནུབ་མོ་ཉལ་བ་དང་ཞོགས་པ་ལང་པ་གཉི་ག་ཅུང་འཕྱི་འགྲོ་བ་ཞིག་ཡིན། ད་ནངས་ཞོགས་པ་སྔ་མོ་འུར་འུར་ཟིང་ཟིང་ཞིག་གིས་མནལ་ལས་དཀྲོགས་སོང་།
དེ་ཡང་ད་ཞག་སྐྱོ་བྲག་མཆོད་རྟེན་ནག་ཆུང་ཉམས་གསོའི་བཅའ་སྒྲུབ་ཀྱི་ཚོགས་པ་ཁག་ལྔའི་ཡ་གྱལ་རྡོ་རྗེ་གྲོད་ཀྱི་སྒྲུབ་ཁག་ཏུ་ང་ཡང་འཚོགས་རྗེས་ཆོད་དགོས་པའི་སེམས་ཁྲལ་གྱིས་ཁ་པར་འཆར་ངོས་ཀྱི་དུས་ཚོད་རི་མོ་ལ་བལྟས་པ་ན་ཏག་ཏག་ཞོགས་པའི་དུས་ཚོད་ལྔ་པ་རེད་འདུག
དེ་དུས་ཕྱི་རོལ་དགོན་གསེང་གི་ལྗོན་པའི་ཚལ་དང་། ཁང་པའི་བད་ཁ་ནས་བྱིའུ་འཇོལ་མོ་དང་། ཁམ་པ་འགྱུ་ལུ། ཁུ་བྱུག ཀྱུང་ཀ སྐྱ་ཀ ཕུག་རོན། མཆིལ་པ་སོགས་བྱ་བྱིའུ་ཡི་སྐད་དང་། ཕར་རིའི་སྐྱོ་བྲག་དཀར་པོའི་ངོས་ནས་རྫ་བྱ་གོང་མོ་དང་། བྱིའུ་ཅོ་ཀ། གླང་བྱིའུ་མཐེ་མོ། ཤུག་བྱིའུ་རྒྱ་ཁྲ། སྲེག་པ་ལ་སོགས་པས་རང་རང་གི་སྐད་འབྱིན་པ་དང་། མདུན་གྱི་དལ་འབབ་ཟླ་གཡང་ཕྱུག་མོའི་འགྲམ་ནས་ཀྱང་ངང་པ་དང་ངུར་པ་མཐིང་རིལ་སོགས་ཆུ་བྱའི་ཚོགས་ཀྱི་ཡིད་འོང་གི་སྐད་འདྲ་མིན་སྣ་ཚོགས་པ་ཕན་ཚུན་འགྲན་པ་བཞིན་གྲག་གིན་འདུག་ལ། ཁུ་བྱུག་ལྟ་བུར་མཚོན་ནའང་ནམ་རྒྱུན་ཀུ་ཧུ། ཀུ་ཧུ་ཟེར་གྲག་དར་མོད། དེ་རིང་ནི་ཀུ་ཀུ་ཧུ། ཀུ་ཀུ་ཧུ། ཟེར་གྲག་པ་བཞིན་བྱ་བྱིའུ་གཞན་ཀུན་ཡང་དེ་བཞིན་འཁྲུག་ཆ་དོད་པོས་འུར་གྱི་གདའ་བ་དེས་གཉིད་ཡོངས་སུ་སངས་བས་མལ་ལས་ལངས་ཏེ་ཕྱི་རོལ་གྱི་སྒོ་ཁྱམས་ལ་སོང་བ་ན།
དགོན་པའི་རྒྱབ་ཀྱི་དཔལ་རིའི་ངོས་ཀྱི་སྒྲུབ་གྲྭ་ཁག་གི་ཐུན་བརྡའི་རྒྱལ་རྔ་རྣམས་རྡུང་འཕྲོ་མཉམ་དུ་བཅད་པ་དང་ལྷན་དུ་དགོན་གཞུང་གི་མགོན་ཁང་ཆེན་མོ་སོགས་ཆོས་ཁག་སོ་སོའི་མགོན་ཁང་ནས་རྔ་རོལ་གྱི་སྒྲ་སིལ་སིལ་དང་ལྡིར་ལྡིར་དུ་གྲག་མགོ་ཚུགས།
དེ་ནས་རིམ་གྱིས་ངའི་མཐོང་ཕྱོགས་སུ་གྱུར་པའི་གྲྭ་ཤག་མང་པོའི་དྲ་མའམ་སྐར་ཁུང་ནས་མཆོད་མེ་དང་སྒྲོན་གློག་གི་འོད་མདངས་རིམ་གྱིས་འཕྲོས་བྱུང་བ་ནི་སྟོན་མཚན་གྱི་ནམ་མཁར་སྐར་ཚོགས་བཀྲ་བ་དང་གཉིས་སུ་མ་མཆིས།
བཤད་གྲྭ་ལེགས་བཤད་ཆོས་གླིང་དབྱར་གནང་གི་སྐབས་དང་ཁེལ་བས་ཞོགས་བརྡའ་དམིགས་བསལ་བ་མེད་ཀྱང་ད་དུང་གཞིས་བྱེས་ཀྱི་སློབ་གཉེར་བ་མང་དུ་བཞུགས་འདུག་པ་ཚོས་གཞུང་རིག་བློ་འཛིན་གྱི་གསུང་གདངས་ཀྱང་བྱ་བྱིའུ་དང་རྔ་རོལ་གྱི་སྐད་དང་ལྷན་དུ་གནས་དགོན་གྱི་ཁོར་ཡུག་ཀུན་ཏུ་ཁྱབ་བྱུང་། མ་གཞི་ད་ལོ་ཕྱོགས་འདིར་གནམ་མ་བབས་པས། ཆུ་ཆེན་རྣམས་བྲི། ཆུ་ཕྲན་མང་པོ་ཆད། ས་བསྐམས་ཤིང་རྡོ་གྱོང་ནས་སོས་ཡག་པོ་བུད་མི་འདུག
ཤེས་གསལ་ལྟར་ན་ད་ཞག་དབྱར་ཉི་ལྡོག་ལ་ཐུག་ལ་ཉེ་བའི་ཚེ། ༧སྐྱབས་རྗེ་གསལ་བྱེད་རིན་པོ་ཆེས་མཚམས་ཁོག་ནས་ཐུན་བར་རྣམས་སུ་འཆར་འབེབས་གསུང་བ་དང་། དགོན་པའི་གྲྭ་ཚང་དང་སྒྲུབ་ཁག་རྣམས་ལ་ཡང་ཆར་འབེབས་དགོས་པའི་བཀའ་ཕེབས་ཡོད་འདུག་པ་བཞིན་བླ་གྲྭ་རྣམས་ཚོ་བགོས་ཀྱིས་སྒྲུབ་ཕུག་མཚོ་དང་། བཤོ་ཕུའི་ཆུ་མགོ་རྣམས་སུ་ཡང་ཡང་དུ་བྱོན་ནས་ཆར་འབེབས་གནང་བྱུང་བས་ཡིན་ནམ།
གང་ལྟར་མདང་ནུབ་ཆར་པ་ཤུགས་ཆེན་ཡུན་རིང་ལ་བབས་པ་དེས་དེ་རིང་ཞོགས་པའི་མཁའ་དབུགས་གཙང་བ་དང་། བྱ་བྱིའུ་དག་ཀྱང་སྔར་ལས་ཅ་ཅོ་ཆེ་བ་ཡིན་འདུག
སྤྱིར་བླ་གྲྭ་རྣམས་ཀྱིས་དགུན་ཁ་བ་འབབ་པ་ཆེ་ན་བཀག་པ་དང་། སོས་ཀ་དང་དབྱར་ཁར་ཆར་པ་མ་བབས་ན་འབེབས་པའི་ཁུར་ལེན་པ་ལ་བལྟས་ན་དེང་དུས་ཁ་གཞན་ཁོ་ན་ལ་སྐོར་ནས་བཤད་མཁན་ཚོས་བླ་གྲྭ་ཆོས་བྱེད་པས་སྤྱི་ཚོགས་ལ་ཁུར་ཐང་ལེན་རྒྱུ་མང་སོང་ཟེར་བ་ལ་ཡང་ཁག་མི་འདུག་སྙམ་པ་བྱུང་ངོ་། །
བྱ་བྱེའུ་སྐད་སྙན་སྒྲོག་ས།།
དབེན་པའི་རི་ལུང་འདི་ན།།
དགོན་པ་ཡག་པ་འདི་འདྲ།།
ལྷ་ཡིས་བཞེངས་པ་ཡིན་ནམ།
མིང་ལ་མཁན་པོ་ཞེས་དྲག་དྲག་རྫིག་རྫིག་འདྲ་བཏགས་ནས་དོན་དུ་སྐད་ཆ་འདི་ཙམ་ལས་བཤད་རྒྱུས་ཕོངས་སོང་ངམ། དུས་རབས་ཉེར་གཅིག་པར་མི་རྣམས་ཤེས་རབ་ཀྱི་དཔལ་འབར་བའི་དུས་ཚོད་ཡིན་པས་གནམ་ས་དབང་བསྒྱུར་བཏང་ཁ་བའི་ཁ་ཕོ་དེ་འདྲ་བཤད་གི་མ་འདུག་མ་གཏོགས་ང་ཚོས་ནང་བསྟན་ཆོས་ལུགས་ཀྱི་ཟུར་དང་ངོས་ནས་ལྟ་ཤེས་ཀྱི་ཡོད་དོ།། ཡིན་རྒྱུ་ནི་ང་ཚོ་སྟེ་བླ་གྲྭ་དག་གིས་ཆར་བ་ནམ་གཏོང་དང་རླུང་བུ་ནམ་གཡུག་གི་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ཁུལ་གྱི་རང་བསྟོད་འདྲ་བྱེད་པའི་ཁུལ་ཡིན་གྱི། དོན་དངོས་སྟེང་ནས་ནང་བསྟན་གྱི་རྒྱུན་ཤེས་ཙམ་ཡང་མི་ཤེས་བའི་གླུན་རྟགས་ཙམ་ཅི་ཡང་མི་འདུག ངོ་མ་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་དག་གིས་ནི་སྐད་ཆ་འདི་འདྲ་བཤད་ན་འོས་བ་ཙམ་ལས་ནང་པའི་མཁན་པོའི་མིང་ཅན་ཞིག་གིས་འདི་ལྟར་སྙད་པ་ནི་ཅི་འདྲའི་རྫབ་ཆེ་ཞིང་ངོ་ཚ་བ་ཞིག་རེད་ཨང་།