ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་ཀྱི་སྲས།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྙིགས་དུས་མགོན།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག །
ངུར་སྨྲིག་གར་གྱི་རྣམ་རོལ་རྟག་བརྟན་ཤོག །
བཅུ་དྲུག་ཟླ་གཞོན་ལང་ཚོ་རྣམ་པར་རྒྱས།།
མཆོག་གསུམ་བསླུ་བ་མེད་པའི་བྱིན་མཐུ་དང་།།
ཇི་ལྟར་བོད་འབངས་ལྷ་མིའི་གསོལ་འདེབས་བཞིན།།
ཉ་རྒྱས་ཟླ་བཞིན་སྐུ་ཚེ་རྒྱས་གྱུར་ཅིག །
ཏ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་ཡིས།།
ཐབས་མཁས་གཞན་ཕན་བྱམས་སྙིང་ལམ་སྟོན་མཛད།།
དད་པ་ཅན་ལ་སྙིང་རྗེའི་ས་བོན་བཏབ།།
ནག་ནོག་མེད་པར་གང་གི་སྐུ་ཚེ་བརྟན།།
དཔག་བསམ་ཤིང་གི་གྲིབ་བསིལ་ཏ་ལས་སྦྱིན།།
འཕགས་ནོར་རིན་ཆེན་བདུན་གྱིས་མངོན་པར་བསྟོད།།
བོད་རྒྱ་བདེ་བའི་གཉིས་སྨན་དབུ་ལམ་བསྟན།།
མང་གཙོའི་ལམ་བཟང་བོད་མིའི་མདུན་ལམ་བསྟན།།
བརྩེ་བའི་སྤྱན་གྱིས་འགྲོ་དྲུག་ཡོངས་ལ་གཟིགས།།
ཚ་གདུང་སེལ་བའི་ལམ་སྟོན་བདུད་རྩིའི་རྒྱན།།
འཛམ་གླིང་ཞི་བདེའི་ལམ་སྟོན་དབྱར་ཆུ་བཞིན།།
ཝེར་མའི་ཚོགས་རྣམས་གྲོགས་དང་འཕྲིན་ལས་མཛོད།།
ཞི་བདེ་ཡུན་གནས་གང་གི་འཆར་སྣང་ལས།།
ཟབ་མོའི་བཀའ་སློབ་ཞི་བདེའི་རྨང་གཞི་བཙུགས།
འོག་གི་ཀླུ་དང་བར་མི་སྟེང་ལྷ་སོགས།།
ཡོངས་རྫོགས་འགྲོ་བའི་མགོན་པོ་སྐུ་ཚེ་བརྟན།།
ར་བ་གངས་རིས་བསྐོར་བའི་ཞིང་ཁམས་འདིར།།
ལུས་ཅན་མ་ལུས་འདྲེན་པའི་ཤིང་རྟའི་སྲོལ།།
ཤཱཀྱའི་རྒྱལ་ཚབ་གངས་ཅན་མགོན་པོ་མཆོག །
ས་ཆེན་འདི་རུ་ཞི་བདེའི་འཁོར་ལོ་བསྐོར།།
ཧྲི་ལས་འོད་ཟེར་འཕགས་མཆོག་སྤྱན་རས་གཟིགས།།
ཨ་ས་བདུད་རྩི་བོད་འབངས་སྤྱི་བོར་སྨིན།།
ཧ་ཅང་ཆེ་བའི་ཤཱཀ་ཐུབ་ཞིང་ཁམས་འདིར།།
ཧ་ལས་དགོས་པའི་ཐུགས་བསྐྱེད་མཛད་འཕྲིན་མཐུས།།
ཨ་སྔོན་དབྱིངས་འདིའི་འདྲེན་མཆོག་ཁྱེད་མིན་ལས།།
ཨ་ཧོ་གཞན་དུ་འཚོལ་བ་ཡིད་རེ་རྨུགས།།