—-གཅན་བཟོད་རྒྱམ།
ཨོཾསྭསྟི།
བརྒྱད་ཅུ་གྱ་གཅིག་ལ་ཕེབས་དུས།།
དགུ་ཅུ་གོ་གཅིག་སྒུག་སྙིང་འདོད།
ང་ཡི་མཚན་ལྡན་བླ་མ་མཆོག།
རྟག་ཏུ་འབྲལ་མེད་སྙིང་གར་བཞུགས།།
ཆོས་དང་ཆོས་མེད་ཀྱི་གདུལ་བྱ།།
གོ་ལའི་ཁྱོན་དུ་མཐའ་ཡས་མོད།།
བདག་འདྲའི་དད་དམ་གཙང་མའི་བུ།།
འགའ་རེ་ཐུགས་ནས་འདོར་མ་འཚལ།།
ཕན་པའི་ཆོས་ཀྱི་ལན་དུ་མཆོད་པ་དང་།།
བསྒོ་བའི་ཚིག་དོན་ཉམས་ལེན་དཀའ་མོད་ཀྱང་།།
རང་སེམས་རང་ལ་འཕྲོད་པའི་བདུད་རྩིའི་གསུང་།།
ནམ་ཡང་བསམ་ཞིང་སྒོམ་བཞིན་གོམས་འདྲིས་བསྟེན།།
རྔ་བརྡུང་དུང་འབུད་ཟང་ཟིང་མི་བྱེད་པར།།
རྟག་ཏུ་སེམས་དང་ཕྲེང་བར་སེན་ཏོག་གིས།།
རང་ཉིད་རང་ཉིད་ཡིན་པའི་ངོ་རྟགས་ཙམ།།
ཆོད་ལ་ལྷོད་མེད་འབུངས་འདི་རྟག་ཏུ་སྐྱོངས།།
མཚན་བཟང་བྱིན་རླབས་འབར་བའི་བླ་མའི་ཆོས།།
སྣོད་བཟང་དད་དམ་གཙང་བའི་བུ་སློབ་ངས།།
ཟབ་མོའི་རྟེན་འབྱུང་དོན་ཉིད་མ་རྟོགས་ཀྱང་།།
འགྲོ་བའི་མི་ཆོས་མི་ཆུང་ཉམས་སུ་ལེན།།
ཆོས་མེད་མི་ནག་གང་ས་རུ།།
ཉིན་མཚན་གཏན་གྱིས་ཚོགས་བཟློ་ཡང་།།
སེམས་ཀྱི་གླང་བོ་གདུལ་དཀའ་བ།།
དུས་ནས་དུས་སུ་འདོགས་ལ་འབད།།
དྲིན་ཅན་བླ་མའི་བཀའ་ཡི་གཙུག།
ཟབ་མོའི་ལྟ་བ་རྟོགས་དཀའ་ཡང།།
འཇིག་རྟེན་མི་ཆོས་གཞན་ཕན་སེམས།།
ལུས་སེམས་འབྲལ་མེད་རྟག་ཏུ་སྒོམ།།
ཚོགས་ཀྱི་དབུས་ན་ཉམས་ཆུང་བདག་འདྲ་བ།།
དད་དམ་གཙང་མ་གཞན་ལས་ཆེ་ཙམ་གདའ།།
འོན་ཏེ་འཇིག་རྟེན་དུག་རླངས་འཕྱུར་ན་ཡང་།།
བླ་མའི་བཀའ་གསུང་སྙིང་ན་ལྷམ་མེར་བཞུགས།།
ཆུ་འབབ་ཀློང་ལ་ཡི་དྭགས་རྣག་བློ་བཞིན།།
ཞེས་གསུངས་ཚིག་དོན་ཡང་ཡང་བསམ་ནས་ནི།།
ང་དང་ང་འདྲའི་དད་ཅན་ཉམས་ཆུང་རྣམས།།
མགོན་པོས་རྟགས་སྐྱོངས་ཞབས་རྡུལ་འབྲལ་མེད་མཆོད།།
དུས་གསུམ་སངས་རྒྱས་བསྟན་འཛིན་རྒྱ་མཚོ་མཆོག།
འདི་ཕྱིའི་སྐྱབས་སུ་བསྟེན་ནས་དད་གྱུར་ན།།
ནམ་ཡང་གཡེལ་བ་མེད་པར་ཐུགས་རྗེས་གཟིགས།།
ང་ཡི་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།
འདིས་མཚོན་ཚིག་གི་མཆོད་པའི་རབ་མྱས་ཏེ།།
གང་སྐུ་གསེར་རའི་ལྷུན་པོའི་རང་མདངས་འོད།།
ཤར་ནུབ་འཛམ་གླིང་བྱེ་བའི་འགྲོ་བ་ཀུན།།
རྟག་ཏུ་འཕྲོ་ལ་མི་འགྱུར་བརྟན་བཞུགས་གསོལ།།
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།།
བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
ཞེས་པ་འདི་ཡང་བདག་གི་སྙིང་དབུས་ན་འོད་ཀྱི་ལེར་བཞུགས་པའི་བཀའ་དྲིན་གཞལ་ཐུབ་མེད་པའི་རྩ་བའི་བླ་མ་༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་མང་ཐོས་འདུལ་བ་འཛིན་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་ཅིང་། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ་དེ་སྲིད་དུ་སྐུ་གསུང་ཐུགས་ཀྱི་རྣམ་དཀར་འཕྲིད་ལས་ཀྱི་རོལ་བ་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་བའི་སྐྱབས་འཇུག་སྙིང་ནས་ཞུ་ཞུ་ཞུ།།
ཞེས་པ་འདི་ནི་༧མགོན་པོ་གང་ཉིད་ལ་དད་དམ་གཙང་བའི་བུ་སློབ་གྱི་ན་བ་གཅན བཟོད་རྒྱམ་པས་༧མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བ་སེམས་ཅན་སྤྱི་དང་། དགོས་སུ་བོད་ཁ་བ་གངས་ཅན་པའི་ཆོས་སྲིད་ཉག་ཕྲའི་དུས་འདིར་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་བསྐྱང་འགྱུར་ལ་བཀའ་དྲིན་སྙིང་བཅངས་ཀྱིས་དད་པའི་ཚིག་གིས་མཆོད་པ་ཆུང་ངུའི་དོད་དུ་ཕུལ་བ་འདིས་ཀྱང་འགྲོ་རྣམས་ཞི་ཞིང་འཇིག་རྟེན་བདེ་བའི་རྒྱུར་གྱུར་ཅིག་གུ།
སྤྱི་ལོ་ཟླ་ཚེས་བཟང་པོར་རྒྱ་གར་འཕགས་པའི་ཡུལ་དབུས་ཀྱི་གྲོང་ཁྱེར་གསལ་ལྡན་དུ་འབོད་པའི་རང་གནས་སུ་སྦྱར་བ་དགེའོ།།
༢༠༡༦།༠༧།༠༦།