གཡག་རྒོད།
ཨ་ཆེན་གངས་ཀྱི་རི་ལ་གནས་བ་ཡི།།
ཀ་དག་སྨྲ་བའི་སེང་ཆེན་འཇིང་སྣོལ་ཅན།།
མ་དག་བདུད་པོའི་གནོད་ཀྱིས་མ་ཐུལ་བའི།།
ང་རོས་སྟོང་གསུམ་དབང་བྱེད་ཁྱོད་ལ་འདུད།།
ལྷ་དང་གླུ་ཡི་རོགས་འདེགས་ཁྱེད་ལ་མེད།།
རྫས་དང་འཕྲུལ་གྱི་གྲུབ་རྟགས་དེ་བས་དབེན།།
བསླུ་མེད་ཡང་དག་རིག་པའི་རོལ་རྩེད་ཀྱིས།།
བྱམས་བརྩེའི་འོད་དཀར་བསྐྲུན་ལ་ཁྱེད་ལས་སུ།།
ཁྱེད་སྐུར་གསེར་གྱི་སྐག་གིས་མ་ཞུགས་པས།།
གང་གི་བཞིན་མདངས་སྐྱེས་བོའི་མིག་ལ་ཟིམ།།
ཐུགས་ཀྱི་དགོངས་གཞི་ལུང་གི་མཐར་བརྒལ་བས།།
མཐའ་གཉིས་གསལ་བར་མཛད་པོ་ཁྱེད་ཙམ་ལགས།།
གང་སྐུ་ཞི་བའི་ཟླ་སྣང་འོད་པོ་ཆེ།།
སྨན་རུམ་མུན་པ་རྒོད་པའི་མཚན་གཞུང་ལ།།
སྔར་བཞིན་གཟི་འོད་མཆོག་ཏུ་འབར་བ་ཡི།།
གཞན་དོན་མཛད་བཟང་རྒྱས་ལ་བདག་སྨོན་ནོ།།