ལྷ་རྒོད་ཀྱིས།
ཉིན་འདི་དག་ལ་ནི་འཛམ་གླིང་ཁྱོན་ཡོངས་སུ་སྟོན་པ་ཏཱ་ལའི་བླ་མའི་སྐུའི་འཁྲུངས་སྐར་བརྩི་སྲུང་ཞུ་མཁན་ནི། ཡུལ་སྲོལ་དང་གོམས་གཤིས། ཆོས་ལུགས་དང་རིག་གཞུང་། ལྟ་སྤྱོད་དང་དམིགས་ཡུལ་སོགས་མཐུན་མིན་ལ་མ་བལྟོས་པར་སྟོབས་ཆེན་རྒྱལ་ཁབ་དག་གི་གྲོས་ཚོགས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་ཁུངས་འདྲ་མིན། ཕྱི་ནང་གི་སྟོན་པ་འདྲ་མིན་གྱི་རྗེས་འཇུག་མཁན་གྱི་ཆོས་དཔོན་དང་ཆོས་ལུགས་མི་སྣ། སློབ་གྲྭ་བ་དང་མང་ཚོགས་དབྱེར་མེད་ཀྱིས་དགའ་སྤྲོའི་རྣམ་པའི་སྒོ་ནས་སྲུང་བརྩི་ཞུ་བའི་རྣམ་པ་དང་གྲངས་འབོར་ནི་བོད་མིའི་སྤྱི་ཚོགས་ཙམ་མ་ཟད་འཇིག་རྟེན་འདིའི་ཆེན་པོ་སུ་གང་གི་འཁྲུངས་སྐར་གྱི་བྱུང་རབས་ཀྱི་ལོ་རྒྱུས་སུ་མ་གསལ་བའི་ལེའུ་གསར་པ་ཞིག་སྟེ། དཔེར་ན། རྒྱལ་སྤྱིའི་རང་བཞིན་ཅན་གྱི་འཁྲུངས་སྐར་བརྩི་སྲུང་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད་པ་ནི་མིག་སྔའི་གནས་ཚུལ་ལས་གསལ།
འོན་ཀྱང་བོད་མི་རིགས་ཀྱི་གཟུགས་སུ་གྲུབ་པའི་སྙིང་ལ་ཕྱོགས་རིས་གཅོང་ནད་ཀྱིས་ཟིན་པའི་སྐྱེ་བོ་ནུས་མེད་ཆེས་ཉུང་ཤས་ཀྱིས་རྒྱུན་ལྡན་ལྟར་ངོ་བོ་དང་རྣམ་པ་འདྲ་མིན་བརྒྱུད་ནས་དྲྭ་ལམ་དག་ཏུ་ངུ་འབོད་བྱེད་བཞིན་པ་མཐོང་དུས་སུ། འདི་དག་ནི་བྱམས་པ་དང་སྙིང་རྗེ་ཟེར་བའི་བསམ་བློ་དག་གི་དམིགས་ཡུལ་ངོ་མ་དེ་ལོས་ཡིན་སྙམ་པ་ཞིག་ཆོས་ལུགས་དང་བཟང་སྤྱོད། ཁྱིམ་ཚང་དང་སྤྱི་ཚོགས་སོགས་ཀྱི་བསླབ་བྱ་གང་གིས་ཀྱང་མ་ཐུལ་བའི་ཐ་ཤལ་བདག་གི་ཡིད་ངོ་ལའང་སྙིང་རྗེའི་བསམ་བློ་བཅོས་མིན་རེའི་ལྷན་དུ་ཡིད་མུག་པའི་ཚོར་སྣང་བཅོས་མིན་རེ་ཡང་ངང་གིས་སྐྱེས།
མཇུག་མཐར། (ངན་པ་ཇི་ལྟར་བཅོས་གྱུར་ཀྱང༌། །རང་བཞིན་བཟང་པོ་འབྱུང་མི་སྲིད། །སོལ་བ་འབད་དེ་བཀྲུས་ན་ཡང༌། །ཁ་དོག་དཀར་པོར་མི་སྲིད་དོ།།) ཞེས་མཁས་པའི་དབང་པོ་ས་པཎ་གྱིས་ལེགས་བཤད་རིན་པོ་ཆེའི་ནང་དུ་རྫོགས་ཚིག་བཀོད་པ་འདི་ནི་ཅི་འདྲའི་ཡིད་དུ་འཐད་པ་དང་བདེན་ཁ་ཆེ་བ་ཞིག་གོ །