འབྲིང་བ་དཀོན་མཆོག་འཇིགས་མེད།
(ནོར་གླིང་མཐོ་སློབ་ཏུ་འཆད་ཁྲིད་ཆེད་བྲིས་པའི་རགས་ཟིན།)
དང་པོ། འགྲེལ་ཆེན་ངོ་སྤྲོད།
༄༅།། བསྟན་བཅོས་ཀྱི་རྩིས་འགོ་ལྔའི་སྒོ་ནས་ངོ་སྤྲོད་ཞུས་ན། ༡ འདི་ཡི་མཛད་པ་པོ་ནི་སུ།། ༢ ལུང་ནི་གར་བཏུས་ ༣ ཕྱོགས་གར་གཏོགས།། ༤ སུ་ཡི་དོན་དུ་འདི་ཉིད་མཛད།། ༥ དབུ་ཞབས་བསྡུས་པའི་དོན་ནི་ཅི།། ཞེས་གསུངས་པ་ལྟར།
༡༽ མཛད་པ་པོ་ནི་སུ། གཞུང་འདིའི་མཛད་པ་པོ་ནི་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་དེ། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བའམ། སི་ཏུ་ཆོས་ཀྱི་འབྱུང་གནས་སམ། སི་ཏུ་པཎ་ཆེན་ཡང་ཞུ། ཕྱི་ལོ་ ༡༧༠༠ ལོར་སྡེ་དགེ་རུ་འཁྲུངས། དབུས་སུ་ཐེངས་ལྔ། བལ་ཡུལ་དུ་ཐེངས་གཉིས། རྒྱལ་རོང་དང་འཇང་ཡུལ་སོགས་སུའང་ཕེབས། རྒྱ་བོད་ཀྱི་སློབ་དཔོན་མང་པོའི་མདུན་ནས་ཆོས་དང་རིག་གནས་ལ་མཁས་པར་སྦྱངས། རང་ལུགས་བཀའ་བརྒྱུད་ཡིན་ལ་རྙིང་མ་དང་དགེ་ལུགས་ཀྱང་གསན། ༡༧༢༧ ལོར་སྡེ་དགེ་དཔལ་སྤུངས་དགོན་བཏབ། བཀའ་འབུམ་པོད་ ༡༤ བཞུགས་པའི་ལྔ་ཆ་བཞི་ནི་ཐུན་མོང་རིག་གནས་སྐོར་ཡིན་པས། རིག་གནས་ལ་བཀའ་དྲིན་ཤིན་ཏུ་ཆེ། ལྷག་པར་བརྡ་སྤྲོད་ལ་མཛད་རྗེས་དང་བཀའ་དྲིན་གཞན་ལས་ཆེ། ཐོན་མི་གཉིས་པར་ཡང་བསྔགས། ཕྱི་ལོ་ ༡༧༧༤ ལོར་སྐུ་གཤེགས།
༢༽ ལུང་ནི་གར་བཏུས། ཁུངས་གང་ལ་གཏུགས་པ་སྟེ། རྒྱ་བོད་ཀྱི་སྒྲའི་བསྟན་བཅོས་ཚད་ལྡན་གྲགས་ཆེ་བ་རྣམས་ཀྱི་སྙིང་དོན་བཏུས་པ་ལྟ་བུ་ཡིན་པས་ཁུངས་ཚད་མ་དང་ལྡན།
༣༽ ཕྱོགས་གར་གཏོགས། སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་དང༌། རིག་གནས་ཆེ་བ་སྒྲ་རིག་པར་གཏོགས།
༤༽ སུ་ཡི་དོན་དུ་མཛད། མཇུག་གི་མཛད་བྱང་དང་དབུའི་མཚམས་སྦྱོར་སྐབས་སུ་གསལ་བ་ལྟར། མདོ་མཁར་ཞབས་དྲུང་སོགས་ཀྱིས་བསྐུལ་བ་བཞིན་དེ་དག་གི་ཆེད་དང༌། སུམ་རྟགས་ཀྱི་འགྲེལ་པ་གཞན་རྣམས་ཀྱི་ནོར་སྐྱོན་ལ་དག་ཐེར་དང༌། འགྲེལ་བཤད་འཐུས་ཚང་དུ་གཏོང་ཆེད་བརྩམས།
༥༽ དབུ་ཞབས་བསྡུས་པའི་དོན། གཞུང་གི་མཚན་ནི། ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་ཡིན་ལ། གཞུང་གི་དབུར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཏུ་མཆོད་བརྗོད་དང་རྩོམ་པར་དམ་བཅའ། ལོ་རྒྱུས་ཀྱི་མཚམས་སྦྱོར། གཞུང་དངོས་ལ་སུམ་ཅུ་པའི་འགྲེལ་པ་དང༌། རྟགས་འཇུག་གི་འགྲེལ་པ། མཇུག་ཏུ་བསླབ་བྱ་དང་དགེ་བསྔོ་སོགས། མཛད་བྱང་བཅས། མདོར་ན་བརྗོད་བྱ་ཡི་གེའི་སྦྱོར་བ་སྟྟེ། མིང་ཚིག་ཡི་གེའི་ངོ་བོ་དང་དབྱེ་བ། རྣམ་དབྱེ་ཚིག་ཕྲད་ཀྱི་སྦྱོར་ཚུལ། ཡི་གེའི་རྟགས་དང་བྱ་ཚིག་གི་རྣམ་གཞག་སོགས་བརྡ་སྤྲོད་ཀྱི་རིག་པ་རྒྱས་པར་བསྟན།
གཉིས་པ། ཁྲིད་ཐབས་སམ་འཆད་ཐབས།
འཆད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་དེ། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར། འགྲེལ་པ་འདིའང་འཆད་ཐབས་ཡན་ལག་ལྔའི་སྒོ་ནས་ཁྲིད་ན་ལེགས་ལ། འགྲེལ་པས་རྩ་བ་གཉིས་ཀ་བཀྲལ་སྟངས་ལའང་འཆད་ཐབས་ཡན་ལག་ལྔ་ཚང་བས་དེ་ལྟར་འཆད་པར་བྱ་སྟེ།
༡༽ དགོས་དོན། དགོས་འབྲེལ་གྱི་ངག་སྟེ། འགྲེལ་པ་འདི་བརྩམས་པའི་དགོས་པ་ནི་གོང་སྨོས་ལྟར་དང༌། རྩ་བ་སུམ་ཅུ་པ་དང་རྟགས་འཇུག་གཉིས་བརྩམས་པའི་དགོས་པའམ་བསླབ་པའི་དགོས་པ་ནི་ཡི་གེའི་འཇུག་ཚུལ་རྣམས་ངག་ལ་རང་ཆས་སུ་ཡོད་པ་ལྟར་ཤེས་པའི་ཆེད་དང༌། ཕྱི་ནང་གི་གཙུག་ལག་གཉིས་ཀར་འཇུག་པའི་ལམ་ཡངས་པར་འགྱུར་བའི་ཆེད་དོ།།
༢༽ བསྡུས་དོན། ལུས་རྣམ་གཞག་སྟེ། འགྲེལ་པ་འདིའི་བརྗོད་བྱ་དང༌། རྩ་བ་སུམ་ཅུ་པ་དང་རྟགས་འཇུག་བཅས་ཀྱི་བརྗོད་བྱ་ནི་ཡི་གེའི་སྦྱོར་བ་སྟེ། རྣམ་དབྱེ་ཚིག་འཕྲད་དང་བྱ་ཚིག་སོགས་ཀྱི་རྣམ་གཞག་གོ།
༣༽ ཚིག་དོན། འགྲེལ་ཚིག་གི་འབྲུ་དོན་དང་གོ་དོན། དངོས་ཤུགས་ཀྱི་བསྟན་དོན་སོགས་དང༌། འགྲེལ་པས་རྩ་ཚིག་ལ་ཚིག་འགྲེལ་དང་དོན་འགྲེལ་དཔེར་བརྗོད་དང་བཅས་ཞིབ་པར་མཛད་ཡོད་པ་བཞིན་ཚིག་དོན་གསེད་བཀྲོལ་བྱེད་པ་སྟེ། འདི་ནི་སློབ་ཁྲིད་ཀྱི་བྱེད་ཐབས་དངོས་གཞིའམ་གཙོ་བོར་འགྱུར།
༤༽ མཚམས་སྦྱར། འགྲེལ་པའི་ཐོག་མཐའ་བར་གསུམ་དུ་མཚམས་སྦྱར་གང་འོས་བྱེད་པ་དང༌། འགྲེལ་པས་རྩ་བའི་དོན་སྔ་ཕྱི་མཚམས་སྦྱར་ནས་བཤད་པ་རྣམས་ཇི་བཞིན་འཆད་པ།
༥༽ བརྒལ་ལན། འགྲེལ་པ་འདི་ལ་ཐོན་མིའི་ཞལ་ལུང་སོགས་སུ་འབྱུང་བ་ལྟར་བརྒལ་ལན་བྱེད་ཅིང་འཆད་པ་དང༌། འགྲེལ་པ་རང་དུ་ཞྭ་ལུ་ལོ་ཆེན་དང༌། རྣམ་གླིང་པཎ་ཆེན། པྲ་སྟི་དགེ་བཤེས་རྣམས་ཀྱི་འགྲེལ་པ་དང༌། གནས་བརྒྱད་དང་སྨྲ་སྒོ་རྩ་འགྲེལ་སོགས་ལའང་བརྒལ་ལན་མཛད་ཡོད་པ་ལྟར་འཆད་པའོ།།
དེ་ལྟར་འཆད་ཐབས་དེ་དག་གི་སྒོ་ནས་བཤད་པས་གཞུང་དོན་དཔྱིས་ཕྱིན་པ་ཞིག་སློབ་ཁྲིད་ཐུབ་པར་འགྱུར། དེང་སང་སློབ་ཁྲིད་ཐབས་ལམ་དང་སློབ་ཚན་དབྱེ་ཞིབ་ཅེས་པ་སོགས་མང་དུ་བཤད་པ་དག་ཀྱང་ཕལ་ཆེར་འདི་དག་ཏུ་འདུས།
གསུམ་པ། འགྲེལ་ཆེན་གྱི་ཁོག་འབུབས།
འདིར་འགྲེལ་ཆེན་རང་གི་ས་བཅད་ཆེ་ཁག་དང་སྦྱར་བའི་སྒོ་ནས་གཞུང་གི་སྤྱི་ཁོག་ངོ་སྤྲོད་ཙམ་བྱས་ན།
དང་པོ་སུམ་ཅུ་པའི་གཞུང་འཆད་པ་ལ།
བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང༌། བསྟན་བཅོས་དངོས། དང་པོ་ནི། རྒྱ་གར་སྐད་དུ་ཞེས་སོགས་མཚན་སྨོས་པ་དང་འགྱུར་ཕྱག་གོ། གཉིས་པ་བསྟན་བཅོས་དངོས་ལ། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བསྟན་པའོ།། དང་པོ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི། །ཞེས་པ་ནས། ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པའི་བར་རོ།།
གཉིས་པ་སྐབས་དོན་སུམ་ཅུ་པ་དངོས་ལ། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང༌། གདམས་ངག་བརྗོད་པས་མཇུག་བསྡུ་བའོ།། དང་པོ་ལ། སྦྱར་བྱ་ཡི་གེའི་རྣམ་གཞག་དང༌། སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པ་གཉིས། དང་པོ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་པ་ནས། གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པའི་བར་རོ།།
གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང༌། ཕྲད་རང་དབང་ཅན་བཤད་པ་གཉིས། དང་པོ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ནི། །ཞེས་པ་ནས། ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་པའི་བར་སླར་བསྡུ་སོགས་བརྒྱད་དོ།། གཉིས་པ་ཕྲད་རང་དབང་ཅན་ནི། གང་མིང་མཐའ་དང་མཐུན་པ་ཡི། །ཞེས་པ་ནས། དགག་པའི་གནས་སུ་ཤེས་པར་བྱ། །ཞེས་པའི་བར་ནི་སྒྲ་སོགས་དྲུག་གོ།
གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ནི། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པ་འོ། །ཞེས་པའི་བར་ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ་སོགས་བཞིའོ།།
གཉིས་པ་རྟགས་ཀྱི་འཇུག་པའི་གཞུང་འཆད་པ་ལ།
ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་སྟེ་གསུམ། དང་པོ་ནི། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་པ་ནས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་བར་རོ།།
གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་ནི། མོ་ཡི་ཡི་གེའི་ནང་ནས་ནི། །ཞེས་པ་ནས། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་བར་མིང་གཞི་ལས་སྔོན་རྗེས་དབྱུང་ཚུལ་དང༌། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། དེའི་འཇུག་ཚུལ་བཅས་གསུམ་མོ།།
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཞེས་པ་ནས། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །ཅེས་པའི་བར་རྗེས་འཇུག་གི་རྟགས་ཀྱི་ངོས་འཛིན་དང༌། དེའི་འཇུག་པ་རྒྱས་པར་བཤད་པ་སྟེ་གཉིས། འཇུག་པ་གསུམ་པ་ཇི་ལྟར་འཇུག་པ་ལའང་སྒྲ་དང་དོན་གྱི་འཇུག་ཚུལ་གཉིས། དོན་གྱི་འཇུག་ཚུལ་ལའང་སྔ་མ་གང་ལྟར་འགྱུར་བ་དང་ཕྱི་མ་གང་ལྟར་འགྱུར་བ་གཉིས། ཕྱི་མ་གང་ལྟར་འགྱུར་བ་ལའང་མིང་མཐའ་འདྲེན་ཚུལ་དང་རྣམ་དབྱེ་སོགས་འདྲེན་ཚུལ་ཏེ་གཉིས་སོ།། འཇུག་པ་བཞི་པ་ཅིའི་ཕྱིར་འཇུག་པ་ལའང་དངོས་དང་ཞར་བྱུང་གཉིས། ཞར་བྱུང་ལའང་ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་དང༌། ཡི་གེའི་འཇུག་པ་ཇི་ལྟར་སྦྱོར་བའི་ཚུལ་གྱི་བསྟན་བཅོས་འདི་ཉིད་རྟགས་འཇུག་རྩ་བ།བརྩམས་པའི་དགོས་པ་བཤད་པ་གཉིས་སོ།།
བཞི་པ། སི་ཏུའི་ཐུན་མོང་མ་ཡིན་པའི་བཞེད་པ།
སི་ཏུའི་སུམ་རྟགས་འགྲེལ་ཆེན་དུ་གསལ་བའི་སི་ཏུ་པཎ་ཆེན་རང་གི་བཞེད་པ་ཐུན་མོང་མ་ཡིན་པ་རྣམས་རགས་བསྡུས་སུ་འགོད་པ་ལ།
ཀ༽ སུམ་ཅུ་པའི་སྐོར།
༡ སུམ་ཅུ་པ་ཞེས་པ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།།ཞེས་སོགས་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་སྐབས་དང་པོའི་བརྗོད་བྱ་རྫོགས་པར་སྟོན་པས་གཞུང་ཚད་ཀྱི་སྒོ་ནས་བཏགས།
༢ མཆོད་བརྗོད་དང་རྩོམ་པར་དམ་བཅའ་ནི་རྟགས་འཇུག་སོགས་སྐབས་གཞན་གྱི་ཐུན་མོང་བ་ཡིན།
༣ འགྱུར་ཕྱག་ནི་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་མཛད།
༤ དཀོན་མཆོག་ལ་ཕྱག་འཚལ་བ་ནི་ཕྱག་ཡུལ་དེའི་ཆེད་དུ་མིན་པས་རྣམ་དབྱེ་གཉིས་པ་ལས་བཞི་པ་མིན།
༥ འཇམ་པའི་དབྱངས་ཀྱིས་གསུངས་པའི་སྒྲ་དབྱངས་ནི་སྒྲ་དབྱངས་བརྗོད་པ་ཐམས་ཅད་ལ་བྱེད།
༦ རྟག་ཞི་བ་ནི་ལྷ་ཆེན་པོ་དབང་ཕྱུག་ལ་འདོད།
༧ དེས་གསུངས་པའི་མིང་གཞི་ནི་ཡི་གེ་ཙམ་ལ་བྱེད།
༨ ཨ་ཡིག་དབྱངས་ཀྱི་གྲས་སུ་མ་བཞག་པར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ནི་དེས་དབྱངས་ཀྱི་བྱ་བ་གསལ་བར་བྱེད་མ་ནུས་པས་ཡིན།
༩ གི་གུ་སོགས་ཀྱིས་ཨཱ་ལིའི་བྱ་བ་གསལ་བར་མཚོན་ནུས་པས་ཨཱ་ལིའི་སྒྲར་ཡང་གསུངས།
༡༠ འདིར་བསྟན་གྱི་ཨཱ་ལི་རྐྱང་པ་ཡིན་ན་འཕུལ་རྟེན་གྱི་བྱ་བ་མི་འཇུག་པས་ཁྱབ།
༡༡ སུམ་ཅུ་པའི་གཞུང་དུ་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པས། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས།
༡༢ སླར་བསྡུ་ལ་དངོས་དང་ཙམ་པོ་བའི་ཁྱད་པར་མེད་ཅིང༌། སླར་བསྡུ་ཟླ་སྡུད་རྫོགས་ཚིག་གསུམ་དོན་གཅིག
༡༣ སླར་བསྡུ་ནི་སྡུད་པའི་སྒྲ་ཡིན་པས་དོན་གྱི་ལྡོག་པ་སྟོན་བྱེད་དུ་འགྱུར་བའི་ཕྱིར་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་མིན།
༡༤ མིང་མཐར་ས་ཡིག་སོགས་གནས་ཞེས་པ་ནི་མིང་མཐའི་རྗེས་འཇུག་ཏུ་གནས་པའི་དོན་མིན་པར། མིང་མཐར་རྣམ་དབྱེའི་དོན་དུ་ས་སོགས་བཀོད་དེ་གནས་པ་ལ་བྱེད།
༡༥ གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །ཞེས་པས་ལ་དོན་གྱི་ར་རུ་གཉིས་ཀ་བསྟན།
༡༦ དེ་ཉིད་ནི་རྣམ་དབྱེ་གཉིས་པའི་བྱེ་བྲག་སྟེ། བྱ་ལས་ངོ་བོ་གཅིག་པའི་དོན་ཅན་ལ་བྱེད།
༡༧ ཚེ་སྐབས་ནི་རྣམ་དབྱེ་བདུན་པའི་བྱེ་བྲག་སྟེ། བདུན་པ་ཉིད་དུས་བརྗོད་པ་ལ་སྦྱར་བར་འདོད།
༡༨ ན་ལ་གཉིས་དེ་ཉིད་ལ་མི་འཇུག
༡༩ སུ་སོགས་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་སམ། དེ་དག་གི་ཐ་མ་ལ་ཡིག་ཡིན་པས་ལ་སྒྲ་ཞེས་བཏགས།
༢༠ བྱེད་སྒྲ་རྒྱུ་མཚན་གྱི་དོན་ཅན་རྣམས་ཀྱང་བྱེད་པ་པོའི་རྣམ་དབྱེ་ཡིན།
༢༠ ཚིག་རྒྱན་དང་སྡུད་པ་གཉིས་འགལ།
༢༡ རྒྱུ་མཚན་ལ་འཇུག་པའི་ལས་སྒྲ་ནི་འབྱུང་ཁུངས་དང་འདྲ་བའི་རྣམ་དབྱེ་ལྔ་པ་ཡིན།
༢༢ དགར་སྡུད་ལ་འཇུག་པའི་ལས་ནས་ཀྱི་སྒྲ་དག་རྣམ་དབྱེ་ལྔ་པའི་ཡན་ལག་ཡིན། འོན་ཀྱང་འབྱུང་ཁུངས་དངོས་དང་ཆ་མཐུན་པ་གཉིས་ཀ་མིན།
༢༣ སྤྱིར་དགར་བ་ཞེས་པ་ནི་རིགས་དང་བྱ་བ་ཡོན་ཏན་གང་ཡང་རུང་བ་དགར་བ་ཡིན་གྱི་རྫས་རྐྱང་པ་དགར་བ་མི་སྲིད།
༢༤ ནས་སྒྲ་མ་གཏོགས་ལས་སྒྲ་སྡུད་པ་ལ་མི་འཇུག
༢༥ ཀྱེ་ཞེས་པ་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་པ་ལས་བོད་པའི་རྣམ་དབྱེ་མིན།
༢༦ དེ་སྒྲའི་སྐབས་ཐ་སྙད་ཀྱི་དབྱེ་བས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་ཅིང༌། ཐ་སྙད་འདས་པ་ནི་དབྱེ་གཞི་སྤྱི་ཁྱབ་ལས་དབྱེ་བ་མཚན་ཉིད་པ་མིན།
༢༧ ལྷག་བཅས་ཁོ་ན་མ་གཏོགས་དེ་སྒྲའི་འཇུག་པ་ལྷག་མ་ཐམས་ཅད་རྣམ་གྲངས་གཞན་སྦྱོར་དུ་འདུ་ཞིང༌། རྣམ་གྲངས་དང་རྣམ་པ་དོན་གཅིག་ཏུ་གྲུབ།
༢༨ དེ་སྒྲ་དངོས་པོ་ལ་འཇུག་ཚུལ་གྱིས་ཀྱང་ལྷག་བཅས་ཁོ་ན་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ།
༢༩ བདག་སྒྲ་ནི་མིང་མཐར་གསར་དུ་སྦྱར་བའི་པུ་ལིངྒའི་སྒྲ་པ་པོ་གཉིས་ཏེ་ཕྲད་རང་དབང་ཅན་ཡིན་ཞིང༌། བ་ཡིག་དང་ཅན་ལྡན་སོགས་ནི་བདག་སྒྲ་མིན། བེམ་པོ་སོགས་ལ་བདག་པོའི་ཐ་སྙད་མི་འཇུག
༣༠ དགག་སྒྲ་ནི་མ་མི་གཉིས་ཏེ། མེད་མིན་གཉིས་མིང་གི་ཐོག་མར་མི་འཇུག་པས་སྐབས་འདིའི་བསྟན་བྱ་མ་ཡིན།
ཁ༽ རྟགས་འཇུག་སྐོར།
༡ ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེའང་ཡིན། འདིའི་མཚན་མེད་ནི་མོ་གཤམ་གྱི་མཚན་མ་གསལ་པོ་མེད་པའི་དོན་ལས་རྟགས་མེད་དང་མ་ནིང་མཚན་མེད་ཀྱི་དོན་མིན།
༢ ཕོ་ནི་ཕོ་དང་མོ་ལ་འཇུག །ཅེས་པའི་མོ་ནི་མོ་ཡིག་སྤྱི་ལ་གོ་ཞིང༌། སྐབས་འདིར་རྐྱང་འཕུལ་ཁོ་ན་མིན་པར་རྐྱང་བརྩེགས་གཉིས་ཀའི་འཕུལ་འཇུག་བསྟན།
༣ བརྩེགས་འཕུལ་སྐབས་མགོ་འདོགས་ཀྱི་ཡི་གེ་རྣམས་འཕུལ་ཡིག་གི་འཇུག་ཡུལ་ཙམ་ལས་འཇུག་ཡུལ་གཙོ་བོ་མིན་ཞིང༌། འཕུལ་ཡིག་གི་འཇུག་ཡུལ་ཡིན་མིན་ནི་འཇུག་ཡུལ་གཙོ་བོའི་དབང་དུ་མཛད།
༤ སྔོན་འཇུག་གི་ཕོ་དང་མ་ནིང་གི་འཇུག་ཚུལ་ལ་སྒྲ་དྲག་ཞན་གྱི་དབྱེ་བ་ཆེར་མེད་ཀྱང་གཙོ་བོར་བྱེད་རྩོལ་ཆེ་ཆུང་གི་སྒོ་ནས་འབྱེད་དགོས།
༥ ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང༌། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱ། བྱ་བྱེད་ངོ་བོ་གཅིག་པ་ལ་བདག་གཞན་གྱི་དབྱེ་བ་མི་རུང༌།
༦ དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་དང༌། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་སོ།།
༧ དུས་གསུམ་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཀྱང༌། བདག་གཞན་གྱི་དབྱེ་བས་དེ་ཙམ་དུ་མ་ཁྱབ་སྟེ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ལ་མ་ཁྱབ།
༨ བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང༌། བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་དེ་བཞིན་དུ་བསྡུས།
༩ དུས་གསུམ་གྱི་དབྱེ་བ་མཛད་པའི་དགོས་པའང་བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་ཆེད་དུ་ཡིན།
༡༠ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་འདས་པ་ནི་བྱེད་འབྲེལ་འདས་པ་དང༌། གཞན་ནི་གཞན་བྱ་བའི་ཡུལ་དང་བྱ་བ་བཅས། བསྒྲུབ་ནི་སྔོན་འཇུག་བ་ཡིག་གིས་དོན་དེ་དག་བསྒྲུབ་པའམ་བསྟན་པའི་དོན་ནོ།།
༡༡ མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པའི་གཉིས་ཀ་ནི་བདག་དང་གཞན་གཉིས་སོ།།
༡༢ མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པའི་དང་སྒྲ་ནི་ཡི་གེ་ནོར་བས། བདག་ད་ཞེས་བཅོས་ནས་ད་ལྟ་བ་ལ་འཇུག་པའི་དོན་དང༌། བདག་ཅེས་པས་བྱ་བྱེད་ཐ་དད་པའི་བདག་ལ་འཇུག་པ་བསྟན་པར་མ་ཟད། བྱ་བྱེད་ཐ་མི་དད་པའི་བྱེད་པ་པོ་ལ་འཇུག་པའང་ཞར་ལ་བསྟན་ཏོ།།དངུལ་ཆུ་ཡབ་སྲས་ཀྱིས་འདི་ལ། བདག་ཙམ་དང༌། བདག་དོན་ཕལ་པ། བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ཅེས་གསུངས།
༡༣ རྗེས་འཇུག་གི་རྟགས་ལ་སྤྱིར་ག་ད་བ་ས་བཞི་ཕོ་དང༌། ང་མ་འ་གསུམ་མོ། ན་ར་ལ་གསུམ་མ་ནིང་དུ་འདོད། ནང་གསེས་ཀྱིས། ག་ཡང་འཇུག་ཅན་སྐྱེས་བུ་རབ། བ་ཡང་འཇུག་ཅན་སྐྱེས་བུ་འབྲིང༌། དེ་དག་ཡང་འཇུག་མེད་པ་དང་ད་སའི་མཐའ་ཅན་སྐྱེས་བུ་ཐ་མ། ང་མ་ཡང་འཇུག་ཅན་མོ་ཙམ་དང༌། དེ་དག་ཡང་འཇུག་མེད་པ་དང་འ་མཐའ་ཅན་ཤིན་ཏུ་མོ། ན་ར་ལ་གསུམ་མིང་གཞི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གང་རུང་དང་མོ་ཡིག་གི་མཐར་ཡང་འཇུག་མེད་པར་ཞུགས་ཚེ་འགྱུར་བ་མ་ནིང༌། མིང་གཞི་མོ་ཡིག་གི་མཐར་ཡང་འཇུག་དང་བཅས་ཞུགས་ཚེ་མཚན་གཉིས་མ་ནིང༌། མིང་གཞི་མ་ནིང་གི་མཐར་ཞུགས་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་མཚན་མེད་མ་ནིང་དུ་འདོད། དེ་ལྟར་རྗེས་འཇུག་གི་རྟགས་ལ་སྤྱིར་གསུམ་དང་ནང་གསེས་བརྒྱད་དུ་དབྱེ་བ་དེ་དག་ནི་རྗེས་འཇུག་གི་སྒྲའི་འཇུག་ཚུལ་ལ་གསུམ་དང་བརྒྱད་ཡོད་པའི་སྒོ་ནས་བཞག
༡༤ སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པའི་དོན་ནི། རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས། དེས་བདག་གཞན་སོགས་དོན་ཅི་ཞིག་སྟོན་པ་ནི་མིང་དེའི་སྔོན་འཇུག་གི་དོན་དང་ཇི་ལྟ་བ་བཞིན་དུ་སྦྱར་ནས་རྟོགས་དགོས་ཏེ། བདག་གཞན་དུས་གསུམ་གྱི་དོན་སྟོན་པ་ནི་སྐབས་འགར་མ་གཏོགས་རྗེས་འཇུག་ལས་སྔོན་འཇུག་གི་ནུས་པ་གཙོ་ཆེ་བ་ཡིན་པའི་ཕྱིར་རོ།།
༡༥ སྐུལ་ཚིག་གི་འཇུག་ཚུལ་ནི་རྟགས་འཇུག་གི་དངོས་ཤུགས་གང་དུའང་མ་བསྟན་ལ། མིང་རྐྱང་རྣམས་ཀྱང་རྟགས་འཇུག་གཞུང་གི་བསྟན་བྱའི་གཙོ་བོ་མ་ཡིན།
༡༦ སྒྲ་མཐུན་ཞེས་པ་ནི་བརྗོད་བདེ་བའི་སྒྲ་མཐུན་ལ་བྱེད།
༡༧ སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །ཅེས་སོགས་ཀྱི་སྐབས། སྤྱི་འཇུག བྱེད་པ། ཆེད་བྱེད། རྟེན་བྱེད། ལས་བྱ། བླང་བྱ། བསྒྲུབ་བྱ། ཞེས་པ་རྣམས་ནི་རིམ་བཞིན་རྣམ་དབྱེ་དང་པོ། གསུམ་པ། བཞི་པ། བདུན་པ། གཉིས་པ། ལྔ་པ། དྲུག་པ་རྣམས་ཀྱི་འཇུག་དོན་ཏེ་མིང་མཐར་རྣམ་དབྱེ་དེ་དང་དེ་འཇུག་བྱེད་དམ་འདྲེན་བྱེད་ཀྱི་མིང་དོན་འོག་མ་ལ་གོ་དགོས་པ་ལས་རྣམ་དབྱེ་སོ་སོར་གོ་མི་རུང༌། སྔོན་དུ་འོས་པ་ཞེས་པ་ནི་འདིར་རྣམ་དབྱེ་བརྒྱད་པ་འཇུག་ཡུལ་གྱི་མིང་དོན་སྔ་མ་ལ་གོ་དགོས། འདིར་གསུངས་པའི་རྣམ་དབྱེ་དང་པོ། གསུམ་པ། བདུན་པ། ལྔ་པ་རྣམས་ཀྱི་འཇུག་དོན་ནི་དཔེ་མཚོན་ཕྱོགས་རེ་བ་ལས་མཐའ་དག་པ་མིན།
༡༨ མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཞེས་པའི་དོན་ནི། མོ་ཡིག་གི་གུ་སོགས་ཨཱ་ལི་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ། ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་རོ།། འདིའི་དབྱངས་གསལ་ནི་བོད་ཡུལ་ཁོ་ནའི་དབང་དུ་མ་བྱས་པར་སྤྱི་ཁྱབ་ལའང་སྦྱར་དུ་རུང་ངོ༌།།
ད་དུང་འགྲེལ་ཆེན་གྱི་དཔེར་བརྗོད་ཁག་གི་ནང་དུའང་ཐུན་མོང་མ་ཡིན་པའི་བཞེད་པ་ཅན་རེ་ཡོད་ཀྱང་འདིར་རགས་པ་དེ་ཙམ་གྱིས་འཐུས་པར་བྱས་སོ། །
འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༣ ལ།
བརྡ་སྤྲོད་པའི་གཞུང་མཁྱེན་རྒྱ་ཆེ་བའི་འབྲེང་བ་དཀོན་མཆོག་འཇིགས་མེད་ལགས་བཀྲིན་ཆེ་དོན་དང་ལྡན་པར་གསུང་འདུག་པ་སློབ་བུ་ངེད་ཅག་གིས་ཅི་ནུས་ལྟ་ངེས་ཡིན་བཀྲིན་ཆེ་ཞུ།
ལེགས་བཤད་རེད། ལེགས་བཤད་ལ་དཔྱད་སྡུར་དཀོན་པར་ངེས། དེ་རིང་ཆ་ཚང་ཀློག་ཁོམ་མ་བྱུང་།
བརྡ་སྤྲོད་རིག་པའི་གཞུང་ལུགས་ཚིག་གི་མཛོད་།
གསལ་བར་བསྟོན་ལ་སི་ཏུའི་ཞལ་ལུང་ཙམ་།
མཁས་མང་དགྱེས་པའི་ལེགས་བཤད་སྤེལ་བ་འདི་།
ང་འདྲ་བླུན་པོའི་ཚོགས་ལ་གོ་བརྡ་འཕྲོད་ལ་དཀའ་།
འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས་སི་ཏུ་པཎ་ཆེན་གྱི་སུམ་རྟགས་ཀྱི་ངོ་སྤྲོད་ལེགས་པར་མཛད་པ་བློ་བསྐྱེད་ལ་ཕན་པས་བཀའ་དྲིན་ཆེ།
རྟགས་ཀྱི་འཇུག་པ་ན་ཡི་གེ་རྐྱང་པ་རྣམས་ཀྱི་ཕོ་མོའི་དབྱེ་བ་མཛད་པ་དེ་ལེགས་སྦྱར་སྐད་སོགས་སྐད་རིགས་གཞན་དུ་ཡོད་པར་ད་བར་དུ་མཐོང་མ་མྱོང་། རྟགས་ཀྱི་འཇུག་པར་ཞིབ་ཏུ་མ་སྦྱངས་པ་དག་གིས་ཡི་གེ་རྐྱང་པའི་ཕོ་མོ་སོགས་ཀྱི་དབྱེ་བ་དེ་རྣམས་རྟོགས་དཀའ་བས་བོད་དུ་ཡང་རྟགས་འཇུག་ཡོངས་གྲགས་མ་ཆགས། སུམ་ཅུ་པ་དེ་རྗེས་འཇུག་ལ་བལྟོས་ནས། ཚིག་ཕྲད་རྣམས་སྦྱར་དགོས་པས་ཉེར་མཁོ་ཡང་ཆེ་བ་མཆིས།
ཡུལ་ཡོད་ཀྱི་བྱ་ཚིག་གི་བྱེད་པ་པོ་ལ་ངོ་བོ་ཙམ་སྟོན་པ་རྣམ་དབྱེ་དང་པོར་འཇོག་པ་མི་འཐད་པར་སེམས། དེ་ཡང་ཤེས་རབ་སྙིང་པོ་ན། སངས་རྒྱས་ཀྱི་མཐུས། ཤཱ་རི་བུས་འདི་སྐད་སྨྲས། ཞེས་པའི་བརྗོད་པ་ན། མཐུས་ཞེས་པ་རྣམ་དབྱེ་གསུམ་པ་དང་། ཤཱ་རི་བུས། ཞེས་པ་རྣམ་དབྱེ་དང་པོ་ཡིན་པ་ལེགས་སྦྱར་སྐད་ན་གསལ་བ་ལྟར་འདོད་དགོས་སོ་སྙམ། འདི་ལ་འཐད་ལྡན་གྱི་བཤད་པ་ཞིག་ཡོད་ན། གསུང་གྲོགས་མཛོད་ཅིག །
བོད་ཀྱི་བརྡ་སྤྲོད་རིག་གནས་ལ་སྦྱང་བ་རྩེ་ཕུད་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་སི་ཏུའི་སུམ་རྟགས་ཀྱི་སྤྱི་བསྡོམས་རྨད་དུ་བྱུང་བའི་ལེགས་སྐྱེས་འདི་འདྲ་གནང་བར་ཡི་རངས་ཚད་མེད་ཞུ་རྒྱུ་ཡིན།། ད་དུང་བརྡ་སྤྲོད་རིག་གནས་ལ་བྱང་ཆུབ་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཀྱང་། “བོད་ཀྱི་བརྡ་སྤྲོད་ནག་ཌིགཿ” ཅེས་པའི་དཔེ་དེབ་(རྡ་ས་བོད་ཀྱི་དཔེ་མཇོ༹ད་ཁང་)ཀྱི་ཤོག་གྲངས་ ༣༨༥ ནས ༣༩༠ བར་རྟགས་འཇུག་གི་སྙིང་པོ་འབྲུ་དོན་ ༡༦ དང་། བདག་གཞན་དུས་གསུམ་དང་། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་མུ་གསུམ་མུ་བཞིའི་སྒོ་ནས་གསལ་པོར་བཀྲལ་འདུག་པས། དོ་དབྱིངས་གནང་ཚེ་དུས་ཚོད་ཐུང་ངུའི་ནང་སྔར་གྱི་སྦྱངས་འབྲས་ལ་དྲན་གསོ་གསར་པ་ཞིག་ལས་སླ་མོར་ཐེབས་ངེས་འདུག་ལགས།། ཐུགས་རྗེ་ཆེ།།
་་་་་་་་ བདག་སྒྲ་ནི་མིང་མཐར་གསར་དུ་སྦྱར་བའི་པུ་ལིངྒའི་སྒྲ་པ་པོ་གཉིས་ཏེ་ཕྲད་རང་དབང་ཅན་ཡིན་ཞིང༌། བ་ཡིག་དང་ཅན་ལྡན་སོགས་ནི་བདག་སྒྲ་མིན། ་་་་་་་་་་་
ཤེས་རབ་སྙིང་པོ་ན། སངས་རྒྱས་ཀྱི་མཐུས། ཤཱ་རི་བུས་འདི་སྐད་སྨྲས། ཞེས་པའི་བརྗོད་པ་ན། མཐུས་ཞེས་པ་རྣམ་དབྱེ་གསུམ་པ་དང་། ཤཱ་རི་བུས། ཞེས་པ་ཡང་། བོད་སྐད་དུ་འདི་གཉིས་ཀ་རྣམ་དབྱེ་གསུམ་པ་ཡིན་མཉམ་དུ་འདོད་དགོས་སྙམ་ལགས།
འབྲིང་བ་འཇིགས་མེད་ལགས་ལ་ཐུགས་རྗེ་ཆེ་ཞུ། དཔེ་མི་སྲིད་པའི་ཕན་ཐོགས་བྱུང་།
བརྡ་སྤྲོད་སྙན་ངག་ཚིག་རྒྱན་མཁས་པའི་ནོར་།
དམངས་ཡིག་ཁྱོག་ཀྱོག་ཡིག་གེ་ཀྱོག་བརྒྱུར་ཀྱང་།
དོན་རྩ་མདའ་ལས་འབྲོང་པ་དེ་རུ་ཚང་།
བོད་སྐད་བོད་ཡིག་མ་བརྗེད་བོད་མིའི་འགན་།
བརྡ་སྤྲོད་སྙན་ངག་རིག་པའི་གཞུང་ལུགས་ལ་།
དམངས་ཀྱི་སྦྱོང་དར་དུས་ཀྱི་སྒོ་སྐབས་ཉུང་།
མཁས་པའི་རྣམ་དཔྱོད་དམངས་སེམས་འཇུག་ལ་དཀའ་།
མཁས་པ་རྣམས་ནས་བརྡ་སྤྲོད་སྙན་ངག་ཚིག་རྒྱན་སྲུང་།
རྟགས་འཇུག་སྐོར་ལ།
https://www.youtube.com/watch?v=oI1FH4N4_fA&list=PLg4lZx-90iw–z1OY5z_84vNcSpbA4RN-&index=1
ཁྱོད་ཀྱིས་ཕོར་པས་ཇ་འཐུང་། ཞེས་པའི་བརྗོད་པ་འདིར་བྱེད་པ་པོ་དང་། ལས་དང་། མིང་ཚིག་གང་དང་གང་ལ་རྣམ་དབྱེ་གང་དང་གང་འཇུག་པ་དེ་ཁུངས་ལུང་འཐད་པ་ཞིག་གིས་རྣམ་གཞག་བྱེད་པ་རྒྱུ་མཚན་ལེགས་པ་ཞིག་གསུང་གྲོགས་མཛོད་ཅིག
རྒན་ལ་དྭགས་པ་བྱོན་པ་ལེགས།
གུས་པའི་རང་ལུགས་ལྟར་ན། ཁྱོད་ཀྱི་ཕོར་པས་ཇ་འཐུང་། ཞེས་པ་ལས་བྱེད་སྒྲ་ཉིས་རྩེག་མི་འདོད། འོན་ཀྱང་སྐུ་ཉིད་ཀྱིས་བཀོད་པའི་དཔེར་བརྗོད་འགྲེལ་ན་འདི་ལྟར། ཁྱོད་ཀྱིས་ཕོར་པས་ཇ་འཐུང་། ཞེས་པ་དང་། ཡིག་མཁན་གྱིས་སྨྱུ་གུས་ཡི་གེ་འབྲི། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་ལ་སོགས་པ་མཚུངས། ཁྱོད་གསལ་བྱེད་ཀྱི་སྒྲ་ལ་འཐུང་པ་པོ་དང་། དེ་ནི་བྱེད་པ་པོ་གཙོ་བོ། ཕོར་པ་གསལ་བྱེད་ཀྱི་སྒྲ་ལ་འཐུང་བྱེད། དེ་ནི་བྱེད་པའམ་བྱེད་པ་པོ་ཕལ་པ། ཇ་གསལ་བྱེད་ཀྱི་སྒྲ་ལ་བཏུང་བྱ། དེ་ནི་ལས། འཐུང་ནི་བྱ་བ་ད་ལྟར་བའོ།། གོང་གསལ་བརྗོད་པ་འདི་རྣམ་དབྱེ་གསུམ་པ་ཡིན་ཡང་། བྱེད་པ་པོར་རྣམ་དབྱེ་བདུན་དང་། འབོད་སྒྲ་འཇུག་པ་དང་། ལས་ལ་རྣམ་དབྱེ་བདུན་པོ་འཇུག འཐུང་ལ་རྣམ་དབྱེ་དང་པོ་འཇུག་པ་བཅས་གུས་པ་ཤེས་དམན་པའི་རྨོངས་འཆར་རོ།། དེར་མཁས་པ་ཁྱོད་ཀྱིས་ཞུ་དག་ལེགས་པར་མཛོད་ཅིག
ཁྱོད་ཀྱི་ཕོར་པས་ཇ་འཐུང་། ལས། ཁྱོད་ཀྱི་ཁ་ཡིས་ཐ་འཐུང་། ལ་སྦྱར་ན་ལེགས།
ཁྱོད་ཀྱིས་སྟ་རེས་ཤིང་གཅོད་ལས། ཁྱོད་ཀྱིས་ལག་པས་ཤིང་གཅོད། ལེགས་པ་འདུག་གམ།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་སུ།
སངས་རྒྱས་ཀྱི་མཐུས། ཤཱ་རིའི་བུས་འདི་སྐད་སྨྲས། ཞེས་པ་ལེགས་སྦྱར་སྐད་ལ་རྣམ་དབྱེ་མི་འདྲ་བ་ཡིན་ཡང་བོད་སྐད་ལ་གཉིས་ཀ་གསུམ་པ་ལས་མ་འདས། དེའང་སྔ་མ་རྒྱུ་མཚན་གྱི་དོན་ཅན་དང་ཕྱི་མ་བྱེད་པ་པོ་དངོས་ཀྱི་དོན་ཅན་ཡིན་པའི་ཁྱད་པར་ཡོད།
ཁྱོད་ཀྱིས་ཕོར་པས་ཇ་འཐུང་། ཞེས་པ་འདིའང་། སི་ཏུས། བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ཅེས་པའི་བདག་བྱེད་པོ་གཙོ་བོ་དང་རིག་སྔགས་བྱེད་པོ་ཕལ་པ། ཡང་ན་བདག་བྱེད་པ་པོ་དང་རིག་སྔགས་བྱེད་པ་ཙམ་ཡིན་གསུངས་པ་དང་འདྲ་བར། ཁྱོད་བྱེད་པོ་གཙོ་བོ་དང་ཕོར་པ་བྱེད་པོ་ཕལ་པ། ཡང་ན་ཁྱོད་བྱེད་པ་པོ་དང་ཕོར་པ་ནི་བྱེད་པ་ཙམ་ཡིན་ཞེས་སྨྲས་ན་ཁུངས་དང་འབྲེལ།
བདག་གིས་འཐུང་། བདག་སྡོད། ཞེས་པ་ན་འཐུང་དང་སྡོད་གཉིས་བྱ་ཚིག་ཡིན། བྱ་ཚིག་དེ་གཉིས་ཀྱི་བྱེད་པ་པོ་རྣམ་དབྱེ་དང་པོ་ཡིན་པ་ལ་ཁྱད་པར་མེད་ཀྱང་། རྣམ་དབྱེ་དང་པོའི་སྒྲ་བཤད་དོན་གྱི་ངོ་བོ་ཙམ་སྟོན་པ་རྣམ་དབྱེ་དང་པོའི་མཚན་ཉིད་དམ་སྒྲ་བཤད་དུ་རུང་བ་ཞིག་འདུག་གམ་ཅེས་དྲི་བ་ལགས།
ལས་མེད་བྱ་ཚིག་རྣམ་དབྱེ་དང་པོའི་དོན་ངོ་བོ་ཙམ་སྟོན་པ་སྡོད་ཅེས་པར་བདག་ངོ་བོ་ཙམ་སྟེ་ཚིག་སྣོན་གང་ཡང་མེད་པས་། བདག་གིས། ཞེས་པར་ངོ་བོ་ཙམ་མ་ཡིན་པར་བདག་ལ་གིས་ཞེས་སྦྱར་དགོས་པས། ངོ་བོ་ཙམ་ག་ལ་ཡིན། སི་ཏུ་པཎ་ཆེན་གྱིས་དབྱེ་བ་མཛད་པ་བཞིན་བྱེད་པ་པོ་གཙོ་བོ་རྣམ་དབྱེ་དང་པོ་དང་། བྱེད་པ་ཕལ་པ་ལ་རྣམ་དབྱེ་གསུམ་པར་གཞག་དགོས། ལེགས་པར་སྦྱར་པའི་སྐད་དུ་ཡང་། ཀརྟཱ་སྟེ་བྱེད་པ་པོ་རྣམ་དབྱེ་དང་པོ་དང་། ཀ་ར་ཎ་སྟེ། རྣམ་དབྱེ་གསུམ་པར་གཞག་ཅིང་རྣམ་དབྱེ་ཞེས་པ་ལེགས་སྦྱར་འགྲོ་སྟངས་བཞིན་བོད་སྐད་དུ་ཡང་བརྡ་སྤྲོད་ཁོང་དུ་ཆུད་པར་དགོངས་ཀྱང་། བདག་གིས་ནི་ཁུངས་ཐུབ་པ་ཞིག་སྐད་རིགས་གཉིས་ཀའི་བརྡ་སྤྲོད་ལ་སྦྱངས་མེད་པ་ཡིན་ནོ།
སི་ཏུས། དེའང་མི་ཟད་པ་མ་གཏོགས་པའི་ལེགས་སྦྱར་གྱི་མིང་ཐམས་ཅད་ལ་རྟགས་ཀྱི་དབྱེ་བ་ཡོད་པས་དེའི་ཆེད་དུ་རྣམ་དབྱེ་དང་པོ་སྦྱིན་པ་ཡིན་ཡང་འདིར་དེ་མེད་པས་མིང་དོན་ཙམ་ལ་རྣམ་དབྱེ་དང་པོ། ཞེས་གསུངས་པ་ལྟར། སྐད་གཉིས་ཀྱི་རྣམ་དབྱེ་དང་པོའི་འགྲོ་སྟངས་མི་འདྲའོ།
དེ་ལྟར་གསུངས་ཡོད་པ་དེ་ལས་མེད་བྱ་ཚིག་ཅན་གྱི་བརྗོད་པའི་ནང་གི་བྱེད་པ་པོ་ལ་དགོངས་སོ།
རྩིས༌འགོ༌ལྔ༌ཡིས༌འདིའི༌ངོ༌སྤྲོད༌འཐུས༌ཚང༌བྱེད༌ཐུབ༌པ༌མི༌འདུག