མ་འདས་པའི་སྤྲུལ་སྐུ་གླེང་བ། ༼བོད་འབྱོར་རྩོམ་ཡིག༽
བོད་ནས་ཧི་མ་ལའི་ཕ་རོལ་ལ་སྤྲིངས།རོང་བོ་དགེ་འདུན་ལྷུན་གྲུབ།
བོད་གཞིས་བྱེས་རྣམ་པ། དེང་གི་སྐབས་སུ་ཁྱོད་ཀྱིས་བསམ་བློ་ཅི་ཞིག་གཏོང་གིན་ཡོད། ནམ་རྒྱུན་མི་རིགས་ཀྱི་རུས་ཞེན་མཚར་བོ་འདིས་ཉལ་ས་སྐྱིད་པོ་ཞིག་གི་སྒང་ནས་ཉལ་བའི་གོ་སྐབས་ཀྱང་མི་སྟེར་གི ཕལ་ཆེར་ཁྱོད་ཀྱང་ཉལ་བའི་དུས་ནའང་མི་རིགས་འདིའི་མ་འོངས་པའི་ཕྱོགས་ལ་འདང་རྒྱག་གིན་ཡོད་པ་ང་ལ་གསལ་ངེས། འུ་ཅག་གི་ཆོས་དང་ཆབ་སྲིད་གཉིས་ཀྱི་ཕྱོགས་གང་ཐད་ནས་འདང་ཞིག་བརྒྱབས་ན། ད་ལྟའི་སྐབས་ལ་བཏང་སྙོམས་སུ་བསྐྱུར་མི་རིགས་པ་ཞིག་ཡོད་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ཁ་འདི་དང་འབྲེལ་བའི་སྤྲུལ་སྐུའི་སྐོར་འདི་རེད། སྔོན་ཆད་སྤྲུལ་སྐུ་བྱུང་བ་ནས་བཟུང་ད་ལྟའི་སྤྲུལ་སྐུ་འདི་ཚོའི་གོང་ཐང་གི་བར་དུ་འདང་ཞིག་བརྒྱག་ཚུལ་རེད། སྤྲུལ་སྐུ་ཐུགས་ཐག་གཅོད་ཚུལ་གྱི་ཕྱོགས་ནས་ཀྱང་འདང་ཞིག་བརྒྱག་དགོས་པའི་དུས་ཚོད་རེད། བོད་མི་འདི་ཚོའི་གོ་རྟོགས་སད་འཕྱི་བའི་དབང་གིས་ད་དུང་སྤྲུལ་སྐུ་ཞེས་པའི་ལམ་ཁ་འདི་མེད་པར་བཟོ་ཐུབ་གི་མ་རེད། དེའི་ཕྱིར་སྤྲུལ་སྐུ་འོག་མ་དག་སྤྲུལ་སྐུ་ཐོག་མ་དག་གིས་ཐག་བཅད་ན་ཚང་མ་འཆམ་མཐུན་འོང་བ་རེད། དཔེར་ན་བོད་ཀྱི་སྤྲུལ་སྐུ་སུ་ཡིན་ནའང་རྒྱལ་བ་པཎ་ཆེན་གཉིས་ཀྱི་གང་རུང་གིས་ཐག་གིས་བཅད་ན་དེ་ལ་གྲོས་ཁ་མི་མཐུན་པ་ཞིག་ཡོད་མི་སྲིད། རྒྱལ་བ་པཎ་ཆེན་སྐུ་འཕྲེང་རིམ་བྱོན་ནི་ལྷ་མོའི་ལྷ་མཚོ་དང༌། གནས་ཆུང་སྐུ་རྟེན། ལྷ་སའི་ཇོ་བོ་སོགས་ལ་བརྟེན་ནས་ཐག་གིས་གཅོད་པ་དང༌། རྒྱ་ནག་གོང་མའི་གསེར་བུམ་དཀྲིགས་ནས་ཐག་གིས་བཤད་པའང་རེ་གཉིས་སྣང༌། གོ་རིམ་དེ་དག་བརྒྱུད་ནས་རྩོད་རྙོག་བྱུང་བའང་ཡོད་འདུག ད་དུང་ཆབ་སྲིད་ཀྱི་དགོས་དབང་ལ་ཐུག་ནས་ཐག་གིས་བཅད་པའང་ཡོད་འདུག་པ་སོགས་དེ་དུས་ཀྱི་ལོ་རྒྱུས་ལ་བལྟས་ན་གསལ་ངེས། པཎ་ཆེན་སྐུ་འཕྲེང་དགུ་པ་མཆོག་ལའང་སྤྲུལ་སྐུ་གཉིས་བྱུང་བ་རེད། དེའང་མདོར་ན་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་དབང་གི་བྱུང་བ་རེད། ༡༩༣༧ ལོར་སྤྲུལ་སྐུ་རྩད་གཅོད་བྱེད་དུས་པཎ་ཆེན་བཞུགས་སྒར་ནས་མཚོ་སྔོན་དང་ཟི་ཁྲོན་ཁུལ་ཁག་གཉིས་སུ་བགོས་ཏེ་བྱེད་པ་དང༌། དུས་མཚུངས་བོད་ས་གནས་སྲིད་གཞུང་གིས་ཀྱང་བོད་ཁུལ་དུ་བྱེད་སྒོ་སྤེལ། དེའི་དམིགས་ཡུལ་ནི་ཁོ་ཚོ་རང་གི་སྟོབས་ཤུགས་ཁྱབ་ཁོངས་ནས་འོས་སྤྲུལ་ཐོན་ཐབས་ཀྱིས་པཎ་ཆེན་ཡང་སྲིད་ངོས་འཛིན་བསྐོ་འཛུགས་བྱས་ཏེ་བཀྲས་བླའི་ས་ཁུལ་དབང་དུ་བསྡུས་ཐོག མཚོ་སྔོན་དུ་གྱར་བའི་པཎ་ཆེན་སྐུ་འཕྲེང་དགུ་པའི་ཞབས་འབྲིང་སྐུ་འཁོར་ནང་སྒང་གི་སྟོབས་ཤུགས་ཟུར་འབུད་བྱ་རྒྱུ་དེ་ཡིན་ཞིང༌། མཐའ་མཇུག་ཕྱོགས་ཁག་གསུམ་གྱིས་འོས་སྤྲུལ་གསུམ་བཙལ་རྙེད་བྱུང་བར་སྐབས་དེའི་གོ་མིང་ཏང་ཀྲུང་དབྱང་གིས་པཎ་ཆེན་བཞུགས་སྒར་གྱིས་མཚོ་སྔོན་ཞིང་ཆེན་ཞོང་ཧ་རྫོང་གི་འོས་སྤྲུལ་ལ་ཆོག་མཆན་སྤྲད། བཀའ་ཅག་གིས་ཚ་བ་དབའ་ཤོད་ནས་བཙལ་བའི་འོས་སྤྲུལ་དེ་པཎ་ཆེན་ཡང་སྲིད་དུ་བསྐོ་འཛུགས་བྱེད་ཐུབ་ཐབས་མ་བྱུང་རུང༌། བློས་བཏང་སྡུག་འཁུར་ཡང་མ་ཐུབ་པར་གཏིང་སྐྱེས་སྤྲུལ་སྐུས་བཙལ་བའི་འོས་སྤྲུལ་གཞི་རྩེ་བཀྲས་ལྷུན་དགོན་གྱི་རྒྱ་ཁམ་ཚན་དུ་བཞག་པ་དེར་ཚོགས་ཆེན་སྤྲུལ་སྐུར་བསྐོས་ཏེ་རེ་བ་བཅོལ་བའི་ལོ་རྒྱུས་འདུག་པ་ལྟ་བུ་སོགས་ལ་སོམས་དང༌། དེ་ནི་ཆབ་སྲིད་ཀྱི་དབང་ཁོ་ནར་སོང་བ་ཞིག་ཡིན་སྟབས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་འདང་བརྒྱབས་པ་ཞིག་མིན་ལས་ཆེས་ཀི ལྷ་བཟང་ཧན་གྱིས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་འང་ཁྲི་ལས་ཕབ་ནས་རོང་ཆེན་ཁ་བ་དཀར་པོའི་ཕྱོགས་ཀྱི་སྤྲུལ་སྐུ་ཞིག་ཁྲི་ལ་བཞག་པའང་དེ་དང་མཚུངས་པ་ཞིག་རེད་འདུག ང་ཚོའི་ད་ལྟའི་སྐབས་འདིར་ཡང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་འོས་སྤྲུལ་མི་མཐུན་པ་གཉིས་བྱུང་བ་དེ་ཡང་སེམས་ངོ་ན་གསལ་བ་འདི་རེད། གྲོགས་པོ་ལགས་ཁྱོད་ཀྱིས་བསམ་ན་རྗེས་ཕྱོགས་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྤྲུལ་སྐུ་དེ་ཅི་ལྟར་འཚོལ་དགོས། ལྷ་སའི་ཇོ་མདུན་ནས་བཙལ་ཏེ་དབང་གཞན་ལག་ཏུ་འཇོག་གམ། རྒྱ་གར་རྡོ་རྗེ་གདན་ནས་བཙལ་ནས་དབང་རང་གིས་ཆོད་དགོས། དེ་དུས་མགོ་གཏད་སའི་སྔས་མེད་རྒྱབ་འཁེན་སའི་གྱང་མེད་ན་རྩོད་པ་ཅི་ལྟར་འབྱུང་ངམ། དོན་འདི་དག་ལ་བསམ་བློ་བཏང་ན་མ་འདས་པའི་སྤྲུལ་སྐུ་ཞིག་མ་བཙལ་རང་བཙལ་དུ་འགྲོ་ངེས། མ་འདས་པའི་སྤྲུལ་སྐུ་འཚོལ་བའི་ལུགས་འདི་ནམ་ཞིག་གོམས་སྲོལ་དུ་ཆགས་ཐུབ་པ་བྱུང་ན། སྤྲུལ་སྐུ་བཙལ་སྟངས་དེ་ཡང་དམངས་གཙོ་ཅན་དུ་འགྱུར་རྒྱུའི་རེ་བའང་མཐོ་གི་ དེའི་ཕྱིར་མ་འདས་པའི་སྤྲུལ་སྐུ་ཞིག་བཙལ་རྒྱུ་བྱུང་ན་སྐུ་མདུན་གྱིས་གསུངས་པ་བཞིན་ཁོང་གི་ཕྱག་ལས་ཀྱི་རྒྱུན་སྐྱོང་བ་ཞིག་འབྱོན་ཐུབ་པའི་ཡིད་ཆེས་ཡོད་ཀི། བོད་གཞིས་བྱེས་རྣམ་པ། བོད་ཨ་མདོ་ནས་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས། ༢༠༠༨ ཟླ་ ༡༡ ཚེས་ ༡༢ ཉིན།
མ་འདས་སྤྲུལ་སྐུ་ཟེར་བ་ཞིག་ཡོད་ན། མངོན་པ་མཛོད་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ། །ཞེས་གསུངས་འདུག་པ་དང་མི་འགལ་ལམ། འགྲོ་བ་གཅིག་ལ་ཤེས་རྒྱུད་གཉིས་མེད་ན་གཅིག་མ་འདས་གོང་ནས་གཅིག་འཁྲུངས་ཐབས་ཨེ་ཡོད།
མངོན་པ་མཛོད་ངོ་སོ་བསྟོད་མི་ཤེས། སུམ་ཅུ་བའི་ནང་”དགོས་པའི་དབང་གིས་རྟག་ཞི་པ་ཕྱག་འཚལ་ལོ་”ཟེར་ཞིག་དྲན་གི་འདུག འདིར་ཡང་འདས་དང་མ་འདས་ཀྱི་སྤྲུལ་སྐུ་ཚང་མ་དགོས་པ་གཙོ་བོ་མིན་འགྲོ་སྙམ།
དེ་བདེན་རེད། ཡིན་ན་ཡང་དགོས་པ་དགག་བྱ་གང་ཆེ་ལྟ་དགོས་ངེས་རེད།