བེ་རི་རྒྱལ་སྲས། ༼ཅོག་མྱིས་མཚམས་སྦྱོར་བྱས།༽
དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་བོད་ཡིག་གི་སྲོལ་བཏོད་པ་ནས་བཟུང་། ད་བར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཁག་གི་རྩ་བ་དང་སྡོམ། དེ་བཞིན་འགྲེལ་བ་ལའང་། དོན་འགྲེལ་དང་། ཚིག་འགྲེལ། འབྲུ་འགྲེལ། མཛུབ་ཁྲིད་སོགས་ཀྱི་འགྲེལ་པ་གྲངས་ཀྱིས་མི་ལོང་བ་ཞིག་མཛད་ཡོད་ལ། བརྡ་སྤྲོད་པའི་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན། བོད་ནི་འཛམ་གླིང་ནང་བརྡ་སྤྲོད་པའི་བསྟན་བཅོས་མང་ཤོས་ཀྱི་གྲས་ཤིག་ཡིན་པ་བཤད་མི་དགོས་པ་ཞིག་རེད། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ནང་ནས་ཆེས་སྔ་བ་ནི་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཡིན་པ་ནི་རླུང་ལྟར་གྲགས་ཤིང་། ཐོན་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཁག་དུ་ཙམ་ཡོད་མེད་དང་། དེ་དག་ཐོན་མིས་མཛད་པ་ཡིན་མིན་ནི་ཅུང་བརྗོད་དཀའ་བ་ཞིག་ཀྱང་ཡིན། སུམ་རྟགས་ཀྱི་ཚིག་སྦྱོར་དེ་དག་ལ་བལྟས་ན། དུས་རབས་བརྒྱད་པའི་ནང་བརྩམས་པའི་ཚིག་སྦྱོར་དང་མི་འདྲ་ལ། སུམ་རྟགས་རྩ་བ་ཡེ་ནས་ཀློག་མ་མྱོང་བའི་བོད་ཡིག་ཤེས་མཁན་ཞིག་གིས་རྩ་བ་དེ་ཐེངས་ཤིག་ཀློག་ན། དེ་ནི་ཉེ་དུས་ཀྱི་རྩོམ་པ་པོ་ཞིག་གིས་བརྩམས་པ་རེད་ཅེས་བརྗོད་ཀྱང་ཡིད་མི་ཆེས་པའི་རྒྱུ་མཚན་ལྷག་མེད། ད་དུང་ཐོན་མིས་མཛད་པར་གྲགས་པའི་གླུ་དང་མགུར་དེ་ཚོ་ཡང་། དུས་རབས་དེའི་ནང་མཛད་པའི་བཟོ་འདྲ་ཞིག་གཏན་ནས་མེད། དུས་རབས་བརྒྱད་པ་ཕར་ཞོག་དུས་རབས་བཅུ་པའི་སྐབས་སུ་བྲིས་པའི་ཡིག་རྙིང་དེ་ཚོ་ཡང་ང་ཚོས་ཀློག་ན་གོ་མི་ཐུབ་པའི་ཚོད་དུ་ཡོད། ང་ཚོའི་བོད་པའི་ལུགས་སྲོལ་གཅིག་ལ། ཡིག་རྙིང་དེ་དག་གོ་བ་ལེགས་པོ་ཞིག་མ་རྙེད་སྐབས། དེ་དག་སྐབས་དེ་དང་དེའི་དུས་ཀྱི་མིང་ཚིག་ཏུ་བསྒྱུར་བ་ཡང་དོན་དངོས་ཡིན་ཞིང་། ད་དུང་། ལེགས་བཤད་ཀྱི་གཏམ་མང་པོ་ཞིག་ཚིག་ལྷུག་ཏུ་ཡོད་པ་རྣམས་བློར་བཟུང་སླ་བའི་སླད་ཚིགས་བཅད་བཟོས་པའང་ཡོད་དེ།
དཔེར་ན། དེང་སང་ཡོངས་གྲགས་སུ་བགྲང་བའི་ཇོ་བོ་རྗེའི་གསུང་།
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།
ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།།
ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།།
རང་གི་འདོད་པ་དང་པོར་བླང་བར་བྱ།།
ཞེས་པ་འདི་ཀུན་གྱིས་བགྲང་ན་ཡང་། དོན་དངོས་ཐོག་ཇོ་བོའི་གསུང་ན། ཚིགས་བཅད་དེ་འདྲ་མེད་པ་ནི་བཀའ་གདམས་གསུང་བགྲོས་ནང་གསལ་བར་བཞུགས་པས་མིག་རས་དང་བ་ཀུན་གྱིས་མཐོང་ཐུབ་ལ་དེ་བཞིན་མདོ་ཀུན་ལས་བཏུས་པ་ལྟ་བུ་ཡང་དེ་ལྟར་རོ།།
དེ་བཞིན་ཡིག་རྙིང་གོ་དཀའ་བ་རྣམས་མིང་ཚིག་སླ་བོར་བསྒྱུར་བ་ཡང་ཡོད་དེ། དཔེར་ན། མང་སྲོང་མང་རྗེའི་སྐབས་ཀྱི་ཡིག་རྙིང་གལ་ཆེ་ཞིག་ཡོད་པ་དེ་གཡུ་ཡི་འཕྲེང་བའི་ནང་། དེང་རབས་ཀྱི་མིང་ཚིག་སྦྱོར་ནས་བྲིས་ཡོད་ཅིང་། ཡིག་ཆ་དེ་ལོ་གྲངས་བརྒྱ་ཕྲག་འགའ་ཤས་ཤིག་ཕྱིན་པའི་མཚམས་སུ་ཡིག་ཆ་དེ་དར་ཁྱབ་ཆེ་རུ་སོང་ན། ཡིག་ཆ་དེ་མང་སྲོང་སྐབས་ཀྱི་ཡིག་རྙིང་ཡིན་པར་ཁས་ལེན་མཁན་དཀོན་པོར་གྱུར་ཅིང་། ནང་དོན་གཅིག་པ་ཡིན་མིན་ལ་མ་ལྟོས་པར། ཡིག་ཆ་དེ་རིགས་གནའ་བོའི་ཡིག་རྙིང་ཞིག་ཡིན་མིན་ཐད་དྭོགས་གཞི་འབྱུང་བ་ནི་ལྡོག་ཏུ་མེད་པ་ཞིག་རེད། གཡུ་ཡི་ཕྲེང་བའི་ནང་དེང་རབས་ཀྱི་མིང་ཚིག་སྤྱད་དེ་བྲིས་པར་མ་ཟད་གནའ་བོའི་རྡོ་རིང་གི་ཡི་གེ་ཡང་རང་སོར་བཞག་པ་ནི་ཆེས་བསྔགས་བརྗོད་ཞུ་འོས་ཤིག་རེད།
དེས་ན། ཐོན་མིས་མཛད་པར་གྲགས་པའི་སུམ་རྟགས་གཉིས་ཀྱང་། དོན་དངོས་ཐོག་ཐོན་མིས་མཛད་པ་ཡིན་མིན་ནི་མངོན་ཤེས་ཡོད་པའི་མི་ཞིག་གིས་མ་གཏོགས་ཤེས་ཐབས་མེད་ལ། ང་ཚོས་ཞིབ་འཇུག་བྱེད་ཐབས་གཅིག་རང་ཡོད་པ་ནི། སྔོན་གྱི་ཡིག་རྙིང་དང་ལོ་རྒྱུས། དེ་བཞིན་ཚིག་སྦྱོར་ལ་བལྟ་རྒྱུ་དེ་རང་ཡིན། ཚིག་སྦྱོར་ལ་བལྟས་ན། དེ་ནི་ཐོན་མའི་དུས་སུ་བརྩམས་པ་ཞིག་ཡིན་པར་བརྗོད་དཀའ་བར་གྱུར་ཡོད་ལ། དེ་ནི་གོང་དུ་བརྗོད་པ་ལྟར། ཡིན་དང་མིན་གྱི་ཁ་ཚོན་སུས་ཀྱང་གཅོད་མི་ཐུབ་ཀྱང་། དྭོགས་གཞི་དེ་ལྟ་བུ་ཞིག་འབྱུང་བ་ཡང་རྟོག་ལྡན་ལ་སྐྱེས་པའི་དྭོགས་པ་ཞིག་ཅིས་ཀྱང་ཡིན།
དེ་བཞིན་དུ། ཐོན་མིས་མཛད་པའི་བསྟན་བཅོས་བརྒྱད་ཡོད་པའི་སྐོར་སྔོན་དང་ད་ལྟའི་འགྲེལ་བྱེད་མཁན་ཁ་ཤས་ཀྱིས་བཤད་འདུག་ཀྱང་། དེ་ནི་རང་རང་གི་ཚོད་དཔག་ཙམ་ལས། དོན་དངོས་ཤིག་སུས་ཀྱང་བཤད་ཐུབ་མེད་ལ། རྩ་བ་བརྒྱད་པོ་དེ་སུས་ཀྱང་མ་མཐོང་བས། རྩ་བ་བརྒྱད་པོ་དེའི་མཚན་བྱང་ཡང་རང་རང་གིས་ཚོད་དཔག་གིས་བཏགས་པ་ལས་ལྷག་མེད།
དེའི་ཕྱིར་སྔོན་གྱི་མཁས་པ་དག་གིས་རྩ་བ་བརྒྱད་བརྩམས་ཡོད་ཅེས་ཟེར་སྒྲོས་ཙམ་ལས་བརྩམས་པའི་ཕྱག་དཔེ་སུས་ཀྱང་མཇལ་དུ་མེད་པས། རང་རང་གིས་མཚན་གསར་པ་རེ་བཏགས་ནས་གྲངས་བརྒྱད་ལོང་པ་བྱས་པ་རེད། འོན་ཀྱང་མཁས་པ་ཁ་ཤས་ཀྱིས་ཐོན་མིས་རྩ་བ་བརྒྱད་མཛད་ཅེས་གསུངས་ཏེ། དེ་ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེ་དཀར་གཡའ་སེལ་[1]དུ། “རྒྱ་གར་ན་སྒྲའི་བསྟན་བཅོས་བརྒྱད་དུ་གྲགས་པ་བཞིན་དེ་དང་མཚུངས་པར་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད།” ཅེས་གསུངས།
ཞ་ལུ་ལོ་ཆེན་གྱི་འགྲེལ་བར།[2] “ཐོན་མིས་བརྩམས་པའི་རྒྱ་གར་སྐད་ཀློག་ཚུལ་མུན་པའི་སྒྲོན་མེ་བརྩམས་”ཞེས་གསུངས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་[3]དུ། “དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས། ཀ་མད་སུམ་ཅུར་བསྒྱུར། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བ་ཡོད་ཀྱི་དེ་དག་ལ་གཟིགས་ཤིག“ ཅེས་གསུངས་པ་དང་། དཀར་དྲུང་པད་མ་རྡོ་རྗེའི་སུམ་རྟགས་འགྲེལ་བ་[4] ཡི་ནང་དུ། ཀླུ་དབང་མགུལ་རྒྱན། ཞེས་བྱ་བའི་གཞུང་ཞིག་ཀྱང་ཐོན་མིས་བརྩམས་ཞེས་གསུངས་ཡོད་ཀྱང་། གསུང་མཁན་རང་ཉིད་ཀྱིས་དཔེ་ཆ་དེ་མཇལ་ཡོད་མེད་མི་ཤེས་སོ།།
ཐོན་མིས་རྩ་བ་བརྒྱད་མཛད་ཡོད་མེད་མི་ཤེས་ཀྱང་། བརྡ་སྤྲོད་པའི་བསྟན་བཅོས་གཞན་ཁ་ཤས་ཤིག་མཛད་ཡོད་ཤས་ཆེ་ན་མ་གཏོགས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འདི་གཉིས་གཅིག་པུས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཁ་སྐོང་ཐུབ་ཐབས་མི་འདུག་སྙམ།
༡ སྔོན་གྱི་ཡིག་རྙིང་ནང་ཐོན་མིས་བརྩམས་ཞེས་ཟུར་ཙམ་ཡང་མེད་པ།
སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཀུན་གྱི་ནང་དུ་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཟུར་ཙམ་ཡང་མི་རྙེད་དེ། བོད་ཀྱི་ལོ་རྒྱུས་རྙིང་གྲས་སུ་གཏོགས་པ་ཉང་ཆོས་འབྱུང་ནང་དུའང་ཐོན་མིས་བོད་ཡིག་གི་སྲོལ་གཏོད་ཚུལ་མང་དུ་བཀོད་པ་ལས་སུམ་རྟགས་གཉིས་ཞེས་པ་ཞིག་ཟུར་ཙམ་ཡང་གསུངས་མེད་པ་དེས་དེ་བར་དུ་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་མེད་པ་དང་། བརྩམས་པའི་སྐོར་ཡེ་ནས་གྲགས་ཐོས་མེད་པ་མཚོན་ཐུབ།
དེ་བཞིན་ལྡེའུ་ཇོ་སྲས་(དུས་རབས་བཅུ་གཉིས་པའི་ནང་བྱུང་།) སམ་ཡང་ན། ལྡེའུ་དགེ་བཤེས་སམ་དགེ་བཤེས་ཇོ་འབུམ་ཞུ་བ་དེས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་[5]ཞེས་པ་ལས་ཀྱང་སྲོང་བཙན་གྱི་དུས་སུ་བློན་པོ་དང་། ཁྲིམས་ལུགས། སྒྲིག་གཞི་སོགས་ཀྱི་སྐོར་བཤད་པ་ལས། སུམ་རྟགས་གཉིས་བརྩམས་པའི་སྐོར་ཡེ་ནས་གསལ་མེད་པ་དེས་ཀྱང་ཐོན་མིས་སུམ་རྟགས་གཉིས་བརྩམས་མེད་པ་གསལ་བཤད་བྱེད་ཐུབ།
དེ་བཞིན་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་རྗེ་བཙུན་བསོད་ནམས་རྒྱལ་མཚན་(༡༡༤༧ནས་༡༢༡༦།)གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་[6]ལས་ཀྱང་། རྒྱས་པར་འདོད་ན།ཐོན་མིས་དང་པོར་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས། ཀ་སྨད་སུམ་ཅུར་བསྒྱུར། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཀྱང་ཡོད་ཀྱིས་དེ་དག་ལ་གཟིགས་ཤིག ཅེས་ཐོན་མིས་བརྩམས་པའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཡོད་རབས་གསུངས་པ་ལས་སུམ་རྟགས་གཉིས་བརྩམས་པའི་སྒྲ་དང་དྲི་མ་ཙམ་ཡང་མེད། དེས་ཀྱང་དུས་རབས་དེའི་ཡན་དུ་སུམ་རྟགས་གཉིས་ཞེས་པའི་མིང་ཙམ་ཡང་མེད་པ་གསལ་བཤད་བྱས་པ་རེད།
ཐོན་མིས་བརྩམས་པའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཡོད་ན། དེ་གང་དུ་ཡོད་མེད་མ་གསུངས་ཤིང་། རྗེ་བཙུན་རང་ཉིད་ཀྱིས་གཟིགས་ཡོད་པའི་ཟོལ་དུ་གསུངས་ཀྱང་། གཟིགས་ཡོད་ན་དེའི་ཁུངས་ཙམ་ཡང་མི་དྲངས་པ་ཅི་ཡིན་སྙམ་པའི་དོགས་པ་ཡང་མ་ཤར་ཀ་མེད་རེད།
ད་ཕན་མཇལ་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་རྙིང་པ་ནང་དུ་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་དང་དེ་ཡང་དུས་རབས་བཅུ་གཉིས་ཡན་གྱི་ལོ་རྒྱུས་ཐམས་ཅད་ཀྱི་ནང་དུ་སུམ་རྟགས་ཞེས་པའི་སྒྲ་ཙམ་ཡང་གྲགས་རྒྱུ་མེད། བོད་ཀྱི་ལོ་རྒྱུས་རྙིང་པར་གྲགས་པ་ལྔ་སྟེ། ཡོ་ག་ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟབ་མ་དགུ་བརྩེགས་ཅན།། ཟིང་པོ་མགོ་སྔོན་ཅན། གསང་བ་ཕྱག་རྒྱ་ཅན། ཞེས་པ་རྣམས་ད་ཕན་མཇལ་མ་མྱོང་བས། དེ་དག་གི་ནང་ཡོད་མེད་ཁ་ཚོན་བཅད་ནས་བརྗོད་མི་ཐུབ་ཀྱང་ཕལ་ཆེར་མེད་པའི་ཕྱོགས་སོ། །
འདིར་དཔྱད་དགོས་པ་ཞིག་ལ། ས་པཎ་གྱིས་མཛད་པའི་ཡི་གེ་སྦྱོར་བའི་ཚིག་སྦྱོར་དང་སུམ་རྟགས་ཀྱི་ཚིག་སྦྱོར་ཤིན་ཏུ་ནས་འདྲ་བས་མ་ཟད།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།
མིང་ཚིག་བརྗོད་པ་ཀུན་གྱི་གཞི།།
ཡི་གེའི་སྦྱོར་བ་བཤད་པར་བྱ།།
ཞེས་མགོ་ནས་ཚིག་ཇི་མ་ཇི་བཞིན་བཤུས་པ་བཞིན་དང་། དེས་མ་ཟད་དཀྱུས་ཀྱི་ནང་དུ་སུམ་རྟགས་ཀྱི་ཚིག་ཇི་བཞིན་དུ་སྣང་བས། སུམ་རྟགས་གཉིས་ཞེས་པ་དེ་ནི་ཡི་གེའི་སྦྱོར་བ་འདི་ལས་འོས་མེད་དོ། །
ས་པཎ་གྱི་ཡི་གེ་སྦྱོར་བ་དེ་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཡར་བཅད་མར་བཏུབ་ཀྱིས་སུམ་རྟགས་གཉིས་ཞེས་པའི་གཞུང་གསར་ཞིག་བཟོས་ནས་དེ་ཡང་ཕྱི་རབས་པ་རྣམས་ལ་སྲོང་བཙན་གྱི་དུས་སུ་ཐོན་མིས་མཛད་ཅེས་ཟེར་ན་ཀུན་གྱིས་ཐུན་མོང་དུ་སྦྱང་གཞིར་འགྱུར་ངེས་སྙམ་པ་དང་། ས་པཎ་གྱིས་མཛད་ཅེས་ཟེར་ན་ཆོས་ལུགས་བྱེ་བྲག་པ་ཞིག་ལས་གཞན་གྱིས་སློབ་གཞིར་མི་བྱེད་པར་བསམས་ནས་ཐོན་མིས་མཛད་ཅེས་མང་དུ་བཤད་ནས་དེང་གི་ཆར་ཐོན་མིས་མཛད་ཅེས་སུ་གྲགས་པ་རེད་སྙམ།
ས་པཎ་གྱིས་ཡི་གེ་སྦྱོར་བ་མཛད་པ་ནས་སུམ་རྟགས་གཉིས་ཀྱི་འགྲེལ་པ་ཡིན་ཟེར་བ་མང་པོ་ཞིག་ཆར་རྗེས་ཤ་མོང་བརྡོལ་བ་བཞིན་དོན་པ་དེས་ཀྱང་སུམ་རྟགས་གཉིས་ནི་ཡི་གེའི་སྦྱོར་བ་དེ་རང་ཡིན་པ་གསལ་པོར་བསྟན་པ་རེད། འོན་ཀྱང་ཐོན་མི་ལ་བོད་ཡིག་ལ་སྨན་པའི་ཞབས་རྗེས་གང་ཡང་མེད་དམ་ཞེ་ན་དེ་ནི་ཡེ་ནས་མིན་ཏེ། ཐོན་མིས་སྔར་ཡོད་ཀྱི་བོད་ཡིག་ལ་གསར་སྣོན་དང་དེ་བཞིན་ལེགས་སྤེལ་གང་འཚམས་གནང་ཡོད་ངེས་ལ། དེ་ནི་ས་པཎ་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཏེ། ས་པཎ་གྱི་བསྟོད་དབྱངས་འཕྲེང་བ་ལས།
དེ་ཕྱིར་བོད་ལ་བོད་སྐད་དུ།།
གསུང་ཕྱིར་སམ་བྷོ་ཌ་ལ་སོགས།།
འཇིག་རྟེན་མིག་འབྱེད་བྱིན་བརླབས་ནས།།
བསྟན་པ་སྤེལ་ལ་ཕྱག་འཚལ་ལོ།། [7] ཞེས་གསུངས་པས་སོ།།
༢ དུས་རབས་བདུན་པའི་ཚིག་སྦྱོར་དང་ཡེ་ནས་མི་འདྲ་བ།
ཐོན་མིས་སུམ་རྟགས་གཉིས་བརྩམས་ཡོད་ན་དུས་རབས་བདུན་པའི་ནང་བརྩམས་ཡོད་ངེས་པས། སུམ་རྟགས་གཉིས་མགོ་ནས་མཇུག་བར་ཐེངས་ག་ཚོད་ཅིག་ཀློག་ཀྱང་ང་ཚོས་མ་གོ་བའི་བརྡ་རྙིང་ཚིག་འབྲུ་གཅིག་ཀྱང་མི་རྙེད་པ་དེ་རང་གིས་དུས་རབས་བདུན་པའི་སྐབས་ཀྱི་གཞུང་ཞིག་མིན་པར་གོ་ཐུབ།
དུས་རབས་བདུན་པ་དང་དེ་བཞིན་བརྒྱད་པའི་དུས་སུ་བྲིས་པའི་བོད་གཞུང་རྣམས་ལ་ཞིབ་ཏུ་གཟིགས་དང་། དཔེར་ན། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་མཛད་པའི་སྒྲ་སྦྱོར་བམ་གཉིས་ནང་རང་རེས་གོ་ནུས་པའི་མིང་ཚིག་འགའ་ཤས་ཡོད་ཀྱང་། དེའི་ནང་བརྡ་རྙིང་ཤིན་ཏུ་མང་བས་ང་ཚོས་བདེ་བླག་ཏུ་གོ་མི་ཐུབ། གོང་དུ་བརྗོད་པ་ལྟར་ཚིག་གི་འགྲོས་དེ་ནི་དུས་རབས་དེའི་དུས་ཀྱི་ཚིག་སྦྱོར་དང་ཡེ་ནས་མི་འདྲ་བ་ཞིག་གོ།
དེ་བཞིན་ཐོན་མིས་མཛད་པར་གྲགས་པའི་རྒྱལ་པོ་ལ་ཕུལ་བའི་གླུ་དབྱངས།
“ ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།།
ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།
ལུང་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།
ཁོང་མཁས་པ་བྲམ་ཟེ་ལེགས་བྱིན་ལ།།
ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།།”
ཞེས་སོགས་བླངས་རབས་འདུག་ཀྱང་། དེ་ནི་ཐོན་མི་རང་གིས་བླངས་པའི་བཟོ་མི་འདུག་ཅིང་། ཚིག་སྦྱོར་ལ་བལྟས་པས་ཀྱང་དེ་ནི་ཕྱིས་ཀྱི་ཚིག་སྦྱོར་ཞིག་ལས་འོས་མེད་དོ།།
འོན་ཀྱང་། ཐོན་མིས་ཡི་གེའི་ཕུད་ཕུལ་བའི་དབྱངས་ངེས་པའི་སྙན་ངག་ནང་།
“ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།
གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་།།
ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།།
འཕགས་པ་མ་ཕམ་ཡང་དག་དམ་པ་ལ།།
བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ།།
ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།།
ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག།
དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།།
སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས།།
སྲོང་བཙན་སྒོམ་པོར་མཚན་གསོལ་བའི།།
ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ།།”
ཞེས་པ་འདི་ཐོན་མིས་མཛད་པ་དང་། དེ་ཡང་ཛེན་ཁོག་སྣ་རྡོའི་ལྷ་ཁང་དུ་བྲག་ལ་བརྐོས་ནས་ཡོད་པ་རྒྱལ་རབས་གསལ་མེར་གསལ་ཀྱང་། དེ་ནི་ཐོན་མིའི་ཚིག་སྦྱོར་ཡིན་མིན་ཡང་ཤིན་ཏུ་ནས་བརྟག་དགོས་ཏེ། དེ་སྐབས་བོད་དུ་དབྱངས་ངེས་པའི་སྙན་ངག་འབྲི་སྲོལ་ཡོད་མེད་དང་། མེད་ཀྱང་ཐོན་མིས་རྒྱ་གར་ནས་དཔེ་བླང་དུ་ཆུག་ཀྱང་། དེའི་ནང་ནང་ཆོས་ཀྱི་མིང་ཚིག་ཏིང་འཛིན་དང་། ཉོན་མོངས། དེ་བཞིན་ཡེ་ཤེས་སོགས་མང་དུ་སྤྱད་འདུག་པ་དང་། དེ་དག་ནི་དེ་སྐབས་སུ་དར་ཡོད་པའི་མིང་ཚིག་ཅིག་ཡིན་མིན་ཡང་སྒྲ་སྦྱོར་བམ་གཉིས་ལ་བལྟ་དགོས་པ་དང་། དེ་ཡོད་དུ་ཆུག་ཀྱང་། ཡི་གེའི་ཕུད་ཕུལ་བའི་སྐབས་ཡིན་པས། ཐོན་མིས་དེ་ལྟར་བྲིས་པའི་དབང་དུ་བཏང་ཡང་སུས་ཀྱང་མི་གོ་བའི་ཚོད་དུ་སྣང་བས་དེ་བྲིས་ཀྱང་ཕན་ཐོགས་མེད་པ་ཞིག་རེད། དེ་ལྟར་བསྟོད་པས་རྒྱལ་པོ་དགྱེས་ཐབས་ནི་དེ་བས་ཀྱང་ག་ལ་ཡོད།
༣ ཆོས་རྒྱལ་སྐབས་ཀྱི་རྡོ་རིང་ལ་སུམ་རྟགས་ཀྱི་སྒྲིག་སྲོལ་དང་མི་མཐུན་པ་མང་བ།
སུམ་རྟགས་གཉིས་པོ་ཐོན་མིས་བརྩམས་ཡོད་ན་ཆོས་རྒྱལ་སྲོང་བཙན་གྱི་བཀའ་བསྒོས་འོག་བརྩམས་པ་གོར་མ་ཆག་ལ། དེ་ལྟར་ན། དེ་ནི་གཞུང་གི་བཀས་བཅད་ཀྱི་གཞུང་ཞིག་ཡིན་པས། གཞུང་གི་ཡིག་ཆ་དང་། དེ་བཞིན་རྡོ་རིང་སོགས་སུ་ནི་གཞུང་དེའི་ཚིག་འགྲོས་དང་མཐུན་པ་ཞིག་སྦྱར་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། ཡིན་ཡང་། སྔོན་གྱི་ཡིག་རྙིང་དང་། རྡོ་རིང་། དེ་བཞིན་ཏུང་ཧོང་ནས་ཐོན་པའི་ལོ་རྒྱུས་རྣམས་སུ་སུམ་རྟགས་ཀྱི་ཚིག་སྦྱོར་དང་མི་མཐུན་པ་ཤིན་ཏུ་མང་སྟབས་སུམ་རྟགས་གཉིས་ནི་དུས་རབས་བདུན་པའི་དུས་སུ་མེད་པར་གོ་ཐུབ།
མཁས་དབང་ཐུབ་བསྟན་སྦྱིན་པའི་བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་ལས། “ཁོ་བོ་ལྟར་ན། སུམ་ཅུ་པ་ལས་རྟགས་འཇུག་དུས་རབས་ཀྱི་ཆ་ནས་ཕྱིས་པ་དང་། སྔོན་གྱི་རྡོ་རིང་དང་ཏུང་ཧོང་ནས་ཐོན་པའི་ཡིག་ཆ་སོགས་སུ་སུམ་རྟགས་ནས་གཏན་འབེབས་མཛད་པའི་བརྡ་སྤྲོད་ཀྱི་ཁྲིམས་སྲོལ་མང་པོ་ཞིག་མི་རྩི་བ་སོགས་ཀྱིས་སུམ་ཅུ་པ་ལྟ་བུའི་སྒྲའི་བསྟན་བཅོས་དང་དེ་དང་འབྲེལ་བའི་བརྡ་སྤྲོད་པའི་ཁྲིམས་རྣམས་དྲིན་ཅན་ཐོན་མིས་གཏན་འབེབས་མཛད་པར་ངེས་མོད། བོད་ཀྱི་ཡི་གེ་རང་ཉིད་ཐོན་མིས་གསར་དུ་བཟོས་ཞེས་པ་དེ་ལ་དོགས་གཞི་ཆེ་ཙམ་འདུག་ཅིང་། འདིར་ནི་དཔྱད་པ་འདིའི་སྐོར་རེ་ཞིག་བཏང་སྙོམས་སུ་བཞག་ཡོད།” [8] ཅེས་པ་ལས་མ་གསུངས་པ་ནི་ཤིན་ཏུ་ཕངས་སོ།།
༤ ས་སྐྱ་པཎ་ཆེན་བར་སུམ་རྟགས་ཀྱི་འགྲེལ་པ་ཡེ་ནས་མ་བྱུང་བ།
གལ་ཏེ་སུམ་རྟགས་གཉིས་ཐོན་མིས་བརྩམས་ཡོད་ན་ས་པཎ་བར་སུམ་རྟགས་ཀྱི་འགྲེལ་པ་གཅིག་ཀྱང་མ་བྱུང་བ་ཅི་ཞིག་ཡིན། བོད་པ་རྣམས་རྩ་བ་ཞིག་བྱུང་ན་འགྲེལ་པ་འབྲི་རྒྱུ་ལ་ཤིན་ཏུ་དགའ་བ་ཞིག་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་བོད་བསྒྱུར་ཟིན་མ་ཐག་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱིས་དེའི་འགྲེལ་བ་ཞིག་མཛད་པ་དེས་མཚོན་ཐུབ།
དེས་མཚོན་ནས་བོད་པ་རྣམས་ནི་འགྲེལ་པ་འབྲི་སྲོལ་ཤིན་ཏུ་ཆེ་བས་ཐོན་མིས་སུམ་རྟགས་གཉིས་བརྩམས་ཡོད་ན་དེའི་འགྲེལ་པ་གཅིག་ཀྱང་མ་བྱུང་བ་ཡིན་མི་སྲིད་པ་ཞིག་རེད། ད་དུང་། ས་པཎ་གྱི་སྡེབ་སྦྱོར་གྱི་གཞུང་དུ། སུམ་རྟགས་གཉིས་ཀྱི་ཚིག་ཕལ་ཆེ་བ་གཅིག་མཚུངས་ཡིན་པ་དང། དེ་ནི་མི་གཅིག་གིས་བརྩམས་ཟེར་ཡང་ཡིད་མི་ཆེས་པ་མེད་ཅིང་། དེའི་ནང་སུམ་རྟགས་གཉིས་ཞེས་པ་ཞིག་ཟུར་ཙམ་ཡང་མི་གསལ་བ་དང་། གལ་ཏེ་དེ་སུམ་རྟགས་ཀྱི་འགྲེལ་པ་ཡིན་ན་སུམ་རྟགས་ཀྱི་མཚན་ཙམ་ཡང་མི་གསལ་བ་དེ་ཅི་ལ་ཐུག་པ་ཡིན། དེས་ནི་ས་པཎ་སྔོན་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་མཚོན་ཐུབ།
འོན་ཀྱང་དེང་སང་ང་ཚོས་མཇལ་དུ་ཡོད་པའི་བསྟན་འགྱུར་ཀུན་གྱི་ནང་དུ་ཚིག་འགྲོས་ཏོག་ཙམ་མི་འདྲ་བ་ཙམ་ལས་སློབ་དཔོན་ཨ་ནུས་མཛད་པའི་བྱ་ཀ་ར་ཎའི་བསྟན་བཅོས་ཞེས་པ་ཞིག་མཇལ་དུ་ཡོད་ཀྱང་། སྔོན་གྱི་བསྟན་འགྱུར་ཁྲོད་དུ་སུམ་རྟགས་གཉིས་མེད་པ་དེས་ས་པཎ་མ་བྱུང་བར་སུམ་རྟགས་གཉིས་མེད་པར་མཚོན་ནོ།།
༥ ས་པཎ་གྱི་ཡི་གེའི་སྦྱོར་བ་དེ་རང་སུམ་རྟགས་གཉིས་ཡིན་པ།
བོད་ཀྱི་ལོ་རྒྱུས་ཀུན་གྱི་ནང་དུ་ས་པཎ་གྱིས་བརྩམས་པའི་ཡི་གེའི་སྦྱོར་བ་ཞེས་ཡོངས་སུ་གྲགས་པས་མ་ཟད། ཡི་གེའི་སྦྱོར་བ་ལ་ཞིབ་ཏུ་གཟིགས་ན་དེ་ནི་སུམ་རྟགས་ཀྱི་ཚིག་ཇི་མ་ཇི་བཞིན་ལགས་ཤིང་། ས་པཎ་གྱིས་སུམ་རྟགས་གཉིས་ལས་བཤུས་པ་ཡིན་ན། དེ་ལས་གསུངས་ཞེས་ལུང་འདྲེན་གནང་ངེས་ཡིན་ལ། བོད་ཀྱི་མཁས་པའི་ཡང་རྩེ་ས་པཎ་ལྟ་བུས་དོན་མེད་རྐུས་བཤུས་མི་བྱེད་པའི་ཡིད་ཆེས་མེད་ན་གཞན་སུ་ཞིག་ལ་ཡིད་ཆེས་བྱེད། ས་པཎ་གྱི་ཡི་གེའི་སྦྱོར་བ་བརྩམས་པ་ནི་བཀའ་འབུམ་རང་དུ་གསལ་ཞིང་། ས་པཎ་གྱིས་ཡི་གེའི་སྦྱོར་བ་མ་བརྩམས་བར་དུ་སུམ་རྟགས་གཉིས་མིག་གིས་རིག་རྒྱུ་མེད་ཅིང་། རྣ་བས་ཀྱང་ཐོས་རྒྱུ་མེད། ཡི་གེའི་སྦྱོར་བ་བརྩམས་པ་དང་སུམ་རྟགས་གཉིས་ཀྱི་འགྲེལ་པ་ཡིན་ཟེར་བ་མང་པོ་ཞིག་གང་ཞིག་ནས་དོན་ཡོང་བ་རེད། སུམ་རྟགས་ཀྱི་འགྲེལ་པ་དེ་དག་ནི་ས་པཎ་གྱི་རྗེས་སུ་བྱུང་བ་ཞིག་ལས་དེའི་སྔོན་དུ་བྱུང་བ་གཅིག་ཀྱང་མེད། དེས་ཀྱང་ཡི་གེའི་སྦྱོར་བ་དང་། སུམ་རྟགས་གཉིས་རྩོམ་པ་པོ་ས་པཎ་རང་ཡིན་པ་ལས་ཐོན་མིས་སུམ་རྟགས་ཟེར་བ་གཉིས་བརྩམས་མེད་པ་དེ་བས་གསལ་པོར་གྱུར་པ་རེད།
༦ སྔོན་གྱི་བསྟན་འགྱུར་དག་མ་རྣམས་སུ་སུམ་རྟགས་གཉིས་མེད་པ།
དེང་གི་བསྟན་འགྱུར་དང་དེའི་དཀར་ཆག་གི་ནང་དུ། ཚིག་མང་ཉུང་གི་ཁྱད་པར་ཡོད་པའི་བྱཱ་ཀ་ར་ཎ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀ་སྣང་ཡང་། བཅོམ་ལྡན་པ་རིགས་པའི་རལ་གྲིས་རྒྱལ་བའི་གསུང་རབ་ཀྱི་བཀའ་བསྟན་འགྱུར་རོ་ཅོག་དང་སྔོན་གྱི་བོད་མཁས་པས་མཛད་པའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་བསྒྲིགས་སྐབས་ཀྱང་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་པའི་ནང་། སྔོན་ནས་དེ་དུས་ཀྱི་བར་བསྟན་འགྱུར་ཡོད་དོ་ཅོག་གི་དཀར་ཆག་བསྒྲིགས་ཡོད་ཅིང་། དེའི་ནང་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཁག་འགའ་ཤས་ཀྱང་འཁོད་ཡོད་ལ། ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཞིག་མཚན་ཟུར་ཙམ་ཡང་མེད་པ་དེས། བུ་སྟོན་དང་དེའི་གོང་གི་བསྟན་འགྱུར་གྱི་ནང་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་དེ་བས་གསལ་དུ་ཕྱིན་པ་རེད།
༧ སྔོན་གྱི་མཁས་པའི་རྣམ་ཐར་དུ་སུམ་རྟགས་སྦྱངས་ཞེས་ཡེ་ནས་མེད་པ།
ས་པཎ་མ་བྱུང་གོང་གི་བོད་ཀྱི་ལོ་རྒྱུས་དང་། རྒྱལ་རབས། དེ་བཞིན་རྣམ་ཐར་སོགས་ཀུན་གྱི་ནང་བོད་ཀྱི་མཁས་པ་སུ་ཞིག་གིས་ཀྱང་སུས་མཛད་མིན་ལ་མ་ལྟོས་པར་སུམ་རྟགས་གཉིས་སྦྱངས་པའི་སྐོར་ཟུར་ཙམ་ཡང་མེད་པར། ཀུན་གྱིས་སྒྲ་ཀ་ཙན་སོགས་དང་། སྨྲ་སྒོ་སོགས་སྦྱངས་ཞེས་འཁོད་པ་ལས་སུམ་རྟགས་གཉིས་སྦྱངས་ཞེས་ཡིག་འབྲུ་གཅིག་ཀྱང་འཁོད་མེད་པ་དེས་ནི། གཟུ་བོར་གནས་པའི་བློས་དཔྱད་ན་ཏོག་ཙམ་ཡ་མཚན་དགོས་པ་ཞིག་མ་རེད་དམ།
དེའི་སྔོན་དུ་ཐོན་མིས་བརྩམས་ཟིན་ན། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་པ་ཡིན་པས། བོད་ཀྱི་མཁས་པ་དག་གིས་དེ་དག་ལ་མ་གཟིགས་པ་ག་ལ་ཡིན་སྙམ་ཞིང་ངེས་པར་དུ་གཟིགས་དགོས་པ་ཞིག་ཡིན་པ་ལས། རྒྱ་གར་གྱིས་བརྩམས་པའི་སྨྲ་སྒོ་སོགས་ལ་ཨུ་ཚུགས་ཀྱིས་གཟིགས་དགོས་དོན་ཅི་ཡོད། དེ་ཡང་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་དགོས་པ་ཞིག་མི་འདུག་གམ།
༨ པཎ་ཆེན་སྨྲི་ཏིས་སུམ་རྟགས་གཉིས་ཀྱི་ཁུངས་ཡེ་ནས་མ་བགྲངས་པ།
པཎ་ཆེན་སྨྲི་ཏི་དྲན་པ་ཡེ་ཤེས་གྲགས་པ་ཞེས་པ་དེས་མཛད་པར་གྲགས་པའི་སྨྲ་བའི་སྒོ་མཚོན་ཆ་ནི། པཎ་ཆེན་རང་ཉིད་བོད་ཡུལ་དུ་ཕེབས་པའི་ཕེབས་ལམ་དུ་རང་གི་དགེ་ཕྲུག་ལོ་ཙཱ་བ་གྲོངས་ཤིང་། རང་གིས་བོད་སྐད་མི་ཤེས་སྟབས་བོད་ཡུལ་དུ་ལུག་རྫི་གནང་ནས་བཞུགས་དགོས་ཐུག་པའི་ཡ་ང་བའི་ལོ་རྒྱུས་དུ་མ་ཞིག་བརྒྱུད་པའི་མཐར། རང་གིས་བོད་ཡིག་ལེགས་པར་སྦྱངས་ནས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སྨྲ་བའི་སྒོ་མཚོན་ཆ་བརྩམས་པའི་སྐབས། པཎ་ཆེན་རང་གིས་ཁུངས་སུ་གཏུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་གང་ཡང་རག་མེད་ལ། དེའི་སྐབས་སུ་སུམ་རྟགས་གཉིས་ཡོད་ན་སྨྲ་སྒོའི་ནང་སུམ་རྟགས་གཉིས་ཀྱི་ལུང་མ་དྲངས་པ་ག་ལ་སྲིད། ད་དུང་དེའི་རང་འགྲེལ་དུ་གྲགས་པའི་ནང་དུའང་སུམ་རྟགས་ཀྱི་ལུང་འདྲེན་ཕར་ཞོག བཤད་སྲོལ་ཙམ་ཡང་མི་གསལ་ན་དེའི་དུས་སུ་སུམ་རྟགས་གཉིས་རྩ་བ་ནས་མེད་པ་ཐག་གཅོད་ཐུབ་བོ།།
༩ རྩ་བ་བརྒྱད་ནས་སུམ་རྟགས་གཉིས་ཁོ་ན་ལུས་པ་དེ་བས་མི་འཐད་པ།
སུམ་རྟགས་གཉིས་ཐོན་མིས་མཛད་པར་མ་ཟད་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་ཞེས་འུར་བརྗོད་པ་དེ་ནི་ཁུངས་མེད་ཀྱི་གཏམ་ཞིག་ཡིན་ཏེ།སུམ་རྟགས་གཉིས་བརྩམས་པའི་ལོ་རྒྱུས་ཁུངས་ཐུབ་གང་ཡང་མེད་པར་ད་དུང་དེའི་སྟེང་ལྷག་པོ་དྲུག་སྦྱར་བ་ནི་སྐྱག་རྫུན་གཅིག་བཤད་པས་མིས་ཤེས་པར་དོགས་ནས་དེའི་སྟེང་སྐྱག་རྫུན་ལྷག་པོ་བཤད་པ་དང་གཅིག་མཚུངས་རེད།
བསམ་བློ་ཞིབ་མོར་གཏང་ན། བསྟན་བཅོས་དྲུག་པོ་དེའི་མཚན་ཙམ་ཡང་མེད་པར་གྱུར་ཅིང་། སུམ་རྟགས་གཉིས་ཀྱི་མཚན་བྱང་མ་ཟད་མགོ་ནས་མཇུག་བར་ཚིག་གཅིག་ཀྱང་མ་ལུས་པར་ཐམས་ཅད་ཁྲ་ལམ་མེར་མཐོང་རྒྱུ་ཡོད་པ་འདི་སྒྱུ་འཕྲུལ་འདྲ་ཡིན་ཟེར་ན་མ་གཏོགས་ལུང་རིགས་ཀྱི་འགྲེལ་བཤད་བྲལ་བ་ཞིག་རེད།
༡༠ སུམ་རྟགས་གཉིས་ཐོན་མིས་བརྩམས་པའི་ལུང་རིགས་གང་ཡང་མེད་པ།
མདོར་ན། སུམ་རྟགས་གཉིས་ཐོན་མི་ཡིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་དང་། རྒྱུ་མཚན་ལྡན་པའི་རིགས་པ་གང་ཡང་མེད་པ་ཤིན་ཏུ་གསལ་བ་ནི། གོང་གི་རྒྱུ་མཚན་དེ་བས་གཞན་ག་ལ་དགོས། འོ་ན། ཐོན་མིས་མཛད་པའི་སུམ་ཅུ་པ་དང་རྟགས་འཇུག་ཅེས་ཡོངས་སུ་གྲགས་པ་དེ་ནི། འདི་ལྟར་ཡིན་སྲིད་དེ་སུམ་རྟགས་གཉིས་ནི་ཐོན་མིའི་དུས་སུ་མེད་ཅིང་། ས་པཎ་གྱིས་བརྩམས་པ་ཞིག་ཡིན་པ་ལ་སུམ་རྟགས་གཉིས་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་པ་དང་། བརྡ་སྤྲོད་པའི་གཞུང་ལུགས་ཀུན་གྱི་རྩ་བར་གྱུར་པས། དེའི་མཛད་འཕྲིན་རྒྱས་ན་ཕྱོགས་ཡོངས་ནས་ཕན་ནུས་ཤིན་ཏུ་ཆེ་བ་དང་། ས་པཎ་ནི་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་ན་ཡང་། དེའི་སྐབས་ཆོས་ལུགས་ཀྱི་བསམ་བློ་ཅུང་གུ་དོག་པོ་ཡོད་པ་ནི་ལོ་རྒྱུས་ནང་ཤིན་ཏུ་གསལ་བས། ས་སྐྱ་པཎ་ཆེན་གྱིས་མཛད་ཅེས་ཟེར་ན། བོད་མི་ཀུན་གྱིས་ཐུན་མོང་དུ་སློབ་གཉེར་མི་བྱེད་པར་དགོངས་ནས། སྲོང་བཙན་གྱི་དུས་སུ་ཐོན་མི་ཞེས་པའི་བློན་པོ་བོད་ཀྱི་ཡི་གེ་ལ་བཀའ་དྲིན་ཆེ་བ་དེས་མཛད་ཅེས་ཟེར་ན་ཀུན་གྱིས་ཡིད་ཆེས་པའི་གནས་སུ་གྱུར་བས་ཐོན་མིས་མཛད་ཅེས་ཟེར་བ་ཡིན་ནམ་སྙམ།
དེ་ལྟ་བུ་ནི། བོད་ཀྱི་ལུགས་ལ་ཡོངས་སུ་གྲགས་པ་ཞིག་སྟེ། བོད་པ་རྣམས་ཀྱིས་རྒྱ་གར་མཁས་པ་རྩི་མཐོང་ཆེན་པོར་བྱས་པའི་སྐབས་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་ཀྱང་རྒྱ་གར་མཁས་པའི་མིང་བཏགས་ནས་བཏོན་པ་ནི་ཇི་སྙེད་ཅིག་བྱུང་བ། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་འཕྲེང་[9]དུ་ཞིབ་མོར་དཔྱད་ཡོད་པས་འདིར་མི་སྤྲོ་ལ་མཁྱེན་པར་འདོད་ན་དེ་དག་ལ་གཟིགས་ཤིག
སྔོན་བྱོན་མཁས་པའི་ཐུགས་ཀྱི་ཁང་བཟངས་ནས།།
བྱུང་བའི་ལེགས་པར་བཤད་པའི་འོད་དཀར་ཕྲེང་།།
ཁོ་བོའི་སྙིང་ལ་དལ་གྱིས་སིམ་པ་ན།།
མཆོད་སྤྲིན་མཁའ་ལ་རྩེན་པ་དངོས་པོའི་གཤིས།།
གནའ་དེང་ཤེས་བྱའི་མཁའ་ལ་རབ་རྩེན་པའི།།
གང་གའི་རྡུལ་ལ་སྙེད་པའི་དཀྱིལ་འཁོར་ན།།
འཆད་རྩོད་རྩོམ་པའི་དཔལ་ལ་མངའ་བརྙེས་པ།།
བེ་རི་རྒྱལ་སྲས་ཁོ་བོ་ཙམ་དུ་ཟད།།
ཅེས་པ་འདི་ཡང་། སྔོན་བྱོན་མཁས་པའི་བཀའ་དྲིན་དྲན་པ་དང་། རང་གི་དྲེགས་པའི་ཉམས་དང་འདྲེས་པའི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།
[1] བེ་དཀར་གཡའ་སེལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཤོག་གྲངས། པར་མ།
[2] ཞ་ལུ་ལོ་ཆེན་གྱི་འགྲེལ་པ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཤོག་གྲངས། པར་མ།
[3] རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཤོག་གྲངས། པར་མ།
[4] དཀར་དྲུང་པད་མ་རྡོ་རྗེའི་སུམ་རྟགས་འགྲེལ་པ། དཀར་ལེབ་དྲུང་ཡིག ཤོག་གྲངས། པར་མ།
[5] རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། ལྡེའུ་དགེ་བཤེས་ཇོ་འབུམ། ཤོག་གྲངས། པར་མ།
[6] རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཤོག་གྲངས། པར་མ།
[7] ཐུབ་བསྟན་སྦྱིན་པའི་བརྡ་སྤྲོད་སྨྲ་སྒོའི་ལྡེ་མིག་ནས་དྲངས། ཤོག་ངོས། ༣༡ བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།
[8] བོད་སྐད་ཀྱི་བརྡ་སྤྲོད་སྨྲ་སྒོའི་ལྡེ་མིག གླང་རི་བ་ཐུབ་བསྟན་སྦྱིན་པ། ཤོག་གྲངས། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།
[9] ལེགས་པར་བཤད་པ་གསེར་གྱི་ཕྲེང་བ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། ཤོག་གྲངས།
ཀློག་རིན་ཅང་མི་འདུག མི་ཐམས་ཅད་ཀྱིས་བཤད་བཞག་པ་ཞིག་བསྐྱར་བསྡུས་ཡང་བསྡུས་བྱ་རྒྱུར་དགའ་བའི་མི་རབས་འདིར་ཡར་རྒྱས་ཟེར་བ་དེ་རི་བོང་གི་རྭ་ཡིན་པ་འདྲ།
གཅིག ་་་་་་་་་ ཡིག་རྙིང་དེ་དག་གོ་བ་ལེགས་པོ་ཞིག་མ་རྙེད་སྐབས། དེ་དག་སྐབས་དེ་དང་དེའི་དུས་ཀྱི་མིང་ཚིག་ཏུ་བསྒྱུར་བ་ཡང་དོན་དངོས་ཡིན་་་་་་་་
འདི་དང་།
་་་་་་ ༢ དུས་རབས་བདུན་པའི་ཚིག་སྦྱོར་དང་ཡེ་ནས་མི་འདྲ་བ། ་་་་ ནང་འགལ་མ་རེད་དམ།
་
གཉིས། ་་་་་་་་ ཐོན་མིས་མཛད་པའི་བསྟན་བཅོས་བརྒྱད་ཡོད་པའི་སྐོར་སྔོན་དང་ད་ལྟའི་འགྲེལ་བྱེད་མཁན་ཁ་ཤས་ཀྱིས་བཤད་འདུག་ཀྱང་། ་་་་་
འདི་དང་། ་་་་་་་ བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འདི་གཉིས་གཅིག་པུས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཁ་སྐོང་ཐུབ་ཐབས་མི་འདུག་སྙམ། ་་་་ནང་འགལ་མ་རེད་དམ།
་
གསུམ། བཀའ་བསྟན་སྔོན་ལ་བསྒྱུར། སུམ་རྟགས་རྗེས་ལ་བརྩམས་པར་འདོད་མཁན། བོད་ཀྱི་བླུན་པོ་སྙིང་ཁམས་ཅན། ཐུ་མི་དྲིན་ཆེན་གྱིདྲིན་་ལན་ལོག་འཇལ་ཐུབ་མཁན་ཁ་བརྡར་འོངས་ནུས་པ་ཡང་ཡ་མཚར་རེད་དོ།།
ས་སྐྱ་གོང་མ་རྣམ་ལྔའི་ནང་ན་བསོད་ནམས་རྒྱལ་མཚན་ཟེར་བ་ཞིག་ཡོད་ནི་མ་རེད། རྒྱལ་རབས་གསལ་མེ་རྩོམ་པ་པོ་ས་སྐྱ་གོང་མ་ལྔ་པོ་སུ་ཡང་མ་རེད། ད་ཆོབ་སློང་གི་མ་འདུག་ཨ་ཡོ་ཤེ་
ཆོ་མེད་ཀྱི་རྩོམ་དེ་འདྲ་ཞིག་འབྲི་ཐུབ་པ་དེ་ཡང་ཐོན་མིའི་བཀའ་དྲིན་ཡིན་པ་ཤེས་དགོས།
དཔྱད་རྩོམ་ཡག་མོ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ་ཡ་ཡིན།
འདི་ལ་དཔྱད་རྩོམ་ཟེར་གི་མ་རེད། འདི་ལ་བརྗོད་པ་ཟེར། ལྷག་པར་བརྐུས་ནས་བརྗོད་པ་ཙམ་རེད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཐོག་མར་འདིས་སྟེང་ལ་དག་སློང་བྱས་བའི་རྩོམ་ཡག་པོ་ཞིག་ཡོད། རྩོམ་དེའི་ནང་གི་དོན་དག་ཚུར་བླངས་ཏེ་ཚིག་གི་ལྷན་པ་བརྒྱབ་པ་ཙམ་རེད། བོད་པ་ཚོའི་ནང་ན་དཔྱད་རྩོམ་འབྲི་ཤེས་མཁན་ཤིན་ཏུ་དཀོན།
བྱས་ཙང་བསམ་ཚུལ་བརྗོད་པའི་རྩོམ་ལ་དཔྱད་རྩོམ་ཟེར་གི་འདུག་ག
དཔྱད་རྩོམ་མམ་རྐུན་རྩོམ་འབྲི་མཁན་དང་། མཚམས་སྦྱོར་ཟེར་བ་བྱེད་མཁན། བཀའ་དྲིན་ཆེ་ཞུ་མཁན་ཚང་མ་རྒྱལ་བ་རིན་པོ་ཆེ་ཡང་སྲིད་བརྫུན་མ་རེད་ཟེར་མཁན་ཚོ་དང་གཅིག་པ་རེད། མཁས་གྲུབ་བརྒྱ་ཕྲག་མང་པའི་བཞེད་པར་ཕྱོགས་འགལ་བྱས་ཏེ། ལོ་སྟོང་ཕྲག་གོང་གི་ལོ་རྒྱུས་ལ་ཞིབ་འཇུག་ཡིན་ཁུལ་གྱིས་བཀའ་དྲིན་ཅན་དང་། བྱས་པ་ཅན་རྣམས་ལ་དྲིན་གཟོའི་ཚབ་ཏུ་དྲིན་ཆེན་མིན་པ་སྒྲུབ་ཐབས་བྱེད་པ་ནི། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ། ། གསུངས་པའི་ཐོག་ཏུ་བབས། སྙིགས་མ་ལྔ་བདོ་བས་ཀྱང་ཡང་བདོ་ཟེར་བ་འདི་ལྟ་བུ་ལ་ཟེར་བ་རེད། སྙིང་རྗེ། གང་དྲག །
དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག འདི་ལ་ལུང་རིགས་དང་འབྲེལ་བའི་སྒོ་ནས་བགྲོ་གླེང་གནང་ན་རང་གཞན་ཀུན་ལ་ཡར་རྒྱས་དང་ཕན་ཐོགས་ཡོད་ཅིང་། དེ་མིན་བུད་མེད་ཅོ་འཛིང་སྐབས་ལྟར་ཚིག་ངན་སྨྲས་པས་རང་མཚངས་སྟོན་བྱེད་ལས་ཕན་པ་ཅི་ཡང་མེད་དོ།།
རིགས་དྲུག་ཆུ་ལ་དྲུག་ཏུ་མཐོང། ཞེས་པ་ལྟར་རེད་རང་རང་གི་སེམས་ཀྱི་ཚོར་བ་རེད། ངས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། བོད་ཀྱི་གཏམ་དཔེར། རང་གིས་བྱེད་དུས་སྣ་གཉེར། མིས་བྱེད་དུས་མིག་ཚ། ཟེར་བ་དེ་འདྲ་རེད། དཔྱད་རྩོམ་ཡག་མོ་བྲིས་འདུག
བེ་རི་རྒྱལ་སྲས་ལེགས་ཀྱིས་སུམ་རྟགས་ཀྱི་སྐོར་ལ་དཔྱད་པ་རྒྱས་པར་མཛད་པ་ལ་ལེགས་གསོལ་ཞུ་དགོས།
བདག་གིས་བོད་པ་བོད་ཡིག་གསར་དུ་སྦྱོང་བ་པོ་དག་དང་། ཕྱི་ལོགས་རྒྱལ་ཁམས་པ་རྣམས་ལ་སྔོན་འཇུག་དང་། མིང་གཞི། རྗེས་འཇུག ཡང་འཇུག་རྣམས་ཀྱི་ངོ་སྤྲོད་བྱེད་སྐབས། སྔོན་རྗེས་ཡང་གསུམ་གི་ཡི་གེ་ཀུན་མིང་གཞི་ཡི་གེ་དབྱངས་ཡོད་པ་དང་འདྲ་བར་བསྟན་ཡོད་པས། གསར་བུ་རྣམས་ལ་གོ་བ་ཆགས་པ་དཀའ་བར་མཐོང་། སྔོན་རྗེས་ཡང་གསུམ་ཡི་གེ་རྣམས་ལ་དབྱངས་ཡིག་མེད་པའི་རྟགས་ལ་ཡིག་གཟུགས་དག་མིང་གཞི་ཡི་གེ་ཨ་ཡིག་སྲོག་ཏུ་ཡོད་པ་དང་མི་འདྲ་བ་མེད་པས་གསར་བུ་པ་རྣམས་ཀྱིས་མིང་གཞི་དང་སྔོན་རྗེས་ཡང་གསུམ་གྱི་ཁྱད་པར་རྟོགས་དཀའ་བར་སྣང་། དེ་ཡང་ཡིག་རིགས་གཞན་དུ་བོད་མིང་ཚིག་ཡི་གེ་ཐོབ་ཐང་བཞིན་འབྲི་ན། ར་ལ་ས་གསུམ་བརྩེགས་མགོ་ན་ཡོད་པ་དང་སྔོན་འཇུག་ཡི་གེ་རྣམས་འབྲི་ཚུལ་མཚུངས་སོ་སྙམ།
མགར་སྟོང་བཙན་ལས་ཐོན་མི་ཟེར་བ་ཞིག་ཡོད་ཚུལ་རྒྱ་ནག་ཡིག་ཚང་ནང་མི་འདུག་ཟེར། ཡིག་ཚང་གཞན་པའི་ནང་ཡོད་དམ། མེད་ན་ནི་བརྡ་སྤྲོད་ནི་དུས་རབས་བཅུ་བའི་ནང་གསར་དུ་བརྩམས་པ་ཞིག་དང་མ་ནི་བཀའ་འབུམ་ཡང་དེ་བཞིན་ནོ།
སྨྲ་སྒོ་དང་གནས་བརྒྱད་རྩ་བ། སོགས་ནི་སུམ་རྟགས་གཉིས་ཀྱི་ཕྱི་མོ་འདྲ་ཞིག་ཡོད། རྩོམ་གྱི་འགྲོས་ཀྱང་ད་ཡོད་སུམ་རྟགས་དང་ཅུང་མི་ཚུངས་ལ། ཐ་སྙད་ཀྱང་སུམ་རྟགས་ཉིས་ནང་དུ་མེད་པ་མང་ཙམ་མཆིས། འོན་ཀྱང་གོང་དུ་གཅིག་གིས་གསུངས་པ་ལྟར་བཀའ་བསྟན་མ་བསྒྱུར་གོང་དུ། བརྡ་སྤྲོད་ཀྱི་ཁྲིམས་ཤིག་ཡོད་དགོས་བཟོ་རེད་ལ། དུས་རབ་བདུན་པའི་ནང་བོད་ཡིག་གསར་དུ་བཟོས་ཚར་ཙམ་ལ་གཅིག་བསྒྱུར་གྱི་ཁྱབ་བརྡལ་འགྲོ་ཚད་དལ་ཙམ་ཡིན་པ་ནི་དངོས་པོའི་ཆོས་ཉིད་རེད་སྙམ། མ་ཟད་ཏུན་ཧོན་ཡིག་རྙིང་སོགས་ལ་འགྲོས་སྤུ་དག་དེ་ཙམ་མེད་ཀྱང་།
གཞི་རྩའི་ཕྲད་རྣམ་དབྱེ་སྦྱོར་ཚུལ་དང་བདག་གཞན་བྱ་བྱེད་སོགས་ཀྱི་རྣམ་འགྱུར་སུམ་རྟགས་གཉིས་ཀྱི་ཁྲིམས་ལས་བརྒལ་པ་ཉུང་པ་འདིས། སྔོན་དུ་བརྡ་སྤྲོད་ཀྱི་གཞི་ཡོད་པར་གོ་ཐུབ་ཡོང་། ད་དུང་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།། ཞེས་པ་འདིའི་དོན་འགྲེལ་ཡིན་ལ་མིན་ལ་མང་མོད། མགྲིན་གཅིག་ཏུ་འདིས་རྩ་བ་བརྒྱད་ཡོད་པར་བསྟན་ཅེས་བཤད་འདུག་པས་ཇི་ལྟར་འགྲེལ་དགོས་སམ། གལ་ཏེ་སུམ་རྟགས་གཉིས་ས་པཎ་གྱིས་མཛད་ཡོད་ན། ས་པཎ་གྱིས་འདི་ལྟར་ཅིའི་ཕྱིར་གསུངས་སམ། མཇུག་བྱང་གི་སྐད་ཆའི་འགྲོས་འདི་དུས་རབས་བཅུ་གསུམ་པའི་བོད་སྐད་དང་མཐུན་ནམ་ཅི། སྨྲ་སྒོ་བརྒྱ་གར་བས་མཛད་ན། བརྒྱ་གར་བ་དེས་གཞི་གང་ལ་བཟུང་ངམ། བོད་ཀྱི་སྐད་དང་བསྟུན་པའི་བརྡ་སྤྲོད་འདི་ཡང་མཐར་གཏུགས་ན་རྒྱ་གར་བས་བྱས་སམ་ཅི།
ཧ་ལས་པའི་ཞིབ་འཇུག་ཆུ་ཚད་མཐོན་པོ་འདུག ཡི་གེའི་སྡེབ་སྦྱོར་གོ་བདེ་ལ་གཟུང་བདེ་བ། ལུང་རིགས་རྣོ་བ། ངོ་མ་ཡིད་སྤྲོ་བའི་ཞིབ་འཇུག་གི་རྩོམ་ཡིག་ཞིག་རེད། བཀའ་དྲིན་ཆེ། བདེན་པ་ངོ་སྤྲོད་སྐབས་མང་པོ་ཞིག་ལ་འཇིགས་པ་བསྟེར། དེ་རང་བཞིན་རེད། སེམས་མ་རྒུད་པར་མུ་མཐུད་ཕྲིས།
ཀརྡོ་གཉེར་ཕྱག་པས་དོན་ཚན་གསུམ་པ་དེར་རྒྱུ་མཚན་ཡང་དག་གི་ཐོག་ནས་སུམ་རྟགས་ཐོན་མའི་ཡིན་པ་བསྒྲུབས་འདུག་བསྔགས་བརྗོད་ཡོད་ཡོད།
གསུམ། བཀའ་བསྟན་སྔོན་ལ་བསྒྱུར། སུམ་རྟགས་རྗེས་ལ་བརྩམས་པར་འདོད་མཁན། བོད་ཀྱི་བླུན་པོ་སྙིང་ཁམས་ཅན། ཐུ་མི་དྲིན་ཆེན་གྱིདྲིན་་ལན་ལོག་འཇལ་ཐུབ་མཁན་ཁ་བརྡར་འོངས་ནུས་པ་ཡང་ཡ་མཚར་རེད་དོ།།
ཐོན་མི་ཟེར་བ་ཞིག་ཡོད་མྱོང་མ་རེད། ཡིག་རིགས་གཞན་ནང་ཟུར་ཙམ་གླེང་ཡོག་མ་རེད། དུས་རབས་བཅུ་བའི་རྗེས་སུ་བན་བོན་འགྲན་བསྡུར་སྐབས་སུ་ཆེད་དུ་གསར་བཟོས་ཀྱི་མི་སྣ་ཞིག་རེད།
བཀའ་བསྟན་སྔོན་ལ་བསྒྱུར། བོད་ཡིག་དང་དག་གསུམ་རྗེས་ལ་དར་ཟེར་བ་འདི་ཅུང་བདེན་པའི་ཆ་ཞིག་མ་མཆིས་ཀྱང་དཔྱད་པར་བྱ་བའི་གནས་རེད།
ས་པཎ་སྔོན་དུ་ཡི་གེ་ཡོད་པ་བཤད་མི་དགོས་ལ། བོད་ཡིག་བཟོ་མཁན་དེས་རང་གིས་བཟོས་པའི་ཡི་གེ་ལ་བེད་སྤྱོད་གཏོང་སྟངས་ཀྱི་རྣམ་བཞག་ཅིག་མེད་ཟེར་ན་དོན་དངོས་དང་མཐུན་ནམ་ཅི།
ས་པཎ་སྔོན་གྱི་བཀའ་བསྟན་བསྒྱུར་མ་རྣམས་བརྡ་སྤྲོད་ཀྱི་འགྲོས་གཅིག་མཚུངས་ལས་རྭ་ལངས་ཆ་ལངས་ཤིག་མ་མཐོང་།
ཁ་ཤས་ཀྱིས་ཧ་ལས་པའི་ཞིབ་འཇུག་ཚད་མཐོ་བོ་རེད་ཟེར། གང་ལྟར་འདི་ལོ་ཤས་སྔོན་ནས་ཤེས་རིག་ལས་ཁུངས་ཀྱིས་ཆོག་མཆན་འོག་རྔ་བ་བསོད་ནམས་རྒྱ་མཚོ་ཟེར་བ་ཞིག་གིས་དཔྱད་རྩོམ་གྱི་དེབ་ཅིག་གཏོན་ཡོད་པ་ལས་མཐོང་བ་ཆུ་ལ་ཆུ་བཞག་རེད་བསམ་སོང་།
ཆོས་རྒྱལ་མེས་དབོན་རྣམ་གསུམ་དང། ཐོན་མིས་བཀའ་དྲིན་ལ་ལོག་བཤད་ལོག་སྒྲུབ་ཇི་ཙམ་བྱས་ཀྱང་དེ་ཙམ་གྱིས་དྲིན་ཆེ་བའི་གསལ་འདེབས་སུ་གྱུར་པས་ཐུགས་རྗེ་ཆེ་ཞུ་རྒྱུ།
བེ་རི་རྒྱལ་སྲས་ཅེས་པའི་མཚན་ཙམ་ཐོས་པས་ཀྱང་སེམས་ལ་དགའ་ཚོར་དཔག་ཏུ་མེད་པ་སྐྱེས་བྱུང་། དངོས་གནས་དེ་འདྲ་ཞིག་དེང་སང་སྐུ་དངོས་སུ་བཞུགས་ཡོད་ན་བོད་ཁམས་བཀྲ་ཤིས་བདེ་ལེགས་ཀྱི་མཇལ་དར་དཀར་པོ་ཞིག་འབུལ་དུ་འགྲོ་ཐག་ཆོད་ཡིན། ཁོང་གིས་མཛད་པའི་རྩོམ་ཡིག་ད་ཨ་ཅང་ཅང་གལ་འགང་ཆེན་པོ་ལོས་ཡིན་ཆ་ཚང་བཀླགས་ཡོད་དངོས་གནས་ཡག་པོ་བྲིས་གནང་འདུག ཁོང་ལ་བཀྲ་ཤིས་བདེ་ལེགས་དང་གུས་ཕྱག་ཞུ། །
ཡག་པོ་བྲིས་འདུག དྲང་བདེན་རེད།
ད་ག་ལེར་ག་ལེར་བོད་ཡིག་ཐོན་མིས་མ་བཟོས་པའི་རྒྱུ་མཚན་བཅུ་ཡང་ཐོན་ཉེ་ལ་རེད།
བཀྲ་ཤིས་བདེ་ལེགས་ཡོད། རྒྱུ་མཚན་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་དོར་ནས་ཡང་དག་པའི་ཞིབ་འཇུག་གི་ལམ་ལ་ཕེབས་འདུག་པས་ཡིན། འགའ་ཞིག་གིས་ཐོན་མིས་སུམ་རྟགས་བཟོས་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་བཤད་རྒྱུ་མ་རྙེད་ཀྱང་ཁ་གཉེར་སྣ་གཉེར་འདྲ་གནངས་ནས་ཟུར་ཟ་བྱེད་པ་ནི་བོད་བླུན་པོའི་རང་འཚངས་མངོན་པ་རང་རེད། ཨ་མའི་བུ་ལ་ཡོད་ན་ཐོན་མིས་ཡོད་ཡིག་བཟོས་པའི་རྒྱུ་མཚན་ཁུངས་ལྡན་འགའ་ཤོད་དང་དེ་གས་འགྲིག། དེ་མིན་ཟུར་ཟ་དང་། ཕྱོགས་ཞེན་། རྨོངས་དད་ཀྱི་སྐད་ཆ་ནི་དུས་རབས་འདིར་དེ་ཙམ་གཙིགས་མི་ཆེ་བར་མཁྱེན་གལ་ཆེ་ཞུའོ།།
ད་དུས་ཚོད་འཕྲོ་རརླག་མ་གཏོང་།
བེ་རི་རྒྱལ་སྲས་ལགས་ཀྱིས་སུམ་རྟགས་ཀྱི་སྐོར་ལ་དཔྱད་ཞིབ་བྱས་པ་ལ་བསྔགས་བསྟོད་ཡོད། གོང་དེ་ཐོན་མི་ཞེས་བྲིས་འདུག ཐུ་མི་རེད་དང་གང་རེད་དམ། གཞན་ཡང་ཐོན་མིས་བསྒྱུར་བའི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་སྒྲ་མདོ་སོགས་ཞེས་གསུངས་ཡོད་པས་དེ་ཡང་བསྟན་འགྱུར་ནང་ལ་ནི་མཐོང་མ་སོང་དེ་ད་ལྟ་གང་ལ་ཡོད་དམ། ཐོན་མིའི་སློབ་དཔོན་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེངྒེ་གཉིས་ཀྱིས་གསུངས་བའི་སྒྲ་མདོ་དེ་འདྲ་ཡོད་པ་མཐོང་མྱོང་ཡོད་དམ། དེ་ལ་ལན་རེ་ཡོད་ན་བྲི་རོགས་ཞུ་ལགས།
བོན་པོ་ལགས། བེ་རི་རྒྱལ་སྲས་ཀྱིས་རིགས་པའི་རྗེས་འབྲངས་ཀྱི་སྤྱོད་ཚུལ་གནང་བར་དགའ་བསུ་ཡོད་།
འོན་ཀྱང་དེ་ལ་ཁྱེད་ཀྱིས་བྱིས་པའི་སྤྱོད་ཚུལ་གྱིས་འཐེན་འཁྱེར་ཆགས་སྡང་ཇི་ལྟར་བྱས་ཀྱང་བོད་ཡིག་བོན་པོས་གསར་དུ་བཟོས་པའི་དཔང་རྟགས་རྙེད་དཀའ་མོ་ཡིན་འདུག་པས་ད་ནི་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་ཅིས་ནས་ཀྱང་མི་མཛད་པར་ཞུ།
བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་རྩོམ་ཡིག་གི་བརྗོད་བྱ་དང་། ལུང་འདྲེན་དག་ཚིགས་སྦྱོར་གཞན་ཞིག་སྤྱད་ནས་བསྐྱར་དུ་དཀའ་ལས་རྒྱབ་པར་ཐུགས་རྗེ་ཆེ།
དེང་གི་ཐུ་མི་ཨ་ནུས།
https://www.facebook.com/Samdhongrinpoche%20/videos/1050717178315044/
མཆན་ཉེར་དྲུག་པར་རྒྱབ་སྐྱོར་ཡོད། དེའི་སྐོར་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་དེ་སྔ་ནས་གསུངས་པ་རག་བསྡུས་གསེར་བསྡུས་ཀྱིས་བརྐུས་པ་ཙམ་རེད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་རྩོམ་ཡིག་དེར་འགག་པ་ཞིག་ཀྱང་། འདས་པོ་གཞོན་སྐྱེས་ཤེས་ཡོན་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་གནའ་སྔ་མོ་ནས་བྲིས་ཚར་འདུག
ན་གཞོན་ཚོ་ལ་ལྟ་ཚུལ་རེ་གཉིས་གླེང་བ།
དམུ་དགེ་བསམ་གཏན།
དེང་དུས་མི་རིགས་གཞན་གྱི་རིག་གནས་ཅུང་ཟད་རེ་སྦྱངས་པའི་རང་རིགས་འགའ་ཞིག་གིས། བོད་ཀྱི་རིག་གནས་དང་བོད་ཀྱི་མཁས་པ་སྔོན་མ་དག་གི་སྐྱོན་འཚོལ་བའང་མཐོང༌། སྔོན་གྱི་ལོ་ཙཱ་པ་རྣམས་ཕྱི་རྒྱལ་དུ་ཕེབས་ནས་ལོ་དུ་མར་སྦྱངས་ཏེ། རང་རིགས་ཀྱི་རིག་གནས་དར་རྒྱས་གཏོང་ཆེད་དུ། དེ་དུས་ཀྱི་ཕྱིའི་རྒྱལ་ཁབ་སོ་སོར་དར་བའི་རིག་གནས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་སྤེལ་བའི་དཔེ་ཆ་པོ་ཏི་བརྒྱ་ཕྲག་མང་པོ་བྲག་རྩིག་རྩིག་བྱས་ཡོད་པ་ལ་ལྟོས། དེར་མ་ཟད་བུ་སྟོན་རིན་པོ་ཆེ། རྗེ་ཡབ་སྲས། རྒྱལ་བ་པཎ་ཆེན་སྐུ་ཕྲེང་གི་གསུང་འབུམ་སོགས། བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལ་པོད་བརྒྱ་དང་སུམ་ཅུ་རྩ་གྲངས་ཡོད། ང་ལྟ་བུས་མཁས་པ་རེ་རེའི་གསུང་འབུམ་ཚེ་གཅིག་ལ་ཀློག་མི་ཚར་བའི་ཚད་རེད། ངས་ཤོག་ལྷེ་ཁ་ཤས་རེ་དུས་དེབ་རེའི་ཐོག་ལ་བཀོད་དེ་ང་རྒྱལ་བྱ་རྒྱུ་མེད་སྙམ། ཁྱེད་ཅག་གིས་ཀྱང་ཡིག་རིགས་གཞན་པ་ཤེས་པ་ནི་རབ་དང་ཕུལ་བྱུང་རེད། ད་ཁྱེད་རྣམ་པས་དེང་དུས་ཀྱི་རིག་གནས་དང༌། ཚན་རིག་ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་ཀྱི་དཔེ་དེབ་མང་པོ་བོད་ཡིག་ཏུ་བསྒྱུར་ནས། རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་རྒྱས་པ་ལ་ནུས་པ་བཏོན་ན། ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་འཕྱས་གདགས་པའི་མ་རྩ་ཡོད་སོང་བ་རེད། དེ་མིན་ད་དུང་མ་རྩ་མེད་པས། འགྲན་འཕྱས་ཀྱི་སྐུ་ཚེགས་མི་གནང་བར་ཞུ།
ཡང་འགའ་ཞིག་གིས། བོད་ཀྱི་མཁས་པ་སྔོན་མ་ཚོ་ནི་ཆོས་ལ་ཞེན་པའི་སྟབས་ཀྱིས། དེ་དག་གིས་བརྩམས་པའི་ལོ་རྒྱུས་སོགས་ལ་ཡང་དག་པ་གཅིག་ཀྱང་མེད། དེས་ན་བོད་ལ་བོད་རང་གི་ལོ་རྒྱུས་ཡང་དག་རྩོམ་མཁན་གྱི་མཁས་པ་གཅིག་ཀྱང་བྱུང་མེད་སྟབས། བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ནི་ཕྱི་རྒྱལ་དང༌། རྒྱ་ཡིག་དང༌། ཏུན་ཧོང་གི་ཡིག་ཆ་ཁོ་ན་ལས་བཙལ་དགོས་སོ།། ཞེས་མདོ་མེད་ཀྱི་གཏམ་སྨྲ་བའང་ཡོད། སྔོན་གྱི་ལོ་རྒྱུས་དག་ལ་ཅུང་ཟད་ནོར་བ་དང༌། ཡི་གེ་མ་དག་པ་རེ་ལོས་ཡོད། འོན་ཀྱང༌། དེ་དག་རྩྭ་ལྟར་དོར་ནས་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ན། ཕ་ཤུལ་བུས་ཟིན་རྒྱུ་ལྟ་ཞོག ཕ་མེས་ཀྱི་བླ་བཙོང་མཁན་དུ་ཨེ་འགྲོ་སྙམ་པའི་དོགས་པ་ཆེ།
ཏུན་ཧོང་གི་གཏེར་ཡིག་མང་པོ་ཞིག་ལ་ངས་བལྟས་མྱོང༌། དེ་དག་དཔྱད་གཞིའི་ཡིག་ཆ་མཁོ་གལ་ཆེ་བ་རེ་ལོས་ཡིན། དེའི་ནང་དུ་དག་མོ་རེད་སྙམ་པ་ཡོད། དཔེར་ན། ༼རྒྱལ་པོ་འུ་དུམ་བཙན་གྱི་སྨོན་ལམ༽ཟེར་བའི་ཤོག་གྲངས་ཁ་ཤས་མཐོང༌། དེར་བལྟས་ན། དེ་ནི་དེའི་དུས་ཀྱི་ཡི་གེ་ཅུང་ཟད་དག་མོ་ཞིག་རེད་སྙམ། རྒྱུ་མཚན་ནི་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་དུས་སྐབས་ཀྱི་རྡོ་རིང་དང་དྲིལ་ཆེན་གྱི་ཐོག་གི་ཡི་གེ་དག་གི་རྩོམ་ལུགས་དང་དག་ཆ་སོགས་དང་འདྲ་མོ་འདུག ཡི་གེ་ལ་ལ་ནི་ཁྲི་རལ་བ་ཅན་གྱི་དུས་སུ་བྲིས་པ་ཞིག་ཡིན་པ་ནི། གླང་དར་གྱི་བཤད་པ་ཡོད་པས་ཤེས་མོད། འོན་ཀྱང་ཁྲི་རལ་བ་ཅན་དུས་ཀྱི་སྐད་གསར་བཅད་དང་མཐུན་རྒྱུ་ཕར་ཞོག དེའི་སྔོན་གྱི་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་དུས་སུ་བྲིས་པའི་རྡོ་རིང་དང་དྲིལ་ཆེན་སོགས་ཀྱི་ཐོག་གི་ཡི་གེ་དང་བརྗོད་ཚུལ་དག་ཆ་གང་ཐད་ནས་མི་མཚུངས། ཡིག་གཟུགས་ཀྱང་གཟབ་གཤར་གང་ཡིན་ཆ་མི་འབྱེད་པ་ཡོད། ཐ་ན་ཁ་དང་ག་གཉིས། ཅ་དང་ཆ་གཉིས། པ་དང་ཕ་གཉིས་སོགས་ཁྱད་པར་མེད་པར་ལག་ཏུ་གང་ཐོན་བྲིས་པ་དང༌། ཁ་དང་ཆའི་སྔོན་འཇུག་ལ་ག་དང་བ་བཞག་པ་སོགས་ཤིན་ཏུ་མང༌། བརྡ་རྙིང་མང་བ་ནི་དེ་དུས་ཀྱི་སྤྱི་སྐད་རེད། ཡི་གེ་ནི་ཅུང་ཟད་མཁས་པ་ཞིག་ཡིན་ཚེ། དེ་དུས་ཀྱི་བོད་སྤྱིའི་འབྲི་ལུགས་དང་མཐུན་པ་ཞིག་བྱེད་ཤེས་རྒྱུ་རེད་སྙམ།
འདིའི་སྟབས་ཀྱིས། མི་རིགས་གཞན་པ་འགའ་ཞིག་གིས་སུམ་ཅུ་བ་ནི་ཐོན་མིའི་བརྩམས་པ་མ་རེད། དེ་དུས་ཀྱི་ཡིག་ཆ་ཏུན་ཧོང་གི་ཡིག་ཆ་དང་མི་མཐུན་པར་འདུག ཅེས་མོན་ཡུལ་རྡོར་གཅོད་ཀྱི་དཔེ་རུ་འགྱུར་ཉེན་ཡོད། ཐ་ན་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་མེད། དེ་རྒྱའི་ལོ་རྒྱུས་ན་མེད་དོ་ཟེར་བ་དང༌། དེ་ནི་ཚོགས་པ་ཞིག་གི་མིང་རེད། མི་གཅིག་གི་མིང་མ་རེད་ཟེར་བ་དང༌། སྔོན་གྱི་ཡིག་ཆ་དག་རྡོག་བརྫིས་གཏོང་བྱེད་སྔར་མ་གྲགས་པའི་གཏམ་རེ་ཡིག་ལོང་རེའི་ནང་ནས་རྙེད་དོ་ཟེར་བ་དང༌། ཕྱི་རྒྱལ་ག་གེ་མོ་ནས་རྙེད་དོ་ཟེར་བ་སོགས་ཕར་དེད་ན། སྤྱང་ཁུ་སྐྱ་ཡོག་སེའི་ལོ་རྒྱུས་ལྟ་བུར་འགྱུར། སྔར་བཤད་དང་གསར་བཤད་གང་ཡིན་ཡང༌། དགག་བྱ་མེད་ལ་དགོས་པ་ཡོད་ན་ཁས་ལོས་ལེན། དགོས་པ་དང་ཁེ་ཕན་མེད་ན་བསྐྱུར་བར་འོས་སྙམ། མདོར་ན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མེད་ཀྱི་རྒྱུས་གཏམ་སྨྲ་བ་མི་ཉུང༌། རང་རིགས་སེང་གེའི་འགྱིང་བག་དང་ལྡན་པ་ཉུང་ཞིང༌། ཁྱི་ཚོགས་ནང་དམུར་གྱི་དཔེ་ཡང་སྣང༌།
ངས་དབུས་སུ་གཏམ་བཤད་ཅིག་གི་སྐབས། འདི་དང་ཕྱོགས་མཚུངས་ཤིག་བཤད་ནས། ཏུན་ཧོང་གཏེར་ཡིག་ཁྱེར་ཡོང་ནས་སྔོན་གྱི་མཁས་པ་དག་གི་ཕྱག་རྗེས་རྦད་ཀྱིས་བསུབ་པ་ལ་ང་ཡིད་མཐུན་མིན་ཞེས་བཤད་པ་ཡིན། དེའི་ལན་ལ། གསེར་ལ་བཙའ་ཆགས་ཀྱང་གསེར་ཡིན་ཞེས་ལན་ཡོད་འདུག དེ་ནི་ཡི་གེ་མ་དག་ཀྱང་དོན་ལ་འཁྲུལ་བ་མེད་གསེར་ལྷད་མེད་ལྟ་བུ་རེད་ཟེར་བ་ཡིན་ཚོད་འདུག ཧེ་ཧེ། ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང༌།། ཟེར་བ་ལྟར་ད་རུང་བརྟག་དཔྱད་རེ་བཏང་ན་བཟང་རྒྱུ་རེད་སྙམ།
ངས་ནི་བོད་རང་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་འདི། སྔོན་བྱོན་མཁས་པ་རྣམས་ཀྱི་དྲིན་རེད་བསམ་གྱིན་ཡོད། རིག་གནས་འདི་ལྟ་བུ་ཞིག་མེད་ན། མི་རིགས་ཅུང་ཟད་ཆེན་པོ་འགའ་ཞིག་ལྟར་རྒྱ་མིན་གཞན་མིན་དུ་འགྱུར་བ་དང༌། ཡང་ན་མི་རིགས་ཁ་ཤས་ལྟར་རིག་གནས་དཔལ་འབྱོར་གང་ཐད་ནས་རྗེས་ལུས་ཐ་ཆད་དུ་འགྱུར་བ་དང༌། ཡང་ན་མི་རིགས་ཀྱི་མིང་ཙམ་ལས་མི་ལྷག་པར་འགྱུར་རྒྱུ་རེད་སྙམ།
མཁས་དབང་དམུ་དགེ་བསམ་གཏན་ནས་མཁས་པའི་གསུང་རེད་དེང་སང་སུམ་རྟགས་ཕྲན་བུ་ཤེས་ཁུལ་གྱིས་ཡོད་པ་དེ་མེད་པར་དག་པ་དེ་མ་དག་པར་མོན་ལུངརྡོར་གཅོད་དངོས་གནས་བཟོ་ཡ་རེད་འདུག
་་་་་་་་་ མི་རིགས་གཞན་པ་འགའ་ཞིག་གིས་སུམ་ཅུ་བ་ནི་ཐོན་མིའི་བརྩམས་པ་མ་རེད། དེ་དུས་ཀྱི་ཡིག་ཆ་ཏུན་ཧོང་གི་ཡིག་ཆ་དང་མི་མཐུན་པར་འདུག ཅེས་མོན་ཡུལ་རྡོར་གཅོད་ཀྱི་དཔེ་རུ་འགྱུར་ཉེན་ཡོད། ཐ་ན་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་མེད། དེ་རྒྱའི་ལོ་རྒྱུས་ན་མེད་དོ་ཟེར་བ་དང༌། དེ་ནི་ཚོགས་པ་ཞིག་གི་མིང་རེད། མི་གཅིག་གི་མིང་མ་རེད་ཟེར་བ་དང༌། སྔོན་གྱི་ཡིག་ཆ་དག་རྡོག་བརྫིས་གཏོང་བྱེད་སྔར་མ་གྲགས་པའི་གཏམ་རེ་ཡིག་ལོང་རེའི་ནང་ནས་རྙེད་དོ་ཟེར་བ་དང༌། ཕྱི་རྒྱལ་ག་གེ་མོ་ནས་རྙེད་དོ་ཟེར་བ་སོགས་ཕར་དེད་ན། སྤྱང་ཁུ་སྐྱ་ཡོག་སེའི་ལོ་རྒྱུས་ལྟ་བུར་འགྱུར། ་་་་་་་་་་་་
་་་་་་་་་་ ཐ་ན་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་མེད། ་་་་་་་་་་
ས་སྐྱ་པཎ་ཆེན་ནི་ཆེས་མཁས་མཛངས་ཀྱི་བླ་མ་ཞིག་ཡིན་པ་ཞུ་མ་དགོས། འོན་ཀྱང་། སུམ་རྟགས་གཉིས་བརྩམས་རྗེས་རྩོམ་པ་པོ་རང་ཉིད་ཀྱི་མཚན་བཀོད་མི་ནུས་པའི་རྒྱུ་མཚན་འདིར་དྲངས་པ་ནི་བཞད་གད་ཀྱི་རང་བཞིན་ཡིན། ཁོང་གི་གསུང་རྩོམ་དུ། ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་དང་། ཚད་མ་རིགས་གཏེར། ཚིག་གཏེར། མཁས་པ་འཇུག་པའི་སྒོ་སོགས་མཐའ་དག་ལ་རྩོམ་པ་པོའི་མཚན་མཇལ་རྒྱུ་ཡོད་པ་དེར་ཟད།
དེང་སང་གྲགས་པ་ལ་རྔམ་ཆེ་བའི་གང་ཟག་མང་པོ་ཞིག་དང་། ལོ་རྒྱུས་ལ་མངའ་བརྙེས་ཡོད་མདོག་གི་མཁས་རློམ་མང་པོ་ཞིག་གིས་རང་ཉིད་ལ་ཡོད་པའི་ཤེས་ཡོན་ལོ་རྒྱུས་ལ་གོ་བ་གཞན་ཞིག་བསྐྲུན་ཐབས་བྱེད་བཞིན་ཡོད་པ་མཐོང་ཆོས་སུ་ཡོད་པ་ནི་ངོས་བོད་མི་རྣམས་ཀྱི་བསོད་ནམས་དམན་པའི་རྒྱུར་ངེས།
ད་བར་དུ་ཐོན་མིས་བརྩམས་པ་ལ་བསྙོན་མེད་དང་ལོ་རྒྱུས་སུ་ཡོད་པ་དེར་རྒྱུ་མཚན་ལྟར་སྣང་འགའ་རེ་དྲངས་ཏེ་སོ་སོའི་ལོ་རྒྱུས་ནག་བསུབ་ཏུ་གཏོང་ཐབས་བྱས་དང་བྱེད་བཞིན་པ་འདི་དག་རང་དང་སྣང་བ་མཐུན་པ་འགའ་རེར་སིམ་པ་བྱིན་མོད། དེ་མིན། འདི་དག་ནི་ཡིག་ཚོགས་ཤིག་ལས་ཕན་ཐོགས་མི་སྣང་།
འདིར་ངོས་ནས་རེ་བ་ཞུ་རྒྱུར། ང་ཚོའི་བརྩེ་བའི་བོད་རྒྱལ་ཁབ་དེ་ལོ་རྒྱུས་ཀྱི་ནང་ཟུབ་ཏུ་མེད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། དེང་གི་འཛམ་གླིང་རྒྱལ་ཁབ་རང་དབང་ཅན་གཅིག་གིས་ཀྱང་དེ་ལྟར་ངོས་ལེན་བྱེད་ཀྱི་མེད། དེས་ན། འཛམ་གླིང་གི་རང་དབང་ཅན་གྱི་རྒྱལ་ཁབ་རྣམས་དང་ལྷག་པར་རྒྱ་དམར་ལ། ཁྱེད་ནས་བོད་རང་བཙན་གཙང་མ་ཡིན་པ་ལོ་རྒྱུས་སམ་སྒྲུབ་བྱེད་གཞན་གྱིས་བསྒྲུབས་ཏེ་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཞིག་བྱེད་རྒྱུ་དང་། འཛམ་གླིང་གི་རྒྱལ་ཁབ་རྣམས་ལ་ང་ཚོ་བོད་རྒྱལ་ཁབ་རང་བཙན་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཞིབ་འཇུག་བྱེད་པའི་དོན་ཚན་བཅུའམ་དེ་ལས་མང་བའི་འབྲི་རྩོམ་ཞིག་བྲི་རྒྱུའི་རེ་བ་ཞུ་རྒྱུ་ཡིན། དེ་ལྟར་ཀྱི་ལས་ཀ་དེར་ཁྱེད་དང་ལས་མཐུན་པ་རྣམས་ཀྱིས་རྒྱབ་སྐྱོར་བྱེད་པའི་རེ་བའང་ཞུ་རྒྱུ་ཡིན།
ཐོན་མིའི་ལེགས་བཤད་སུམ་ཅུ་པ། སྙིང་པོ་མདོར་བསྡུས་བཤད་པར་བྱ། ཞེས་པར་འགྲེལ་བཤད་ཅིག་གྱིས་དང་།
ནག་ཆུ་ཀུན་དགའ་ལགས།
ཁྱེད་ཀྱིས་བདག་ལ་གསུངས་པ་དེ་གོ་ཡོད་དོ། འཐེན་འཁྱེར་རང་ད་བྱས་མེད་བསམ་བསམ་ཡིན། གལ་སྲིད་དེ་འདྲ་བྱུང་ཤོར་སོད་ཡོད་ན་དགོངས་འགལ་མེད་པ་ཞུ། ༼ཇི་ལྟར་བྱས་ཀྱང་བོད་ཡིག་བོན་པོས་གསར་དུ་བཟོས་པའི་དཔང་རྟགས་རྙེད་དཀའ་མོ་ཡིན་འདུག་པས༽ ཐོན་མི་ལགས་ཀྱིས་བྱས་རབས་ལས་རབས་ཀྱི་ཝར་ལུང་པ་གང་བཤད་པ་དེ་ཚོའི་དཔང་རྟགས་ཀྱང་འདི་རེད་བསམ་བསམ་ཞིག་འཇོག་རྒྱུ་ཡོད་ས་མི་གདའ་ད། དེ་ལས་ད་བོན་པོའི་དཔང་རྟགས་ཚིག་ཉུང་དོན་གསལ་དེ་ཚོ་ངོ་མ་ཡག་ལེ་གདའ། ། སྐུ་ཚེ་རིང་། །
༅༅།་ཡིན་དང་མིན་དང་རེད་དང་མ་རེད་སོགས། མཁས་པའི་བརྩམས་པའི་གཞུང་རིག་གང་ལའང།
ར་འཕྲོད་མེད་པའི་དངོས་བདེན་མིན་བརྗོད་པ། གོ་ལ་འདི་ཡང་གོ་ལ་རེད་ཅེས་ར་འཕྲོད་མེད།
མེད་པ་ཡིན་ན་མེད་པར་འཛིན་མི་ཐུབ། རླུང་ཡོད་ཅེས་པ་སྲོག་ཆགས་ཡོད་རིགས་ནས།
མཁས་ལེན་མ་ཚད་དངོས་སུ་ལོངས་སྤྱོད་པས། འདི་ལ་ར་འཕྲོད་ཁུངས་བསྐྱེལ་གང་ཡོད་དམ།
རླུང་ཡང་རླུང་མེད་འཛིན་པ་ཁྱོད་འདོད་དམ།