བོན་རྒྱ་བསྟན་འཛིན་རབ་རྒྱས།
གསེར་རྟ་བླ་རུང་སྒར་ནི། བོད་ཁམས་ཀྱི་བླ་སེར་ཇོ་གསུམ་གྱི་བསྟི་གནས་ཆེས་ཆེ་ཤོས་དེ་ཡིན། ད་ལྟ་དེ་ཉེན་ཁ་ལ་འཕྲད་ཡོད། འདི་རུ་བོད་མི་ཆིག་ཁྲི་སུམ་སྟོང་གིས་འཚོ་བ་རོལ་གྱིན་ཡོད། ད་ལྟ་ཁོ་ཚོའི་འཚོ་བ་ལ་ཆག་སྒོ་འབྱུང་གིན་ཡོད། འདི་རུ་མ་མཐའ་ཡང་སློབ་གཉེར་བ་གཤའ་མ་སྟོང་ཕྲག་ལྷག་རེ་ཡོད་ངེས། ཁོ་ཚོའི་སློབ་གཉེར་ལ་བར་ཆད་འབྱུང་གི་ཡོད། འདི་རུ་གྲྭ་ཇོ་བརྒྱད་སྟོང་ཙམ་དགོན་པ་དང་ཁ་གྱེས་ནས་འགྲོ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པས། ཁོ་ཚོའི་སེམས་པ་མྱ་ངམ་གྱི་གནས་སུ་བསྐྱལ་ཡོད། ད་ནི་ང་ཚོ་ཁ་བཙུམ་ནས་འདུག་ཚད་ཅིག་ཨེ་ཡིན། ངས་བལྟས་ན་གཏན་ནས་མ་རེད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་བླ་རུང་སྒར་གྱི་ཆོས་རིག་གི་སློབ་དཔོན་ཆེས་ཆེ་ཤོས་དེ་རེད། རྣམ་ཀུན་ཁོང་གིས་ཆོས་རིག་སློབ་སྟོན་དང་འཆད་འཁྲིད་གནང་རྒྱུ་ལས་བླ་རུང་གི་འཛིན་སྐྱོང་ལ་ཇུས་གཏོགས་གནང་གི་མེད། ཡིན་ནའང་། ཁ་སང་དེ་རིང་བླ་རུང་གི་མཁན་བླ་ལས་སྣེ་རྣམས་ཅི་བྱ་བརྟོལ་བྲལ་གྱི་གནས་སུ་གྱར་བའི་སྐབས་འདིར། ཁོང་གིས་ཀྱང་བླ་རུང་གི་བླ་ཇོ་སེར་གསུམ་ལ་སེམས་གསོའི་བཀའ་སློབ་ཡང་ནས་བསྐྱར་དུ་ཕེབས་ཀྱིན་ཡོད། འདི་ཙམ་གྱིས་ཀྱང་འུ་ཚོས་བླ་རུང་ཇི་འདྲའི་ཛ་དྲག་གི་གནས་སུ་ཡོད་པ་ཚོར་ཐུབ། བླ་རུང་མ་ཡིན་པའི་ཆོས་བརྒྱུད་རྙིང་མའི་དགོན་པ་མང་པོ་ཞིག་ན་བླ་རུང་གཏོར་གྱིན་འདུག་ཅེས་སེམས་འཚབ་ནས་ཞབས་བརྟན་བསོག་སྒྲུབ་བྱས་ནས་བསྡད་འདུག དགེ་ལུགས་སོགས་ཆོས་བརྒྱུད་གཞན་གྱི་དགེ་བཤེས་སེམས་བཟང་ཅན་འགའ་རེེ་སེམས་འཚབ་ནས་སེམས་གསོའི་སྐད་ཐུང་རེ་སྐད་འཕྲིན་བར་སྟོང་ལ་བཞག་ནས་བསྡད་འདུག འདི་དག་གིས་འུ་ཚོར་བརྡ་ཞིག་རྒྱག་གིན་མི་འདུག་གམ།
མི་ལ་ལ་ཞིག་གིས་བླ་རུང་གླེང་མི་ཉན་ཟེར། དེ་ནི་གླེན་བཤད་རང་ཡིན། བླ་རུང་མ་གླེང་བར་ཁེ་བཟང་ཟིག་ཡོད་ན་འུ་ཚོ་ཁེ་བཟང་དེ་སྔ་མོ་ནས་རག་ན་ཆོག བླ་རུང་གི་མཁན་བླ་ལས་སྣེ་རྣམས་གོང་རིམ་ནས་མར་བཙིར། བླ་རུང་གི་སློབ་གཉེར་བ་རྣམས་ཀྱི་མི་ཚེ་ལམ་ཕྱོགས་དང་དམིགས་ཡུལ་ལ་སེམས་ཁྲལ་ནས་ད་ནི་ཕལ་ཆེར་མེ་ནང་ལ་འཚོ་བ་དང་གཉིས་སུ་མེད་པར་བཞུགས་ཡོད། བླ་རུང་གི་བླ་མ་ལས་སྣེ་རྣམས་ཀྱི་ཁྱབ་བསྒྲགས་གསལ་བཤད་ཅིག་གི་སྐབས་འདི་ལྟར་གསུངས་སོང་། ད་ལོའི་ལོ་འདི་ཚེས་པ་ནས་ད་བར་ཏུ་འདིའི་ཆེད་དུ་ཉིན་རེར་ཚོགས་འདུ་གཉིས་རེ་གསུམ་རེ། མ་མཐའ་ཡང་ཐེངས་རེ་མ་འཚོགས་པ་གཅིག་ཀྱང་མེད་ཅེས་གསུངས་སོང་།
བཟོད་པ་ལྟ་བུའི་དཀའ་ཐུབ་མེད་ཅེས་གསུངས་པ་བཞིན་ཁོང་དག་གིས་ད་བར་ཏུ་དཀའ་ཐུབ་ཀྱི་འཚོ་བ་དེ་བསྐྱལ་ནས་ཡོང་ཡོད། ད་རུང་དཀའ་ཐུབ་ཀྱི་འཚོ་བ་དེ་མུ་མཐུད་ནས་བཞུགས་ཡོད། འུ་ཚོས་ཅིའི་ཕྱིར། འདི་དག་མ་ཚོར་བ་ཡིན་ནམ། ངས་རྩོམ་འདི་མགོ་མ་བཟུང་བའི་སྔོན་ཏག་ཏག་ལ་ངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བསྔོགས་པ་ཡིན། སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་བསྔོགས་པ་ཡིན། བླ་རུང་གླེང་མི་འདུག ཅིའི་ཕྱིར། ཅིའི་ཕྱིར། ཅིའི་ཕྱིར།
ཚུལ་འདི་”གཏོར་མ་ཁྱི་མོས་ཁུར་ན་འཛུམ་དམུལ་དམུལ་”ཅན་པོ་མ་རེད་དམ། འུ་ཚོས་གནའ་ནས་ད་བར་ཏུ་རིག་གནས་གསར་བརྗེའི་སྐབས་སུ་དགའ་ལྡན་དགོན་པ་གཏོར་སོང་ཞེས་སྐད་བརྒྱབ་པ་རེད། གཏོར་བའི་པར་འཛམ་གླིང་ལ་བསྟན་པ་རེད། དེ་འུ་ཚོས་ཕར་ལ་བསྒྲགས་པ་རེད། ཡིན་ནའང་། ཉིན་ཤས་སྔོན་ནས་རྒྱ་གཞུང་གི་བོད་ཀྱི་ཆོས་རིག་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ཤིག་གཏོར་གྱིན་འདུག་ཅེས་འཛམ་གླིང་གི་ཆེས་ཆེ་བའི་གསར་འགྱུར་བརྒྱུད་ལམ་BBCནང་ནས་ཡུལ་དངོས་ཀྱི་པར་དང་བཅས། འདས་པའི་ལོ་རྒྱུས་དང་བཅས། ད་ལྟའི་གྲྭ་འབོར་དང་ཆག་སྒོ་དང་བཅས་བསྒྲགས་སོང་། འདི་ལྟར་བླ་རུང་གི་གནས་ཚུལ་འཛམ་གླིང་གིས་འུ་ཚོར་ཚུར་བསྒྲགས་ན་ད་དུང་མི་གོ་བ་ཅི་རེད། ད་དུང་གསང་དགོས་པ་ཅི་རེད། འདི་ན་གསང་བ་ཅི་ཞིག་ཡོད། འདི་ན་ཞེད་སྣང་ཅི་ཞིག་ཡོད། ངས་ངོ་མ་ངོ་མ་མི་ཤེས་ཀི ངས་ངོ་མ་མི་ཤེས་ཀི
བླ་རུང་གི་མཁན་བླ་ལས་སྣེ་རྣམ་པ་དང་བླ་མ་སློབ་དཔོན་རྣམ་པས་གནས་ཚུལ་འདི་ས་བསྒྲགས་གནམ་བསྒྲགས་བྱས་ནས་ཟིང་ཟིང་མ་བཟོ་ཞེས་བསླབ་བྱ་གོ་བསྐོན་གནང་གིན་འདུག དེ་ལོས་ཡིན། ཁོང་དག་གིས་དེ་ལྟར་གསུང་རྒྱུ་ལས་གནས་ཚུལ་འདི་ཕྱི་ལ་བསྒྲགས་རོགས། འཛམ་གླིང་ལ་གཏུག་རོགས། ད་འདུག་གི་མ་བཅུག་པ་རེད་ཅེས་བརྗོད་དགོས་སམ། དེ་ལྟའི་བརྗོད་སྟངས་ཀྱི་ལམ་ཁ་ཞིག་ཡོད་དམ། རྒྱ་གཞུང་གི་གནས་ཚུལ་བུད་ན་བུད་གྲ་སྒྲིག་ཡོད་ཅེས་འཇིགས་སྐུལ་དང་བཅས་གཏོར་གྱིན་པའི་སྐབས་སུ་བླ་རུང་གི་བླ་མ་ལས་སྣེ་རྣམས་ཀྱིས་བླ་རུང་གི་བླ་ཇོ་སེར་གསུམ་གྱི་སྲོག་ལ་གཅེས་ལོས་དགོས། རེ་བ་ཞིག་འཛིན་ལོས་དགོས། ཡིན་ནའང་། བླ་རུང་གི་བླ་ཇོ་སེར་གསུམ་དང་བླ་མ་ལས་སྣེ་ངོས་ནས་དོན་དག་མི་འཕུད་རྒྱུ་གལ་ཆེན་རེད་ལ། གནད་འགག་ཡང་རེད། རྒྱ་གཞུང་གིས་དོན་དག་ཅིག་ཨེ་འབུད་ལ་རེ་བ་དང་དེ་ལ་ཁ་གཡར་ནས་བླ་རུང་རྡུལ་ལ་བསྟིམས་པའི་འཆར་གཞི་འཐེན་གྱིན་ཡོད་པའང་འུ་ཚོས་ཚོར་ཐུབ་པ་ཞིག་རེད། ཁ་གཡར་ནས་ཐལ་ལ་བསྟིམས་པའི་སྲིད་བྱུས་འདི་གུང་ཚང་གི་ཆབ་སྲིད་རིགས་ལམ་ཞིག་ཡིན་པ་འུ་ཚོར་ཕྱི་རྒྱུས། ནང་རྒྱུས། མྱོང་རྒྱུས་ཚང་མ་ཡོད་པས། བླ་རུང་སྒར་གྱི་བླ་ཇོ་སེར་གསུམ་གྱིས་བཟོད་པ་སྒོམ་རྒྱུ་ནི་ཁོ་ཚོའི་དམིགས་ཡུལ་ཐལ་བར་བསྒྱུར་སྟངས་ཤིག་ཡིན་པས། ལག་ཟུང་སྙིང་གར་སྦྱར་ནས་དེ་ལྟར་མུ་མཐུད་ནས་བཟོད་སྒོམ་མཐའ་འཁྱོལ་གནང་བར་འབོད་སྐུལ་ཞུ།
རྒྱ་གཞུང་གིས་བླ་རུང་སྒར་གྱི་བར་སྣང་ནས་པར་བརྒྱབ་ཏེ་གྲངས་བླངས་པ་གྲྭ་ཤག་ཆིག་ཁྲི་སུམ་སྟོང་ལྷག་གྲངས་ལེན་བྱས་ཡོད་པ་དང་། དེ་ལ་ཀྲུང་དབྱང་གི་བཀའ་རྒྱ་ཡིན་ཞེས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་ལས་བྱེད་མི་སྣ་དང་གསེར་རྟ་རྫོང་གི་འབྲེལ་ཡོད་མགོ་ཁྲིད། བླ་རུང་བདག་གཉེར་ཁང་ངམ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ནས་ཕྱོགས་བསྡུས་བཅོས་སྐྱོང་ངམ་དག་སྒྲིག་བཅོས་སྦྱོང་གི་བྱ་འགུལ་ཞེས་པ་ཞིག་སྤེལ་ནས། གྲྭ་ཤག་ལྔ་སྟོང་ཙམ་ལས་མི་འཇོག་པར་དེ་འཕྲོས་ཚང་མ་བཤིག་རྒྱུར་གཏན་འཁེལ་བ་མ་ཟད། ས་ཁྲ་བྲིས་ནས་ས་གནས་ཁག་བཅུ་ལ་བགོས་ཏེ། ཁ་སང་སྤྱི་ཚེས་ཉི་ཤུ་ནས་དངོས་སུ་བཤིག་གཏོར་གྱི་མགོ་བརྩམས་འདུག བྱ་འགུལ་འདིའི་མགོ་སྤྱི་ལོ་ ༢༠༡༤ ནས་བསླངས་ཡོད་པ་དང་སྐབས་དེ་དུས་ཤིག་ནས་ཡིག་ཆ་དོན་ཚན་བརྒྱད་ཅན་ཞིག་བཀྲམ་འདུག་མོད།
༢༠༡༦ ལོའི་ཟླ་ ༠༦ ཚེས་༡༨ཉིན། གསེར་རྟ་རྫོང་ཐོག་ལ་བླ་རུང་སྒར་གྱི་ལས་སྣེ་༣༩ འབོད་འགུག་གིས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་འགུལ་སྐོར་ནས་དོན་ཚན་ལྔ་སྤེལ་ཡོད་པ་དང་། དེའི་ནང་གི་དོན་ཚན་གཅིག་གྲྭ་ཤག་བཤིག་རྒྱུ་དེ་རེད་འདུག གྲྭ་ཤག་གཏོར་བཤིག་གི་འཆར་གཞི་རི་མོར་བྲིས་པའི་ནང་གྲྭ་ཤག་བརྒྱད་སྟོང་ཡིན་པས་དགོན་པའི་ཕྱེད་ཀ་ལས་ཀྱང་བརྒལ་ཏེ་སུམ་ཆའི་གཉིས་ཟིན་ལ་ཡོད། བླ་རུང་སྒར་གྱི་ལས་སྣེ་མཁན་པོ་རྣམས་ཀྱིས་ད་ལོ་༢༠༡༦ ཚེས་མགོ་ནས་ད་བར་དུ་ཉིན་རེ་འཚོགས་འདུ་ཐེངས་རེར་ཆགས་མེད་འཚོགས་ནས་གཞུང་ལ་ཇི་ལྟར་ཞུ་བ་བྱེད་དགོས་མིན་དགོན་པ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་ཐད། ཀླད་པ་དཀྲུག ཐབས་ཤེས་བསྐོར་ནའང་ད་ལྟ་ཐབས་མེད་འུ་ཐུག་གི་གནས་སུ་གྱུར་ཡོད་པ་རེད།
བླ་རུང་གི་མཁན་བླ་ལས་སྣེ་རྣམས་གྲྭ་ཤག་བརྒྱད་སྟོང་བཤིག་འཆར་གྱི་རི་མོ་བྲིས་ནས་བཤིག་གིན་པ་ལས་ཀྱང་བླ་ཇོ་སེར་གསུམ་བརྒྱད་སྟོང་ཙམ་དགོན་པ་ནས་རྒྱང་འཕུད་རྩིས་བཤེར་གྱི་བཀའ་རྒྱ་དེ་ལ་ཞེད་སྣང་སྐྱེ་གྱིན་ཡོད་པ་རེད། འདས་སྔོན་སྤྱི་ལོ་༢༠༠༠ ལོར་རྒྱ་གཞུང་གིས་གྲྭ་ཤག་ཉིས་སྟོང་ཙམ་བཤིགས་ནས་ཇོ་སེར་མང་པོ་ཞིག་དགོན་པ་ནས་རྒྱང་འཕུད་སྐབས་ཇོ་མོ་མང་པོ་ཞིག་སྨྱོན་པར་གྱུར་ཡོད་ལ། སྐབས་དེར་ལྷ་ས་དང་བླ་བྲང་། རེབ་གོང་སོགས་བོད་ཁམས་ཀྱི་ས་ཆ་གང་སར་བླ་རུང་ནས་ཡིན་ཟེར་བའི་ཇོ་མོ་སྐོར་ཁག་རེ་གནས་ངེས་མེད་ཀྱིས་འཁྱམ་སློང་བྱེད་ཀྱིན་པ་འུ་ཅག་གི་ཡིད་ལའང་དྲན་ཚོད་ཡིན། སྐབས་དེར་ལ་ལས་ཚེ་སྲོག་ཀྱང་ཤོར་ཡོད། བླ་རུང་གི་མཁན་བླ་ལས་སྣེ་རྣམས་ཀྱིས་ད་རེ་ཡི་བྱ་འགུལ་འདི་ལག་བསྟར་བྱས་ན། ཐོས་བསམ་སྒོམ་གསུམ་གྱི་བར་ཆད། དཔལ་འབྱོར་གྱི་གྱོང་གུད། སེམས་ཐོག་གི་སྡུག་བསྔལ་ཆེན་པོ་ཞིག་རེད་ལ། ཆོས་སྡེའི་འདིའི་བླ་ཇོ་སེར་གསུམ་ལ་མཚོན་ནའང་ཆོས་སྡེ་འདི་དང་བྲལ་ནས་དགོས་ན་སོ་སོའི་སྲོག་དང་བྲལ་ནས་འགྲོ་བ་དང་ཁྱད་པར་ཅི་ཡང་མེད་པས། ང་ཚོ་རྒྱུན་ལས་ཚོའི་ངོས་ནས་སྒྲུབ་ལུགས་མེད་པ། ཐབས་ཤེས་སྐོར་ལུགས་མེད་པ་ཞིག་རེད། འདི་ལྟར་སྒྲུབ་ན་གནས་ཚུལ་འབུད་སྲིད་ལ་དེ་ནི་ང་ཚོས་འགན་ལེན་ཐུབ་པ་ཞིག་མིན་པའི་སྐོར་ཡང་ཡང་གོང་རིམ་ལ་ཞུ་བ་བྱས་མོད། ཁྱོད་ཚོས་སྔ་མ་རྣམས་སུའང་ཕྱིར་འཐེན་བྱས་ནས་བསྡད་པ་རེད། ད་དུང་འདིའི་ཕྱོགས་ལ་ངོས་ཟིན་དང་བཀོད་སྒྲིག་གང་ཡང་མི་འདུག ད་རེ་ལས་འཆར་ལ་ཕྱིར་འཐེན་གང་ཡང་མེད། གནས་ཚུལ་མ་བུད་ན་བཟང་གི བུད་ནའང་གྲ་སྒྲིག་ནན་མོ་ཡོད་ཅེས་འཇིགས་སྐུལ་དང་སྡིགས་ར་དྲག་པོ་བྱས་འདུག
རྒྱ་གཞུང་གིས་སྤྱི་ཚེས་ཉེར་ལྔ་ནས་བཤིག་གི་ཡིན་ཞེས་བསྒྲགས་མོད། ཚེས་ཉི་ཤུ་ནས་མགོ་བཙུགས་ཚར་འདུག འདི་ཡང་རྒྱ་ནག་གི་གཡོ་ཇུས་བྱུས་འཆར་གཞི་ལྡན་པ་ཞིག་ཡིན། ད་ལྟ་ང་ཚོ་རྒྱ་གཞུང་གི་གཡོ་ཇུས་འོག་ན་མགོ་འཁོར་བསྡད་ཡོད། འདིར་ང་ཚོ་ཁ་བཙུམ་ནས་འདུག་ཚད་མ་རེད། འདིའི་སྐོར་གླེང་སློང་ཅུང་རེ་བྱས་ན་དྲ་འབུ་ལ་ལ་ཞིག་གིས་བླ་རུང་གི་གཙོ་འཛིན་རྣམ་པ་ཁུ་སེམ་རེ་བཞུགས་ཡོད་ལུགས་དང་། མཁན་རྣམ་པས་བཟོད་པ་སྒོམ་གསུང་གིན་པ་ལས་ལྷག་མེད་ལུགས་དང་། ཁྱོད་ཚོས་འདི་ལྟར་བཤད་ནས་མགོ་སྟོང་འགའ་སྔུན་ལ་གཡུག་ཉེན་ཆེ་ཞིང་བླ་རུང་སྒར་ལའང་གནོད་ཉེན་ཆེ། ཨེ་བདེན་ལྟོས་ཨ་ཞེས་རྒྱ་ཞུང་དངལྷན་འཇིགས་སྐུལ་བྱེད་ཀྱིན་གདའ་མོད། དོན་དངོས་ཕྱི་ཕྱོགས་ཀྱི་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་དག་གིས་ངེས་པར་གླེང་སློང་གིས་རྒྱལ་སྤྱིའི་གནོད་ཤུགས་སྤྲོད་ཐབས་ལ་འབད་བརྩོན་བྱེད་དགོས་ཀྱི་འདུག
བླ་རུང་ཆོས་སྒར་གཏོར་གྱིན་པའི་གནས་ཚུལ་ཁ་གསལ་གཏིང་གསལ་ཞིག་རྒྱུས་ལོན་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་དངོས་ནི་རྒྱ་ནག་གི་གཡོ་ཇུས་དང་གསང་རྒྱ་དམ་དྲག་པའི་ཡིན་ལ། གཞན་གཅིག་ནི། དྲ་འབུ་དག་གིས་སྔོན་གྱི་པར་རྙིང་ཏག་ཏག་ཁ་སང་དེ་རིང་གི་བརྙན་པར་ཡིན་ཁུལ་གྱིས་གསར་བྱུང་གནས་ཚུལ་དང་མཉམ་སྦྱར་གྱིས་སྤེལ་གྱིན་ཡོད་ཕྱིར། ཕྱི་ཕྱོགས་ཀྱི་གསར་འགོད་བརྒྱུད་ལམ་དག་གིས་བདེན་རྫུན་དང་གསར་རྙིང་གི་དབྱེ་འབྱེད་མ་ཐུབ་པར་ལྷག་བསྡད་ཡོད། རྒྱུ་རྐྱེན་གཞན་ཞིག་ནི་མཁན་བླ་ལས་སྣེ་རྣམས་ཀྱི་ལམ་སྟོན་གསུང་བཤད་ལ་དྲང་ལྡོག་གི་གོ་བ་ལེན་ཐུབ་ཀྱི་མེད།
བླ་རུང་སྒར་ས་ལ་ཆགས་པ་ནས་ད་བར་ཏུ་རྒྱ་གཞུང་གིས་མངོན་གསལ་དོད་པོ་དང་མངོན་གསལ་མ་ཡིན་པའི་སྒོ་ནས་གཏོར་ཞིང་བཤིག་ནས་ཡོང་ཡོད། མནན་ཞིང་བཙུར་ནས་ཡོང་ཡོད། ངས་ཁ་སང་འདས་པའི་དུས་སུ་གསར་འགྱུར་བརྒྱུད་ལམ་ཁག་ལ་དངོས་སུ་ཐོན་པའི་གསར་འགྱུར་དག་བསྔོགས་ནས། གསེར་རྟ་བླ་རུང་གི་བཞུད་ལམ་ལ་ཕྱི་མིག་ཅིག་འཕང་བ་ཡིན། སྤྱི་ལོ་༡༩༩༦ ནས་དམ་དྲག་གི་འགོ་བཙུགས་ཤིང་༢༠༠༡ ཟླ་༦ པའི་ནང་གཞུང་དམག་ཉིས་སྟོང་ལྷག་ཆེད་གཏོང་གིས་འཇིགས་སྐུལ་དང༌། ལས་བཟོ་པ་མང་པོ་བཏང་ནས་ཟླ་༦ ཚེས་༢༧ ནས་ཟླ་༧ པའི་ཚེས་༡༢ བར་གྲྭ་ཁང་ཉིས་སྟོང་ཉིས་བརྒྱ་ལྷག་ ས་འགུལ་རྒྱུགས་པ་བཞིན་ནང་གི་ཅ་ལག་ཙམ་ཡང་ལེན་ལོངས་མ་བྱུང་བར་རྩ་གཏོར་བཏང་བ་དང༌། གྲྭ་བཙུན་༡༤༠༠ ཙམ་མ་གཏོགས་བཞུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་བཙུན་མང་པོ་ཕྱིར་འཕུད་ཀྱི་བྱ་འགུལ་སྤེལ་འདུག སུན་བཙིར་དེའི་གནས་སྟངས་འོག་རྒྱ་བོད་ཀྱི་བཙུན་མ་མང་པོ་ཞིག་གི་མདུན་ལམ་ས་ལ་བརྡབས་ཤིང་ཆོས་ཀྱི་རེ་འདུན་བོར་ནས་སྨྱོན་པར་གྱུར་བ་དང་། འགའ་རེས་ཚེ་སྲོག་ཀྱང་འདོར་དགོས་བྱུང་འདུག
༢༠༠༢ ཟླ་༤ པའི་ཟླ་མཇུག་ནས་༥ བའི་ཚེས་འགོ་བར་སླར་ཡང་གྲྭ་ཁང་ཉི་ཤུ་གཏོར་བཤིག་བྱས་ཤིང༌། ཆོས་རྗེ་མཆོག་ཉིད་ཀྱང་ལོ་གཅིག་རིང་རྒྱ་མིའི་དོ་དམ་འོག་བཞུགས་དགོས་བྱུང་ཡོད་འདུག་ལ། ༢༠༠༤ ལོའི་ཕྱི་ཟླ་༡ ཚེས་༧ ཉིན་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག འདི་ནི་བླ་རུང་ལ་མཚོན་ན་མགོ་ཐོག་གི་ཉི་མ་ནུབ་པ་རེད། རྐང་འོག་གི་ས་གཞི་བརྡིབས་པ་རེད།
བླ་རུང་སྒར་གྱིས་འདི་ལྟར་ཀྱག་ཀྱོག་གི་བཞུད་ལམ་གཟར་བོ་ཞིག་བརྒྱུད་ཡོད་ནའང་། འཕྱུར་བཞིན་པའི་རྒྱ་མཚོ་ཞིག་དང་འདྲ་བར་ལོ་རེ་ནས་ལོ་རེ་བཞིན་གྲྭ་ཚོགས་ཇེ་རྒྱས་དང་ཆོས་སྒར་རྒྱ་ཇེ་ཆེར་བྱིན་ཡོད། འདི་ནི་གནས་འདི་ན་མི་མང་པོ་ཞིག་གི་མངོན་འདོད་དང་འཚམ་པའི་ཆོས་ཉམས་ལེན་དང་རིག་གནས་སྦྱངས་བརྩོན་བྱེད་ས་ཡོད་པས་ཡིན་པ་ལས། བླ་རུང་སྒར་ན་གསེར་གྱི་གཏེར་ཁ་སྔོག་རྒྱུ་ཡོད་པ་དང་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་ཡོད་པས་མ་རེད།
ད་རུང་བསམ་བློ་བར་འདོད་པ་འགའ་རེས་དེ་བཤིག་ན་བཤིགས། དགེ་བཅུའི་ཁྲིམས་ཅིག་ཅིག་ཅིག་སོགས་གནས་ལུགས་ཡིན་ཁུལ་རེ་བཤད་ཀྱིན་འདུག ང་དངོས་གནས་ཁོང་དགོད་ཤོར་གྱི་འདུག ཁྱོད་ཆོས་ལུགས་ལ་མོས་པ་མེད་པར་བོད་ལ་ཞེན་པ་ཡོད་པ་བདེན་ན། ད་ལྟ་བོད་པ་བརྒྱད་སྟོང་ཙམ་གྱི་མ་འོངས་པ་དང་ད་ལྟའི་འཚོ་བ་ཉེན་ཁའི་གནས་སུ་གྱར་བའི་སྐབས་འདིར་ན་ཟུག་གི་ཚོར་བ་ཞིག་ཡོད་ན་འོས་པ་ལ། ཡང་ལ་ལས་ཆོས་ལུགས་སྤུས་གཙང་མི་གཙང་ཉུག་ཉུག་ཟེར་གྱིན་འདུག འདི་རུ་མ་མཐའ་ཡང་ཆོས་པ་གཤའ་མ་དང་སྡོམ་གཙང་སྟོང་ཕྲག་ལྷག་རེ་ཡོད་ངེས་པས། སྟོད་ཀྱི་གྲྭ་ས་སེ་འབྲས་དགེ་གསུམ་ནའང་དེང་སང་གྲྭ་པ་བཞི་བརྒྱ་ལྔ་བརྒྱ་ལོང་མི་ལོང་ཙམ་རེ་ལས་མེད་པས་ཆོས་པས་ཆོས་པའི་སྡེ་བསམ་ན་བསམ་ཚུལ་ད་ལྟ་མིན་ན་ནམ་ཞིག་ཡིན་ཨང་། གང་ལྟར་སྐད་ཆ་དེ་དག་གིས་གནའ་སྐུ་ཞབས་ཞོགས་དུང་བཙོན་ལ་བཅུག་ནས་ཀུན་གླེང་ནང་བགྲོ་གླེང་གནང་སྐབས། ཀླད་མེད་འགའ་རེ་དེ་ལ་དད་པ་མེད་ཅེས་ཁ་པའི་བཏང་བའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཅུག་སོང་། འུ་ཚང་གི་འདི་ཚོར་དུས་དང་དུས་མིན་རྣམ་འབྱེད་ཀྱི་ཤེས་རབ་ཡག་པོ་ཞིག་དང་། བསམ་ཚུལ་ངོས་ལེན་གྱི་རྣམ་རིག་གསལ་བོ་ཞིག་མེད་པ་ཅི་ཞིག་ལན་ཨང་། ཨ་ལ་ལ་ལ་ལ་ལལ
གང་ལྟར་ངས་རྩོམ་མཇུག་འདི་ནས་བསྡུ་རྒྱུ་ཡིན། གོང་ནས་བཤད་པ་དག་གི་ནང་དུ་རྫུན་དང་ཐལ་ཆེའི་སྒྲོ་བཏགས་ཡོད་པར་དོགས་པ་ཡོད་པ་རྣམས་ཀྱིས་གཤམ་གྱི་དྲ་ཐག་དག་ལ་གཟིགས། བླ་རུང་སྒར་གྱི་མཁན་བླ་གདན་ཟུར་དག་གི་གསུང་བཤད་ཕྱི་ལ་ཐོན་པ་དག་ལ་ཉན་རོགས། ཡང་ན་ང་ལ་དོགས་སློང་གྱིས་དང་ངས་རེ་རེ་བཞིན་གསལ་འདོན་བྱས་ཆོག ངས་ཁུངས་ལུང་རྒྱུ་མཚན་མེད་པ་གཅིག་ཀྱང་བཤད་མེད། དེ་ལུགས་ཐུགས་འཇགས་འཚལ།
སྤྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༢༤ ཉིན། ཤེད་བུའམ་བོན་རྒྱ་བསྟན་འཛིན་རབ་རྒྱས་སུ་འབོད་པས། ཡོ་རོབ་མི་ཁོམ་པའི་གནས་ཀྱི་ལས་གཡོག་བར་ནས་གང་མགྱོགས་ཅི་མགྱོགས་ཀྱིས་བྲིས་པ་ཞུས་དག་ཡང་གཏོང་ལོང་མ་བྱུང་བར་དྲ་ངོས་སུ་སྤེལ་ཚར་བས། ཡིག་ནོར་ཅི་ཡོད་བཟོད་གསོལ་ཞུ། དོན་ནོར་ཅི་ཡོད་དོགས་སློང་གནང་འཚལ།
༡ BBC དྲ་རྒྱ།
༢ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་རྒྱ།
༣ བོད་ཀྱི་བང་ཆེན་དྲ་བ།
༤ སྐད་འཕྲིན་སྟེགས་སུ་ཁྱབ་པའི་བླ་རུང་མཁན་པོ་རིག་དར་གྱི་གསུང་བཤད།
༥ སྐད་འཕྲིན་འཕྲིན་སྟེགས་ཀྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་དག
ཁྱེད་རང་ལ་མཁན་པོ་ཚུལ་བློ་ལྷག་ཇི་རྟོག་ཨི་ཡོད། ཡང་ན་ཆོས་སྔར་འདི་ལ་བཤད་རྒྱུ་བསམ་ཡིན་འདོག་བཟོ་ནའང་དོན་ཕྲག་དོག་གི་ལས་མ་སྤེལ་རོག འཇམ་ཏིང་ངེ་འཇོག་རོག ངས་རེ་ཞུ་ཡིན། མ་གཞི་ནི་དེང་གསར་འགྱུར་གནས་ཚུལ་མཁོ་གཏོང་ལ་ལས་བསམ་ངན་གཡོ་རྒྱུ་བཟོ་ནས་ཕན་པ་ལས་གནོད་པ་བཟོ་བ་འདུག ཁྱེད་རང་ཁ་བཙུམ་ནས་བསྡད་རོག་
དངོས་གནས་བློ་ཕམ་གྱི་རང་བཞིན་ཞིག་ལོས་ཡིན། མི་ཚང་མས་བསམ་རྒྱུ་གཅིག་པ་ཡིན་གྱི་རེད། ཡིན་ནའང་ཕྱི་ཕྱོགས་ནས་ནུས་པ་ཐོན་པ་དང་ཕན་ཐོགས་ཡོད་པ་གྲུབ་འབྲས་ཡོད་པ་ཞིག་བྱེད་ཐུབ་རྒྱུར་ཚོད་དཔག་བྱེད་དཀའ་བ་ཞིག་རེད། རང་སྲེག་གཏོང་མཁན་གྱི་ཆེད་དུ་བསྒྲགས་གཏམ་ངོ་རྒོལ་རབ་དང་རིམ་པ་བྱས་མོད་ཕན་རྒྱུ་ལས་གནོད་པ་ཆེ་བར་ཡོང་གི་ཡོད་པ་གསལ་པོ་རེད། ཉིས་སྟོང་བརྒྱད་ཀྱི་སྔོན་དུ་ཞི་འཇམ་རེད་དེ་རྗེས་ངོ་རྒོལ་རབ་དང་རིམ་པ་གྱིས་པའི་བྱས་འབྲས་སུ་དེང་སང་བོད་ནང་ཁུལ་དུ་འགྲོ་རྒྱུར་དམ་བསྒྲགས་ཀྱི་ཆོག་མཆན་་ཞུ་དགོས་པ་དང་ཉིས་སྟོང་བརྒྱད་ཀྱི་གྲུབ་འབྲས་སུ་དེང་སང་བཙན་བྱོལ་ལ་ཡོང་མཁན་མེད་ནས་གནསནལེན་ཁང་དང་གསར་འབྱོར་སློབ་གྲྭ་དགོན་སྡེ་ཁག་སྟོང་པ་ཉིད་དུ་འགྱུར་བཞིན་ཡོད། དེ་ལས་གསེར་རྟའི་བླ་སྤྲུལ་མཁན་པོ་ལས་སྣེ་བ་ཚོས་ཐབས་མཁས་བསྟུན་མཁས་གནང་ན་ལེགས་ཤོས་རེད། བྱུས་ཉེས་ན་མཁན་པོ་ཚུལ་བློ་སོགས་གནད་ཡོད་ཀྱི་བླ་སྤྲུལ་ལ་འགལ་རྐྱེན་འཕྲད་སྲིད་པ་རེད་བསམ།
གཞིས་བཞུགས་མི་མང་གི་འཚོ་བ་དང་འབྲེལ་བའི་གནད་དོན་ལ་ནུས་པ་འདོན་ཐུབ་ཀྱི་ཡོད་ན་ཚང་མས་ཤུགས་རྒྱབ་དགོས་དེ་མིན་གཞིས་སྡོད་མི་མང་གི་འཚོ་བའི་མདུན་ལམ་ལ་གནོད་པའི་གང་བྱུང་མ་
བཤད་ན་དགའ་ལེ་རེད་དོ་།
བཙན་བྱོལ་ནང་ལས་མགུལ་སྤེལ་མཁན་ཚོར་དོ་སྣང་མང་པོ་བྱེད་ཡིན་ཡག་པོ་ཅིག་མཐོང་མ་སོང་གང་ཡིན་ཟེར་ན་ཁ་ནས་ལབ་ཡ་ལ་རྒྱ་མིས་བཙན་དབང་སྡུག་རྩུབ་དྲག་གནོན་ཛ་དྲག་སོགས་མང་པོ་བཤད་རེད་དེ་སེམས་ལ་འཚོ་བ་ཅང་ཡོད་མ་རེད་མན་ལོ་གྷ་ཇི་ནས་གཙུག་ལག་ཁང་བར་འགྲོ་རེད་ཁ་ཤེས་བགད་མོ་འདྲ་དགོད་ཁ་ཤེས་ནས་བྱང་ཆུབ་སེམས་མཆོག་མ་འདྲ་བསྐྱོར་ལས་མགུལ་སྤེལ་ཚར་རེད་ཁོ་ཚོའི་ལྟོ་གླ་རགས་ཚར་ནས་ལས་མགུལ་དེ་རེད།
བླ་རུང་གི་དགེ་བཤེས་དེ་དག་ལ་གནོད་མ་སྐྱེལ་ན་དེ་གས་འགྲིག་པ་རེད། ཡོད་ཚད་གཏོར་བཞག་ནའང་ང་ཚོར་བྱ་རྒྱུ་གཞན་མེད་པ། འུ་ཚོས་ས་སྒྲོག་གནམ་སྒྲོག་འདྲ་བྱས་བའི་དབང་དུ་བཏང་རུང་། ཕར་ཕྱོགས་གུང་ཁྲན་གྱིས་བསམ་ཤེས་བྱེད་ཀྱི་མ་རེད། དཔལ་བླ་མ་རུང་གི་གྱོ་སེར་ཀུན་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ལས་གཞན་ཅང་མ་འཇོན་མ་སོང་། དགོགས་དག ངའི་བརྩེ་བའི་སྤུན་ཟླ་ཚོ། འདི་འུ་ཚོའི་ཐུན་མོང་གི་ལས་དབང་རེད། ལྷ་དཀར་པོ་ཡོད་ས་ན་འདྲེ་སྣ་ནག་ལོས་ཡོད། བླ་རུང་བཤིག་བཏང་ནའང་བླ་རུང་གི་ཤེས་རིག་བཤིག་ཐུབ་གི་མ་རེད། ཡིད་སྐྱོ་བའི་གནས་ཚུལ་འདིར་ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད།
ཕུགས་རྒྱང་རིང་བོར་བསམ་བློ་གཏོང་མི་ཤེས་མཁན་ཚོས་གསུངས་རྒྱུར། སྐད་ཆེན་པོ་མ་རྒྱག་པར་ཁུ་སིམ་མེར་བཞུགས་རོགས་གསུངས་ཡོད་པ་ཐོས། དེ་ནི་བླུན་པོ་སྡར་མ་ཚོའི་བསམ་བློ་གཏོང་སྟངས་རེད། དོན་དངོས་ལ་འདི་ནི་རྒྱ་ནག་མགོ་རྟིང་སློག་ཐུབ་པའི་གོ་སྐབས་ཆེ་ཤོས་ཤིག་རེད། འཛམ་གླིང་སྤྱི་ལ་ཁྱབ་བསྒྲགས་བྱས་ན་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་མ་རེད། ཁྱབ་བསྒྲགས་བྱེད་ཡུལ་གཙོ་བོ་དེ་རྒྱ་ནག་ནང་ཁུལ་རེད། རང་བཙན་དང་དབུ་མའི་ལམ་གང་ལའང་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་ཐོབ་མི་སྲིད། དེ་ཐོབ་པར་རེ་མཁན་ཚོ་བསམ་མེད་རེད། འོན་ཀྱང་དགོན་སྡེ་གཏོར་བ་དང་ཆོས་ལུགས་དད་མོའི་རང་དབང་མེད་པ་བཟོ་བའི་སྲིད་ཇུས་ལ་རྒྱ་ནག་མི་མང་གིས་ནམ་ཡང་རྒྱབ་སྐྱོར་མི་བྱེད། དེས་ཕྱིར་འདི་ནི་ཁྱབ་བསྒྲག་གང་མང་བྱེད་ན་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་ཐོབ་རྒྱུ་གོ་སྐབས་ཡག་ཤོས་དེ་རེད། དགོན་པ་གཏོར་ཤིགས་གཏོང་བཞིན་པའི་པར་དང་བརྙན་སོགས་བླང་ནས་ཁྱབ་བསྒྲག་ཤུགས་ཆེན་བྱེད་དགོས་རེད། འདི་ནི་ཤིན་ཏུ་ནས་གནད་འགག་གི་སྐབས་རེད། །
ཚུལ་བློ་འདི་མཐོ་ན་མཐོ་ཚོད་མི་ཟིན་མཁན་ཞིག་རེད་མོད། ད་དེ་དགོས་ལེ་རེད། རྒྱ་ནག་ལ་སོང་ནས་དགེ་ལུགས་པ་དང་བོན་པོ་ལ་སྨ་ཕབསའ། ཕྱི་རྒྱལ་ལ་སོང་ནས་ཆོས་ལུགས་ཚང་མ་བཟང་རབ་ཡག་རབ་བཤད། ད་རང་མོ་ལ་ཐོག་རྒྱབ་དུས་འཇམ་ཐིང་ངེར་རེད་ཧ་ཧ་ཧ་ཧ། ལས་འབྲས་ཟེར་བ་དེ་གཅིག་བྱས་ཡོང་ན་འདུག་བསམ་བསམ་འདྲ་ཧ་ཧོ།
བླ་རུང་གི་དགེ་བཤེས་དེ་དག་ལ་གནོད་མ་སྐྱེལ་ན་དེ་གས་འགྲིག་པ་རེད། ཡོད་ཚད་གཏོར་བཞག་ནའང་ང་ཚོར་བྱ་རྒྱུ་གཞན་མེད་པ། ཁ་བཙུམ་ནས་བཞུགས་ན་ཡག་གི་རེད། ཐབས་ཤེས་ཡོད་ན་མཁན་བསོད་དར་དང་ཚུལ་བློ་སོགས་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་དང་ཕྱུག་བདག་ཁག་ལ་འབྲེལ་བ་ཡོད་པས། བུ་འཇོན་ན་་་་་་་་་་་་་་་་་་་་་་་་་
ལོ་ཁ་ཤས་སྔོན་ནས་བླ་སྒར་མཁན་བླ་བསོད་དར་དང་ཚུལ་བློ་སོགས་ལ་༼སི་ཁྲོན་ཞིང་ཆེན་ཆོས་ལུགས་དོ་དམ་ཁང་༽ནས་འགྲོ་སྡོད་ལ་མངོན་ཆུང་བྱ་དགོས་པའི་བརྡ་ལན་མང་སྤྲད་འདུག་ཀྱང་ད་བར་སྣང་མེད་གཏོང་ནས་མགོ་བདེ་མདོག་མང་པོ་བྱས་འདུག་་་་་་བླ་སྒར་གཏོར་བཤིག་འདི་ཀྲུང་དབྱང་རང་ནས་བཀའ་ཨེ་ཡིན་སྙམ། གཙོ་བོ་དང་ས་གནས་རང་གི་འགན་གཙོ་ལ་ཐུག་འདུག་དྲན་་་་་་་་ཡིན་ནའང་སྐབས་འཚོལ་བས་གོ་སྐབས་ལེན་དང་ལེན་་་་་་
ནང་ཁུལ་ལ་ཕྲག་དོག་རྐྱང་རྐྱང་བྱེད་མ་འདུག །ཞབས་འདྲེན་ཚོ། དྲྭ་གྲོགས་ཐམས་ཅད་ལ་ཞུ་ལེ་མིན། ཕྱི་རྒྱལ་ལ་ཡོད་པའི་མི་ནུས་པ་ཅན་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་པ་སྤྱི་སྒེར་ལ་གནས་ཚུལ་མཁོ་སྤྲོད་དང་ཞུ་བ་བྱས་ན་ཕན་གྱི་རེད། རྒྱ་གཞུང་གིས་སྙིང་རྗེ་ནི་མི་ལྟ་སེམས་ཐག་རེད། དེང་སང་རྒྱ་གཞུང་གིས་བོད་ལ་ཆོས་དང་རིག་གཞུང་ལ་རང་དབང་དང་བདེ་སྐྱིད་ཡོད་རབས་བཤད་ཀྱིན་ཡོད་པས་ངོ་ཚ་ཕབ་ཐུབ་ཀྱི་རེད། ཕ་བཟང་བུ་རྣམས་ཅི་དྲག་ན། ད་རེས་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་འགྲོ་བ་ཞིག་བྱེད་རོགས།
ཏྲེ་ཧོར་བྱམས་པས་བཤད་པ་བདེན། ཚུལ་བློ་དང་བསོད་དར་གཉིས་མགོ་བདེ་མདོག་གིས་རྒྱ་མི་དེ་ཚོ་ཐུག་དུས། རྗེ་རིན་པོ་ཆེའི་ལམ་རིམ་ལ་སྐྱོན་བརྗོད་དང་། བོན་པོ་ཆོས་ལ་སྨ་འབེབས་རྙིང་མ་པ་ཁོ་ན་ཡག་རབ་བཟང་རབ་བཤད་རྒྱུ་དེ་རེད། ང་ཁ་ཚོའི་ཁ་དཔེ་ལ་མགོ་རུམ་ལ་བཞག་ལ་ལྷགས་པ་མེད། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད་ཟེར་བ་དེ་ལོས་བདེན་ཨ།
ཆོས་ལུགས་གཞན་སུ་ལ་ཡང་རྐྱེན་ངན་དེ་འདྲ་ཞིག་ཕྲད་ན་རོ་ཐོག་རྟ་རྒྱུག་གི་དཔེ་བཞིན་སྙིང་ཚིམ་བདར་བའི་ལུགས་དེ་ཆོས་ལྟ་ཅི། འཇིག་རྟེན་བཟང་སྤྱོད་དང་ཡོངས་སུ་འགལ་བའི་སྲོལ་ངན་འདི་ཆོས་ལུགས་གང་གི་ཁོངས་སུ་གཏོགས། ཕྲག་དོག་དུག་ཆུ་ཁོལ་མ་ཕྱི་རུ་མངོན་པ་ཙམ་ལས་ཆོས་ལུགས་ཞིག་ཡིན་མི་སྲིད།
བླ་རུང་ལ་གཏོར་སྐྱོན་ཐེབས་པས་སྙིང་ན་ཞིང་མིག་ཆུ་ཤོར། གདུང་སེམས་མཉམ་བསྐྱེད་ཞུ། བླ་རུང་གི་དབུ་ཁྲིད་རྣམས་ཀྱི་བཟོད་སྒོམ་དང་ཐུགས་རྒྱ་ཡངས་པོའི་སློབ་གསོ་ལ་གུས་འདུད་ཞུ།
བོན་རྒྱ་ཟེར་བའི་ཁྱི་རྒན་འདིས་ཆེད་དུ་ནང་ཁུལ་དཀྲུགས་བྱེད་ཀྱི་རྩོམ་ཉོག་འདི་འདྲ་ཞིག་བྲིས་ནས་ཅི་བྱེད། ཡུལ་ངོས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་མེད་པར་དོན་མེད་དུ་གཞུང་དང་མི་མང་གི་བར། ཆོས་ལུགས་གྲུབ་མཐའི་བར་ལ་དབྱེན་སྦྱོར་བྱེད་པ་འདི་དངོས་གནས་བཟོ་སྒོམ་བྱེད་དཀའ་བ་ལ་ཨང་། ཆོས་ལུགས་པ་དང་ཆོས་ལུགས་ཀྱི་ནད་རྙིང་ཡོད་པའི་གྲྭ་ལོག་ཚོ། མི་རིགས་ཁ་བྲལ་དུ་གཏོང་དགོས་ན་ཁྱོད་ཚོ་ལས་ལྷག་ཅིག་གཞར་ནས་མི་འདུག འདས་བའི་བྱུང་རབས་དང་ད་ལྟའི་གནས་སྟངས་གང་ལ་གཞིག་ཀྱང་། ཆོས་ལུགས་པའི་མིང་བྱང་འཁུར་བའི་བྲེད་པོ་འདི་ཚོས་མི་རིགས་འདིར་གྱོང་གུད་སྤྲད་པ་ནི་རྫོགས་མཐའ་ཞིག་མེད། ད་ཁྱེད་ཚོས་ཚོད་བཟུང་རྙིང་ཞེན་པ་ཚོ། མི་རབས་གསར་བ་ཚོ་ཁྱེད་ཅག་ལ་སྐྱུག་མེར་ལངས་གི་འདུག སྟོན་པ་སངས་རྒྱས་ཀྱི་བཀའ་བཞིན་མི་བརྩི་བའི་སྲོལ་རྫུན་ཁྱེད་ཚོ། གཡོ་ཅན་ཁྱེད་ཚོ། ཅིའི་ཕྱིར་བོད་མི་རིགས་འདི་ཁ་བྲལ་ཡ་བྲལ་དུ་གཏོང་གི་ཡོད།
༈ བླ་རུང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྙན་ཞུ།
ངས་གདུང་སེམས་མཉམ་བསྐྱེད་བྱ། ངའི་སེམས་ཁྱོད་ཅག་དང་ལྷན་དུ་ཡོད། ཐུབ་བསྟན་རྒྱལ་བར་གྱུར་ཅིག
༡༽རྒྱ་ནག་གུང་ཁྲན་ལ་ངོ་རྒོལ་བྱེད་པའི་ལམ་མེད་ཀྱང་གྲོས་མོལ་བྱེད་སའི་ལམ་ཡོད། འདི་གུང་ཁྲན་རང་ཉིད་ཀྱི་ཐབས་ལམ་རེད། ལག་ལེན་དུའང་བསྟར་བཞིན་ཡོད། འགའ་ཞིག་གིས་རྒྱ་ནག་གུང་ཁྲན་ཟེར་བ་རྒྱུ་མཚན་གཏན་ནས་མི་བཤད་མཁན་དང་གྲོས་མོལ་བྱེད་སའི་ལམ་ཁ་མེད་པར་འདོད་པ་དེ་ལ་མོས་མཐུན་མེད། རང་དང་འབྲེལ་ཡོད་ཀྱི་སྤྱི་སྒེར་གྱི་དོན་དག་མང་པོ་ཞིང་ཀྱང་མཐེ་བོང་གནམ་ལ་སྒྲེང་ནས་ཞུ་བ་ཕུལ་ཏེ་ཐག་བཅད་ཐུབ་པའི་ཉམས་མྱོང་ཉག་གཅིག་ཡིན།
༢༽ས་གནས་རང་གི་ཆབ་སྲིད་གྲོས་མོལ་མི་སྣ། མི་དམངས་སྐུ་ཚབས། དགོན་པ་ཁག་གི་དོ་དམ་པ། ཆོས་ལུགས་དོ་དམ་མི་སྣ་སོགས་ལ་ངོ་རྒོལ་བྱེད་པའི་ཐོབ་དབང་མེད་ཀྱང་ནང་ཁུལ་དུ་བསམ་འཆར་འདོན་པའི་དབང་ཆ་ཡོད། མ་ཟད་ཆབ་སྲིད་དང་རྒྱལ་སྲུང་གི་ལས་དོན་གལ་ཆེན་མིན་པ་ཕལ་མོ་ཆེ་ཞིང་ཆེན་འོག་ནས་ཐག་གཅོད་པའི་ཐོབ་ཐང་ཡང་ཡོད།
༣༽བོད་ན་ཡོངས་གྲགས་སུ། ཝ་མོའི་རྫོང་དང་ཁྱི་མོའི་རྫོང་། རྡར་མའི་རྫོང་ཟེར་བ་ཕལ་ཆེར་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཡོད་པས་ནང་ཁུལ་དུ་སྙོག་དྲ་སློང་རྒྱུ་ལས། ལས་གནས་ལ་མཉམ་ཞུགས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་དཀའ། ཆིག་སྒྲིལ་གྱིས་སྙན་ཞུ་མ་ཕུལ་ན་བོད་ཀྱི་ས་གནས་གཞན་ལ་བྱ་ཐབས་ཟད། ཁོང་ཚོ་མཉམ་རུབ་ཐུབ་ན་བོད་དང་རྒྱ་ནག་ཡོངས་རྫོགས་ཀྱི་དགོན་པ་ཁག་དང་། ནང་བསྟན་མཐུན་ཚོགས། པཎ་ཆེན་འོས་སྤྲུལ། འཇམ་དབྱངས་བཞད་པ། དྲུང་པ་སྤྲུལ་སྐུ་སོགས་ལ་བསྐུལ་སློང་བྱེད་དགོས། རྒྱ་གཞུང་ལ་ངོ་རྒོལ་མ་ཡིན་པར་ཞུ་བ་འཐེན་ན་གྲོས་མོལ་བྱེད་ངེས་པ་རེད།
༤༽བླ་རུང་རང་གི་དགེ་འདུན་པ་རྣམས་ཀྱིས་ངོ་རྒོལ་མི་བྱེད་པར། འཇམ་ཐང་ངེར་དགེ་སྦྱོང་ཆོས་བཞི་ཉམས་སུ་བླང་ཏེ་བཞུགས་པ་མཚན་དོན་གཉིས་ཕན་གྱི་ཐབས་ལམ་ཡང་དག་པ་ཞིག་རེད།
༥༽འདི་ཉིད་བླ་རུང་གཅིག་པོའི་དོན་མིན་པར་ཐུབ་བསྟན་སྤྱི་ཡི་དོན་དང་བོད་མི་རིགས་ཀྱི་བདེ་སྡུག་གི་འགག་རྩ་ཞིག་ལ་ཐུག་ཡོད། བན་བོན་ཡོངས་ཀྱི་བསྟན་དོན་ལ་རྒྱ་ལ་ཐུག་ཡོད། བླ་རུང་རྗེས་སུ་ཡ་ཆེན་དགོན་དང་། དེ་ནས་རིམ་པར་དགོན་ཆེན་ཚོའི་གཉའ་བར་ལྷུང་ངེས་པས་ཀུན་ལ་འགན་ཡོད་པ་ཞིག་དང་ཐུགས་ཁུར་དགོས་པ་ཞིག་རེད། དེ་བཞིན་བོད་ཀྱི་རིས་མེད་དགོན་སྡེ་ཀུན་གྱིས་ཞབས་རིམ་ནར་མར་སྒྲུབ་པའང་རེ་བ་ཉག་གཅིག་ཡིན།
༦༽བླ་རུང་གི་མཁན་ཆེན་ཚོས་ཀྱང་ཀུན་གྱིས་མཐོང་སར་ལག་པ་ཐལ་མོ་སྦྱར་མགོ་བོ་ས་ལ་བཏུད་ཏེ། ཐུབ་བསྟན་གྱི་ཆེད་དུ་རེ་བ་དང་འབད་པ་བྱེད་པའི་རྣམ་འགྱུར་དང་། ཡོངས་ཁྱབ་ཀྱི་རྒྱ་བོད་གཉིས་ཀྱི་ཡི་གེར་ངོ་རྒོལ་མིན་པའི་རེ་ཞུས་སྙན་ཞུ་ཕུལ་ན་ཕན་ནུས་ངེས་ཅན་འབྱུང་བར་ངེས། ལྐོག་ནས་ང་ཚོས་ནུས་པ་བཏོན་ཡོད་ཟེར་བ་ཙམ་གྱིས་ཐུབ་བསྟན་པ་སྤྱི་བྱེ་བྲག་གི་རེ་བ་སྐོང་མི་ཐུབ།
༧༽རྒྱུན་དུ་བླ་རུང་ལ་ངོ་རྒོལ་བྱེད་པའི་དཔལ་སྤུང་ཚང་ཐུབ་བསྟན་ཕུན་ཚོགས་དང་། བཀྲ་ཤིས་འཁྱིལ་བ་ཚང་གི་དགེ་བཤེས་དང་གྲྭ་རྒྱུན་འགའ་ཞིག གསེར་རྟ་རང་གི་འགལ་ཟླའི་ཚན་ཆུང་། རྒྱུན་དུ་རྒྱ་གཞུང་ལ་སྙན་ཞུ་རིམ་པ་བཞིན་ཕུལ་ཏེ་བླ་རུང་ལ་ལྐོག་མདའ་འཕེན་མཁན་སོགས་ཀྱིས་ད་རེས་མངོན་གསལ་དོད་པོའི་བྱ་བ་ཞིག་བྱེད་མ་ཐུབ་ན་དགོན་པ་གཏོར་བའི་ལོ་རྒྱུས་ཀྱི་ཉེས་པ་མ་ཁུར་ལྡོག་ཐབས་མེད། ཁྱོད་ཅག་གིས་ཀྱང་སྟོན་པ་སངས་རྒྱས་ཀྱི་ཞལ་རས་ལ་བསམ། སྤྱི་བྱེ་བྲག་གི་བདེ་སྡུག་ལ་བསམ་ཞིང་རོ་ཐོག་རྟ་རྒྱུགས་མི་བྱེད་པར་ཕྱར་བ་གྲུ་འདེགས་བྱེད་པའི་རེ་བ་ཡོད། རང་ཉིད་ཉེས་པ་ལས་གྲོལ་བའི་ཐབས་ལམ་ཡག་ཤོས་དང་གོ་སྐབས་བཟང་པོ་ཐོབ་པ་ངེས་པར་གྱིས།
༨༽ཡང་གཅིག་བྱས་ན་བླ་རུང་སྒར་གཏོར་བ་འདིས་ཐུབ་བསྟན་དར་ཞིང་རྒྱས་པར་ཕན་པའང་རྒྱ་ཆེར་འབྱུང་ངེས། སློབ་གཉེར་པ་མང་པོ་ཞིག་གི་བླ་རུང་ལ་འཚང་ཀ་བརྒྱབ་ནས་སྡོད་པ་ལས་སོ་སོའི་དགོན་པ་ལ་དོ་སྣང་དེ་ཙམ་མི་བྱེད། ད་རེས་སློབ་གཉེར་པ་མང་པོ་ཞིག་བོད་ཀྱི་ས་གནས་སོ་སོ་ལ་མ་ལོག་ཐབས་མེད་པས། ཤེས་ཡོན་གྱི་མྱུ་གུ་གང་སར་བཏབ་ཏེ། ཕྱོགས་ཀུན་ནས་ཐུབ་བསྟན་པདྨོའི་ཚལ་ཆེན་བཞད་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་ངེས་པས། སེམས་སྐྱོ་བའི་སྐབས་བཟང་ཕྱོགས་ནས་བསམ་བློ་གཏོང་དགོས་པའང་གལ་ཆེན་དུ་ངེས།
དྲི་མེད་པས་སྐྱོ་གདུང་གི་སྙན་ཞུ་ཕྲན་བུའོ། །
དྲི་མེད་པས་བསམ་འཆར་ཡག་མོ་གསུངས་འདུག དེ་ག་རང་རེད། ཕྱི་ཕྱོགས་ནས་ཞེ་བོ་གཅིག་བྱེད་རྒྱུ་ཡོད་མདོག་བཤད་རུང་བྱེད་རྒྱུ་ལྷག་ཡོད་པ་མ་རེད། ནུབ་ཕྱོགས་པས་ཀྱང་གང་ཡང་བྱེད་མི་ཐུབ་དཔེར་ན། བྱེད་ཐུབ་པ་ཡོད་ན་པཎ་ཆེན་སྤྲུལ་སྐུ་ལ་བྱེད་ཐུབ་རྩིས་རེད། བཙན་བྱོལ་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་ཐབས་ལམ་མ་བརྩལ་བ་མེད། འོན་ཀྱང་གྲུབ་འབྲས་ཅི་ཡང་མཐོང་རྒྱུ་མེད།
ངས་ནི་བོད་ནང་ལོགས་ཀྱི་གནས་ཚུལ་དང་འགྲོ་སྟངས་སྡོད་སྟངས་ག་འདྲ་ཡོད་ཆེན་པོ་རང་ནི་མི་ཤེས། འོན་ཀྱང་དཔལ་སྤུང་ཚང་ཐུབ་བསྟན་ཕུན་ཚོགས་མཆོག་ནི་དེང་སང་གི་མཁས་པ་མངས་པོའི་ནང་ནས་རྩེ་ཕུད་ཅིག་རེད་དྲན་གྱི་ཡོད། ཁོང་ལ་བརྩི་བཀུར་ཆེན་པོ་ཡོད། བླ་རུང་ཚང་གི་མཁས་པ་ཆེ་གེ་མོ་ཞིག་དང་འདོད་ཚུལ་གང་ཞིག་མ་མཐུན་ནས་བགྲོ་གླེང་ཏོག་ཙམ་བྱུང་བ་ཙམ་གྱིས་བླ་རུང་སྤྱི་ལ་རྒོལ་མཁན་རེད་ཟེར་ན་འགྲིག་གི་ཨ་ཡོད་ན། མཁས་པ་ནང་ཕན་ཚུན་འདོད་ཚུལ་མཐུན་དང་མི་མཐུན་སྣ་ཚོགས་པ་སྔར་ནས་དེང་གི་བར་དུ་ཡོད་པ་རེད། མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། གསུངས་འདུག ཡིན་ནའང་ཁྱེད་རྣམ་པས་ཕྱི་ནང་གི་གནས་ཚུལ་གང་བྱུང་བ་ཕྲ་ཞིང་ཕྲ་བ་གསལ་པོ་མཁྱེན་པའི་ཐོག་ནས་གསུངས་པ་ཡིན་གྱི་རེད། རྨོངས་པ་ངས་ནི་དེ་འདྲ་གང་ཡང་མི་ཤེས། བླ་རུང་ཚང་ལ་གདུང་སེམས་མཉམ་བསྐྱེད་ནི་ལོས་ཞུ། སངས་རྒྱས་ཀྱི་བསྟན་པ་དངོས་ནི་གང་ཟག་གི་སེམས་རྒྱུད་ལ་ཡོད་པ་རེད། དེ་འཇིགས་སོང་ན་སངས་རྒྱས་ཀྱི་བསྟན་པ་དངོས་གནས་འཇིགས་པ་ཡིན་འགྲོ ། །
རླུང་ཐོ། ཁྱེད་རང་མཆན་གནང་བ་དེ་ནི་སྙིང་རྗེ་ཡུལ་རེད་བཞག ླྱེད་རང་གི་བསམ་དོན་འགྲུབ་ཤོག དགེ་ས་རྙིང་བཀའ་བོན་དང་བསྟན་པ་དར་བར་ཤོག
བོན་རྒྱས་བྲིས་ན་འདྲ། མ་བྲིས་ན་འདྲ། དབྱིན་ཡིག་དང་དང་དགྱ་ཡིག་གཉིས་ཀྱི་ནང་ལ་དགྱ་ནག་པོ་ཚང་གིས་བོད་ཆོས་དང་རིགས་གཞུང་ལ་བཙན་པོ་དབང་ཡོད་ཀྱིས་རྩིས་མེད་བྱེད་བཞིན་པ་ཀུན་བསྒྲགས་རེད།
དགྱ་ནག་ཡང་གོ་ལ་འདིའི་སྒང་ན་ཡོད་དུས། འཛམ་གླེང་གི་མིག་མདུན་ལ་ཡག་ཉེས་ཀྱི་དབྱེ་བ་འབྱེད་དུ་ང་ཚོ་བོད་ཕྱི་ལོག་པས་བཤམ་དགོས། བྱེད་ལས་འདི་ཚོ་མ་རིག་མ་གོ་མདོག་མདོག་གི་བཞག་ན་དད་ལྡན་མི་མང་གིས་ཅི་བྱེད། བླ་རུང་བླ་མ་གཅིག་གཉིས་ཞིག་གི་ཁ་རྒྱབ་ཁ་དབང་གནོད་དོགས་ཀྱིས་བཞག་ན་ཡོང་གི་མ་རེད།
དགྱ་དམར་ཚང་གིས་ཅི་བྱས་ལ་ལས་འབྲས་འཁོར་བའི་རྣམ་སྨིན་ཤར་བར་ཤོག
དཔལ་སྤུང་ཐུབ་བསྟན་ཕུན་ཚོགས་ཀྱིས་དགེ་བཅུའི་ཁྲིམས་ལ་རྒོལ་བས་སྤྱི་ཚོགས་ཀྱི་ཟིང་ཆ་ཆེ་རུ་བཏང་བ་གསེར་རྟའི་ཕྱོགས་ཡོངས་ལ་གྲགས། བླ་རུང་ལ་ཁ་དམག་རྒྱག་མཁན་གྱི་སྒོ་ཕྱེས་པ་ཡང་བདེན་པ་རེད། དེས་རྐྱེན་བྱས་བླ་རུང་སྒར་ལ་སྤྱི་ཚོགས་ནས་གཏམ་ངན་རྒྱུན་དུ་བྱུང་། ཐུབ་ཕུན་རེ་བ་ཆེ་བའི་བོད་ཀྱི་ཤེས་ཡོན་པ་རྒན་པ་ཞིག་ཡིན་པས་ཚིག་རེ་གཉིས་ཀྱང་སྤྱི་ཚོགས་ལ་བརྡབ་སིག་གཏོང་ཐུབ་པ་བཤད་མ་དགོས། ཐུབ་ཕུན་ཁོ་ཁ་ནས་ལྷག་བསམ་རྐྱང་པ་བཤད་མཁན་དང་། བོན་ལ་དགའ་མཁན། བོད་ཞེན་ཡོད་མདོག་སྟོན་མཁན་ཡིན་པས་བོད་ཞེན་མཁན་རྗེས་འབྲང་མི་ཉུང་པ་ཡོད། ཀུན་སློང་སུས་ཤེས། བདེན་པ་ཡིན་ན་མངོན་པར་བསྟོད། ལག་ལེན་ཐད་མངོན་ལྐོག་གི་སྐད་ཆ་པེ་ཅིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ཡོངས་སུ་གྲགས། བདེན་རྫུན་དངོས་གནས་བཤད་དཀའ། ཕྲག་དོག་ཡང་ཡིན་སྲིད། ཕྲན་ཀྱངསྔོན་ཆད་ཁོའི་རྩོམ་ལ་དགའ་ཞིང་རྒྱབ་སྐྱོར་བྱེད་མཁན་ཡིན། བཤད་པ་མང་ཆེ་བར་གནད་ཡོད་དོན་ཁེལ་ཡང་རེད། རྗེས་སུ་རྒྱ་བོད་ཀྱི་མི་བཅུ་གྲངས་ཤིག་གི་རིམ་པ་ཅན་གྱི་སྐད་ཆ་ལས་འཕྲོས་པ་དང་། བགྲོ་གླེང་མིན་པར་ཚིག་མཚོན་ཕྱར་ཏེ་དགེ་བཅུ་དང་། རྩིས་ཀྱི་དགག་ལན། བསྡུས་གྲྭའི་སྐོར་། སློབ་མ་འགའ་ཞིག་བླ་རུང་ལ་བཏང་སྟེ་རྩོད་པ་བྱས་པ་དང་། ཟུར་ཟ། བརྙས་གཏམ་མང་པོ་ཞིག་བྱས་པས་རྐྱེན་བྱས་༼ཚུལ་ཁྲིམས་བློ་གྲོས་ཀྱི་བསྡུས་གྲྭ་དགོས་མིན་གྱི་གླེང་གཞི་འབྱུང་རྐྱེན༽རྩོད་པ་ལྷུར་ལེན་པ་ཞིག་རེད་སྙམ་པ་དང་། གཞི་ནས་དོགས་པ་ཆེན་པོ་ཞིག་སྐྱེས་ནས་ཡོད་ཀྱང་། ཁོའི་རྣམ་དཔྱོད་ལ་ད་དུང་གུས་པ་ཡོད། ད་རེས་ཁོ་ལ་ལྷག་བསམ་ཅི་འདུག་ལྟ། ཞིབ་ཕྲ་བཤད་མི་དགོས་པ་མཁྱེན། ལེགས་ཕྱོགས་ནས་བཤད་ན་ཐུབ་ཕུན་ཁོས་སྐད་ཆ་གནད་ཡོད་ཅིག་བཤད་པ་ནི། ༼བོད་མི་རིགས་དང་ཆོས་ལུགས་ལ་དཀའ་ངལ་ཞིག་འཕྲད་དུས་བདེན་རྩོད་མཁན་དེ་བོད་ཀྱི་ལས་བྱེད་པ་རྒན་པ་དེ་ཚོ་མ་གཏོགས་མི་འདུག དཔེར་ན། དམར་དམག་རྒན་པ་བཀྲ་ཤིས་དབང་ཕྱུག འབའ་པ་ཕུན་ཚོགས་དབང་རྒྱལ། ཡར་གླིང་རྡོ་རྗེ། འཇམ་དཔལ་རྒྱ་མཚོ་ལྟ་བུ་རེད། བོད་ཀྱི་བླ་སྤྲུལ་མཁན་གསུམ་རྣམས་ལས་པཎ་ཆེན་རིན་པོ་ཆེ་ཕར་ཕུད་འཕྲོས་བོད་ཀྱི་བདེ་སྡུག་གི་ཆེད་དུ་བདེན་དོན་རྩོད་ལེན་བྱེད་མཁན་གྱི་བླ་སྤྲུལ་མཁན་གསུམ་ཞིག་ད་བར་མཐོང་མ་བྱུང་བ་འདི་ལའང་ང་ཚོས་ཞིབ་འཇུག་བྱ་འོས་པ་ཞིག་རེད། །༽ཅེས་བཤད་འདུག།མ་གཞི་ཁོ་ལ་སྐྱོན་བརྗོད་བྱེད་པའི་འདོད་པ་མེད། ངས་བཤད་ཤོར་བ་ཡང་ནོར་འཁྲུལ་ཅིག་ཡིན། ཁའི་མཚན་ནས་དྲངས་པ་མ་ལེགས། དགོངས་དག་ཞུ། བོད་མི་རེའི་ཁ་ན་སྐྱོན་རེ་ཡོད་ཀྱང་། བོད་ཀྱི་མཁས་པ་རྒན་པ་ཚོའི་གདོང་ལ་དེ་དག་བགོ་མི་རུང་། བརྩི་བཀུར་དགོས། ཐུར་དུ་འཐེན་མི་རུང་། ལེགས་པའི་ཆ་དམིགས་ཀྱིས་བཀར་ཏེ་རྒྱབ་ནས་སྐྱོར་དགོས། ངའི་སྐད་ཆ་ལས་འཕྲོས་ཏེ་ཁོ་ལ་སྐྱོན་བརྗོད་མི་བྱེད་པའི་རེ་བ་ཡོད། དེ་བཞིན་ཁོའི་ནུས་ཤུགས་འདོན་པའི་རེ་བ་རྫོགས་མེད།
་་་་་་་་པཎ་ཆེན་རིན་པོ་ཆེ་ཕར་ཕུད་འཕྲོས་བོད་ཀྱི་བདེ་སྡུག་གི་ཆེད་དུ་བདེན་དོན་རྩོད་ལེན་བྱེད་མཁན་གྱི་བླ་སྤྲུལ་མཁན་གསུམ་ཞིག་ད་བར་མཐོང་མ་བྱུང་་་་་་་་་་
བོན་རྒྱ་ཟེར་བའི་ཁྱི་རྒན་དེ་ནི་དང་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཕྱིར་ཕུད་བཏང་། དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཕྱིར་ཕུད་བཏང་། དེ་རྗེས་རྡ་རམ་ས་ལའི་ནོར་གླིང་དུ་བསྡད་སྐབས་ཁ་སོས་དང་མི་སོས་ཀྱི་མཚམས་སུ་སླེབས་པ་རེད། དེ་སྐབས་བོན་རྒྱ་རང་ཉིད་དང་ཕ་ཡུལ་གཅིག་པ་ཞིག་གིས་བོན་རྒྱ་ལ་སྙིང་རྗེ་བལྟས་ཏེ། འདུག་ས་ཁང་པ་དང་། བཟའ་བཏུང་ཆ་ཚང་རོགས་པ་བྱས་ཀྱང་། མཐའ་མ་དེར་བོན་རྒྱས་རང་ཉིད་ལ་བཀའ་དྲིན་ཅན་གྱི་ཕ་ཡུལ་གཅིག་པའི་གྲོགས་པོ་དེའི་བཟའ་ཟླ་ཡང་ཕྲོགས་སོང་བ་རེད། དེར་བརྟེན་བོན་རྒྱ་ནི་ག་དུས་ཡིན་ན་ཡང་རང་ཉིད་ལ་བཀའ་དྲིན་ཆེ་བ་ཀུན་ལ་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་མི་ངན་གྲིབ་ནག་ཅིག་དང་། མི་ཁ་ནག་ཅིག་རེད། དེར་བརྟེན་སུ་ཡིན་ཡང་མི་ངན་འདི་རིགས་ཀྱི་ཁ་ལ་མི་ཉན་རྒྱུ་གལ་ཆེན་རེད།
བོན་བརྒྱ་བསྟན་འཛིན་རབ་རྒྱས་ཀྱིས་བླ་རུང་སྒར་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྩོམ་ཡིག་འདི་སྤེལ་བ་ལ། རྗེས་སུ་ཡི་རང་བྱེད་རྒྱུ་ཕར་ཞོག་དྲྭ་གྲོགས་ཁ་ཤས་ནས་ཚིག་ངན་སྨྲ་གྱིན་འདུག འདི་ནི་དངོས་གནས་དྲིན་ཆེན་ལ་དྲིན་ལོགས་ཟེར་བ་དེ་རེད། མཁས་དབང་དྲི་མེད་ལྷག་བསམ་ལགས་ཀྱི་མཆན་ལ་དཔག་ན། བླ་རུང་སྒར་གཏོར་བ་ལ་བླ་མ་དང་དགོན་སྡེ་ཁ་ཤས་དགའ་བཞིན་ཡོད་ཚོད་རེད། བླ་རུང་སྒར་ནས་མཁས་དབང་མང་བོ་ཞིག་བསྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པས། དེ་ལ་མི་དགའ་མཁན་ཞིག་ཡོད་ན་བདུད་དུ་སེམས་སོ། རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་ལ་ཚོད་འཛིན་བྱེད་ཀྱིན་ཡོད་པ་དེ་ནང་ཆོས་གཏན་མེད་དུ་བཟོ་རྒྱུ་དམིགས་ཡུལ་ཉག་གཅིག་དེ་རེད། །
ང་དགེ་ལུགས་པ་ཡིན་ཟེར་གྱི་མེད་ལ་བོན་པོ་ཡང་ཡིན་ཟེར་གྱི་མེད། ཡིན་མའོ་ཡི་གསུང་རྩམ་ནང་དུ། མཐོ་ཞིང་རིང་ན་གས་ཆག་ཡོང་བ་སླ། ཆེ་ཞིང་བཙན་ན་ཉམས་རྒུད་འགྲོ་བ་སླ་ཟེར་བ་དེ་ལོས་བདེན་བསམ་སོང་། རྗེ་རིན་པོ་ཆེའི་ལམ་རིམ་ལ་སྐྱོན་བརྗོད་འབའ་ཞིག་བྱས་རྗེས། བོན་པོ་ལ་ཡང་དེ་བཞིན་བྱས། མང་ཁ་རུབ་ན་འབྲང་ཁྱི་ཡི་ཟ་ཟེར་བ་དེ་རེད་ཡ། ད་དེང་སང་ལམ་རིམ་ལ་ཁ་གཏོང་བསྡུས་གྲྭ་མི་དགོས་ལབ་ཡ་དུས་ཚོད་ཡོད་ཀྱི་མེད་བསམ།
ང་རང་རྒན་ཐུབ་ཕུན་དང་མཁན་ཚུལ་བློ་གཉིས་ཀ་ངོ་ཤེས་ཡིན།
དྲ་གྲོགས་རླུང་ཐོག་ལ་ཞུ་རྒྱུར། མཁན་ཚུལ་བློས་ལམ་རིམ་ལ་ཁ་བཏང་བ་རྩ་བ་ནས་མ་རེད། ཁོང་ད་རེས་ཨ་རིར་ཕེབས་སྐབས། ཝ་ཤིང་ཀྲོན་གྱི་འབྲི་གུང་ཆོས་ཚོགས་ལ་ཉིན་གཅིག་རིང་ལམ་གཙོ་རྣམ་གསུམ་ཁྲིད་སོང་། མཁན་ཚུལ་བློ་རྙིང་མའི་མཁན་པོ་གཞན་དང་མི་འདྲ་བར་དམིགས་བསལ་དགེ་ལུགས་པར་འབྲེལ་བ་ཡོད་པ་ནི། ཁོང་གི་ཁྱིམ་ཚང་རྒྱབ་ལྗོངས་དགེ་ལུགས་པ་ཡིན་པ་དང་། གཉིས་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་རྒྱ་གར་ལ་ཕེབས་ནས་རྒྱལ་དབང་རིན་པོ་ཆེ་མཇལ། དགེ་ལྡན་པའི་ཆོས་རྒྱུད་དང་མན་ངག་མང་པོ་བསན་ཡོད། དེ་དག་ཚང་མ་མཁན་པོ་འཇིགས་ཕུན་གྱིས་མཁན་པོ་ཚུལ་བློར་གནང་ཡོད།
ཐུབ་བསྟན་ཕུན་ཚོགས་ཆོས་བརྒྱུད་ཀམ་ཚང་རེད། ཁོང་གི་ཁྱིམ་རྒྱུད་ཀྱི་བླ་མ་འཇམ་མགོན་ཀོང་སྤྲུལ་རེད། ཤིན་དུ་ནས་རིས་མེད་ཉམས་ལེན་མཐར་གསོན་པའི་བླ་མ་ཞིག་རེད། ཀོང་སྤྲུལ་གྱི་ཤུགས་རྐྱེན་ལྟ་བུས་ཐུབ་ཕུན་ཡང་བོད་རྒྱུད་བསྟན་པ་སྤྱི་དང་ལྷག་པར་བོན་གྱི་རིག་གཞུང་ལ་དོ་སྣང་ཆེན་པོ་རེད། ཁོང་ཀམ་ཚང་གི་རྒྱུད་པ་ཡིན་པ་ལ། རྩ་བའི་བླ་མ་རྙིང་མའི་ད་ལྟ་ཨི་ཊ་ལིར་བཞུགས་པའི་ནམ་མཁའི་ནོར་བུ་རིན་པོ་ཆེ་རེད། རྙིང་མར་ཤིན་དུ་ནས་བཞེན་ཁོག་དང་བརྩི་མཐོང་ཆེ་བའི་མཁས་པ་ཞིག་རེད། བླ་རུང་ལ་ཆོས་ལུགས་ཐོག་ནས་རྒོལ་མི་སྲིད་པ་རེད།
གནས་ཚུལ་ཞིབ་ཕྲ་འདི་ཡིན།
བསམ་ཤེས་་ལགས་འགྲེལ་བཤད་གནང་བ་བཀའ་དྲིན་ཆེ་ཞུ། ང་༢༠༡༠་ལོར་མཁན་འཇིགས་མེད་ཕུན་ཚོགས་མཇལ་ཁ་གསེར་རྟག་ལ་འགྲོ་མྱོང་ཡོད། ལོ་དེར་ཁོང་སྐུ་མྱ་ངན་ལ་འདས་སོང་བ་རེད། ཡིན་ཡང་ཚུལ་བློ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་དང་རྩ་བ་ནས་མི་འདྲ་བ་ཞིག་རེད། རྗེ་རིན་པོ་ཆེའི་ལམ་རིམ་དང་བོན་ལུགས་ལ་སྨ་འབེབས་བྱས་པའི་སྒྲ་ཕབ་ཡང་དྲ་ལམ་གང་མང་ཞིག་རྒྱུད་ནས་མཐོང་བཞིན་པ་འདི་རེད། དེའི་མ་ཚད་ངས་གོ་ཐོས་ལྟར་ན་བོན་གྱི་དགོན་པ་ཆེ་པོ་ཞིག་ཨ་མདོ་ལྔ་པའི་ནང་ཡོད་སྐད་འདུག། དེ་དང་ཚུལ་བློ་གཉིས་ཡིག་ངག་གཉིས་ཐོག་ནས་རྩོད་གླེང་འབའ་ཞིག་བྱས་སྐོར་གོ་ཐོས་བྱུང་། དགེ་ལུགས་པའི་བླ་གྲ་འགའ་ཞིག་གིས་སྐད་འཕྲིན་རྒྱུད་ལམ་རིམ་དང་འབྲེལ་བའི་ཚུལ་བློ་སྐྱོན་བརྗོད་ཀྱི་སྒྲ་སྒམ་མང་པོ་གཏོང་བཞིན་འདུག། དེ་དག་རྒྱུ་སྐྱེན་རྩ་བ་ནས་མེད་པ་ཞིག་རེད་མི་འདུག་ལགས།
རང་ལུགས་འཐད་ཚུལ་དང། གཞན་ལུགས་མི་འཐད་པའི་ཚུལ་གྱིས་སྒོ་ནས་ལྟ་གྲུབ་གཏན་ལ་འབེབས་པ་མཁས་པ་སྤྱི་ཡི་ལུགས། དེ་ལ་རིགས་པས་དྲངས་པའི་དགག་པ་ཚད་ལྡན་ཞིག་ཡོད་ན་ཡིན་ན་ཐང། དེ་མིན་སེང་གེ་འགྱིངས་སྟབས་བྱེད་སར་ཁྱི་རྒན་ངུ་ཟུག་བཏོན་པ་དང་ཅི་མི་འདྲ།