གནས་ཚུལ་གཏོང་མཁན། བསྟན་པ་དར་རྒྱས།
གསེར་རྟ་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ།
གསེར་རྟ་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་ནི། བོད་ཁུལ་དུ་གཞི་རྒྱ་ཆེས་ཆེ་ཞིང་གྲྭ་བཙུན་སྔགས་གསུམ་གྱི་གྲངས་འབོར་ཆེས་མང་པའི་ནང་པའི་ཆོས་སྡེ་ཞིག་ཡིན། ཉེ་ཆར་རྒྱ་གཞུང་གིས་བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན། སློབ་ཕྲུག་བཅས་ཀྱི་གྲངས་འབོར་ ༥༠༠༠ ལ་ཚོད་འཛིན་ཐོག གྲྭ་བཙུན་མང་པོ་ཕྱིར་འབུད་དང་གྲྭ་ཤག་མང་པོ་གཏོར་བཤིག་དགོས་པའི་དོན་ཚན་བརྒྱད་ཅན་གྱི་ཡིག་ཆ་ཞིག་འགྲེམས་བསྒྲགས་བྱས་འདུག དེ་སྔོན། ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་དུ་གྲྭ་ཤག་མང་པོ་བཙན་གྱིས་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་ཡོད་བར་བརྟེན་ནས། བཙུན་མ་རེ་ཟུང་རང་ཤི་བརྒྱབ་དང་གྲྭ་བཙུན་མང་པོ་སེམས་སྡུག་གིས་མནར་ཏེ་འདས་གྲོངས་ཕྱིན་པ་དང་། སེམས་ཁམས་ཐང་པོ་མེད་པ་ཆགས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། རྗེས་སུ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་རྒྱ་ནག་གི་སྨན་ཁང་ནང་གནས་ཚུལ་གསལ་ཁ་མེད་པའི་སྒོ་ནས་འདས་གྲོངས་ཕྱིན་ཡོད་པ་རེད།
ད་ལོ་ཡང་ཟླ་༧ ཚེས་༢༠ ཉིན་ནས་མགོ་བཙུགས་ཏེ་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་ཡོངས་སུ་འགལ་བ་མ་ཟད་རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་སུ་གསལ་བའི་ཆོས་ལུགས་དད་མོས་རང་དབང་ཟེར་བ་དེ་ཡང་ཁ་བཤད་ཙམ་ལམ་ལག་ལེན་ཏུལ་འབྲུ་ཙམ་ཡང་མེད་པ་དེ་ར་སྤྲོད་གསལ་པོ་བྱས་ཡོད། འདི་ལྟར་ཉམ་ཆུང་གི་མི་རིགས་ཞིག་ལ་བཙན་ཤེད་ཀྱི་མཐོང་ཆུང་དང་མནར་བཅོད་ཚད་ལས་སྒལ་སོང་ན་འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་གཙུག་ཏུ་བཀུར་མཁན་གྱི་རྒྱལ་སྤྱི་དབུ་ཁྱིད་རྣམས་ཀྱིས་བདེན་པའི་རྒྱབ་ལངས་བྱ་ཡོང་བའི་ཡིད་ཆེས་བྱེད་ཀྱིན་ཡོད།
ད་སྐབས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཚོར་སེམས་ཁྲལ་ཧ་ཅང་ཆེན་པོ་ཡོད་ན་ཡང་བཟོད་སྲན་ཁོ་ན་བྱས་པ་ལས་གཞན་ཐབས་ཤེས་གང་ཡང་མེད་པར་འགྱུར་ཡོད། འགྲོ་བ་མིའི་རང་དབང་གི་ཆེད་དུ་ཅི་ཡང་གཏོང་ཕོད་པའི་རླབས་ཆེན་གྱི་དབུ་ཁྲིད་རྣམས་ཀྱིས་འདིའི་སྐོར་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསར་པོ་ཞིག་གཏོང་རྒྱུའི་རེ་བ་སེམས་གཏིང་ནས་ཞུ་བཞིན་ཡོད།།
ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ནས།
ཕྱི་ལོ་༢༠༡༦ ཟླ་ ༧ ཚེས་༢༧ དགོང་མོའི་ཆུ་ཚོད་༤:༠༠ ནས་༦:༠༠ བར་དུ་སྤེལ།
༅༅། གཏོར་སོང་གཏོར་སོང་ཆོས་ཀྱི་ལྟེ་གནས་གཏོར་སོང་།
བཤིགས་སོང་བཤིགས་སོང་དགོན་པ་གྲ་ཤག་བཤིགས་སོང།
སྐྱོ་སོང་སྐྱོ་སོང་སེམས་གཏིང་ནས་སྐྱོ་སོང།
བཞག་སོང་བཞག་སོང་ཞབས་འདྲེན་གོ་ལར་བཞག་སོང།།
ངོ་ཚ་ངོ་ཚ་འཛམ་གླིང་ཡོངས་ལ་ངོ་རེ་ཚ།
བཤད་སོང་བཤད་སོང་སྐྱག་རྫུུན་ཤ་སྟག་བཤད་སོང།
སྙིང་རྗེ་སྙིང་རྗེ་ཆོས་མེད་ཀླ་ཀློར་སྙིང་རང་རྗེ།