རྩོམ་པ་པོ། སྒྲེན་པོ།
བོད་ཡིག་བཀོལ་དགོས། བོད་སྐད་བཤད་དགོས། བོད་ལྭ་གྱོན་དགོས། བོད་གླུ་ལེན་དགོས། བོད་བྲོ་འཁྲབ་དགོས། རྩོམ་རིག་བརྩམས་ཆོས་ལ་མར་དྲི་དང་རྩམ་དྲི་བྲོ་དགོས། འགྱུར་རྩོམ་ཡོད་དོ་ཅོག་བོད་ཀྱི་བརྡ་སྤྲོད་པའི་ཆོས་ཉིད་དང་མཐུན་དགོས། བྱིས་གཉོར་ཁང་ནས་བཟུང་བྱིས་པའི་འདུ་ཤེས་ཀྱི་ངོར་བོད་སྐད་ཀྱི་བག་ཆགས་འཇོག་དགོས་པ་ལ་སོགས་པའི་སྐད་ཆ་མགོ་མ་ཚོས་པ་མང་པོ་བོད་མི་ཚོའི་ཁ་ལ་དུས་རྒྱུན་ཐོགས་ཐོགས་ལ་ཡོད། སྐད་ཆ་ཆོ་མེད་བཤད་མཁན་འདི་དག་ཀྱང་དམངས་ཕལ་བ་ཚོ་མ་ཡིན་པར། འདི་དག་ལབ་རྐྱང་བྱེད་མཁན་ཚོ་ནི་བོད་ཀྱི་བླ་གྲྭ་སོ་སོའི་མཁན་པོ་དང་བླ་སྤྲུལ། སློབ་ཆེན་ཁག་གི་སློབ་དཔོན་ཆེན་མོ་ཚོ། སྒྱུ་རྩོམ་གཉེར་མཁན་གྱི་ཡི་གེ་བ་སོགས་རིག་གནས་ཀྱི་སྡིངས་ཆ་ན་འགྱིང་བའི་ཆེར་རློམ་པ་དག་ཡིན།
ཁོ་ཚོས་འདི་ལས་གན་མ་ལས། འདི་བདེན་གན་རྫུན། འདི་དགེ་གན་སྡིག འདི་ཡག་གན་མི་ཡག འདི་ཚད་མ་གན་ལོག་ལྟ། འདི་ཆོས་གན་སྲིད། འདི་ཁྲིམས་གན་སྲོལ་ལྟ་བུ་གོང་མའི་བཀའ་ཡིག་ལྟ་བུ་ཞིག་བསྒྲགས་ཞོར། སྐད་ཆ་ཆོ་མེད་མང་པོ་མི་རིགས་ཞེས་པའི་ཞེན་པ་ཞིག་ལ་བཅོལ་ནས་བཤད་རྐྱང་བྱེད་ཀྱིན་ཡོད།
ཁོ་ཚོར་མཚོན་ན་སྐད་ཆ་ཚིག་གཅིག་བཤད་པ་དང་མཆིལ་ཞག་ཐེངས་གཅིག་འཕངས་པ། ཕྱི་ས་ཐེངས་གཅིག་འདོར་བ། རྐང་རྡུལ་ཐེངས་གཅིག་གཏོར་བ་ཡན་ཆད་མི་རིགས་ཀྱི་ཆེད་དུ་མིན་པའི་ངེས་པ་ཁྱོན་ནས་མེད། བོད་ཡིག་དོར་ཐུང་དང་འདྲུད་ལམ་གྱི་སྟེང་བྲིས་ནས་བཀོལ་བ་མཐོང་མ་ཐག ཁོ་ཚོའི་དོག་བཅུམས་ཀྱི་བློ་ཁོག་ནས་བོད་ཡིག་བཀོལ་བར་གེགས་བྱེད་པའི་སྐད་ཆ་མདོ་མེད་མང་པོ་ཐོན་ངེས། བོད་ཡིག་བཀོལ་སྤྱོད་བྱས་ན་ཁོ་ཚོར་བཤད་རྒྱུ་མང་ལ་བོད་ཡིག་མ་བཀོལ་ནའང་བཤད་རྒྱུ་མང་། ཁོ་ཚོས་བོད་ཡིག་བཀོལ་ན་ཡིག་ནོར་ཡོད་མི་ཆོག བོད་ཡིག་བཀོལ་ན་ཆོས་ལུགས་དང་འགལ་མི་ཆོག བོད་ཡིག་བཀོལ་ན་བོད་སྐད་ཀྱི་གདངས་མ་ནོར་བ་དང་འགལ་མི་ཆོག་ལ་སོགས་པའི་བཅས་ཁྲིམས་ཤིག་ཀྱང་འཛུགས་ངེས། ཁོ་ཚོས་དེང་སྐབས་བོད་ཡིག་གི་སྤྱོད་རྒྱ་ལ་བསམ་གཞིག་ཁྱོན་ནས་བཏང་མྱོང་མེད། དེང་སྐབས་བོད་ཡིག་ནི་སྒྱུ་རྩལ་རྩོམ་རིག་གཉེར་བྱེད་ཅིག་དང་གསར་འགྱུར་ལོ་ཙྭ་བྱེད་སྤྱད་ཅིག རིག་གཞུང་དཔྱད་རྩོམ་འབྲི་བྱེད་ཅིག་ལས་ཅི་ཡང་མི་ལོ་བ་ཚོར་གྱིན་མི་འདུག
བོད་ཡིག་གི་སྐད་ཁོངས་ཆེར་བསྐྱེད་གཏོང་བར་ཅིས་ཀྱང་མི་རིགས་གཞན་གྱི་རིག་གཞུང་གསར་བ་དང་ལྟ་གྲུབ་གསར་བ། བརྩམས་ཆོས་གསར་བ་གང་མང་ཚུར་རང་སྐད་དུ་བསྒྱུར་དགོས། རང་སྐད་དུ་བསྒྱུར་བའི་གོ་རིམ་ཁྲོད་དུ་ཐ་སྙད་གསར་བཟོ་དང་ཐ་སྙད་གཡར་མ། ཐ་སྙད་ནང་འདྲེན་གྱི་ཆ་སོགས་མང་པོ་རང་གི་སྐད་ཆའི་ཁྲོད་ཐོན་ནས་སྐད་ཁོངས་སྔར་ལས་སྣ་མང་ཕུན་ཚོགས་སུ་འགྱུར་བ་གདོན་མི་ཟ་ནའང་། ཁོ་ཚོས་གཞན་རྩོམ་རྡོག་ལི་གཅིག་ཀྱང་རང་སྐད་ཀྱི་ངོར་བསྒྱུར་ནས་སྐད་ཁོངས་བསྐྱེད་པར་བྱས་རྗེས་ཏིལ་ཙམ་ཡང་མི་འཇོག་པར། རང་གི་རིག་གཞུང་གྲུབ་འབྲས་དང་བརྩམས་ཆོས། བསམ་བློ་ཉི་ཚེ་བ་དག་ཕར་རྒྱ་ཡིག་ཏུ་བསྒྱུར་ནས། རྒྱ་མི་ཚོར་རིན་མེད་ཟ་རྐྱང་གི་ཞབས་འདེགས་ཡིད་ཚིམ་པ་ཞིག་བྱེད་ཀྱིན་ཡོད། རྒྱའི་རིག་གཞུང་དང་དཔལ་འབྱོར་གྱི་ཆུ་ཀླུང་ཆེན་པོའི་ཁྲོད་ནས་རང་ལ་གོ་ས་བཙལ། རང་ལ་མིང་གྲགས་བསླངས། རང་ལ་སྐྱབས་བཙལ་རྐྱང་ལས། བོད་ཡིག་བཀོལ་དགོས་ཟེར་བ་ཤོབ་ཁྱིམ་ནས་གཏམ་རྗེས་ཤོབ་རྔ་སྒོ་ཁ་ནས་ཤོར་བའི་ངང་ཚུལ་སྟོན།
ཁོ་ཚོར་མཚོན་ན་བོད་ཡིག་བཀོལ་དགོས་ཞེས་གདམས་པ་ནི་ཁ་གཡང་ཙམ་སྟེ། བོད་མིའི་ཁྲོད་ནས་རང་གི་ཁ་ངོ་དང་གོ་ཐོབ་སྲུང་བྱེད་ཅིག་ལས་ཅི་ཡང་མིན། ཁོ་ཚོས་ཁ་ནང་ལ་འཁོར་ནས་བོད་ཡིག་བཀོལ་དགོས་ཟེར་ལ། རང་་གི་ལས་གནས་དང་ཚོགས་འདུ་ཆེ་མ་ཆུང་གསུམ་གྱི་སྟེང་ནས་བོད་ཡིག་བཀོལ་བར་སྙིང་རྩ་འདར། དངོས་གནས། ང་ཆེས་སྙིང་ལངས་པ་ནི་ཁ་ལག་དོ་མི་མཉམ་པའི་བོད་ཀྱི་ཡི་གེ་བ་དག་ཡིན་ལ། ཆེས་སྙིང་རྗེ་སྐྱེས་ཡུལ་ནི་བོད་ཀྱི་དམངས་ཕལ་བ་རྣམས་ཡིན། བོད་དམངས་ཕལ་བ་ཚོ་དངོས་གནས་སྙིང་རྗེ་བ་ལ། ཆེར་རློམ་པ་དག་གིས་བོད་མི་ཚོའི་ངོར་བལྟས་བལྟས་ལ་རྫུན་བཤད། མགོ་གཡོག སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད། སྙིིང་རེ་རྗེ། བོད་ཀྱི་མང་ཚོགས། ངོ་རེ་ཚ། བོད་ཀྱི་ཆེར་རློམ་པ་དག ད་ནི་མི་རིགས་ཞེས་པའི་སྐད་ཆ་ཚོན་པོ་ཁ་ནང་དུ་ཐོགས་ཐོགས་ལ་ཡོད་པའི་མི་དེའི་རིགས་ལ་དངོས་གནས་དྲང་གནས་སུན་གི
སྒྲེན་པོས་སྦྱར།
སྐད་ཅ་རྫིག་པོ་དེ་འདྲ་བཤད་ཕོད་སར་རང་མིང་དངོས་སུ་འདོན་མི་ཐུབ་པ་དེ་ཅི་ལ་ཐུག་སོང་ངམ། གང་ལྟར་འགན་ཁུར་མི་ཐུབ་པའི་གཡོ་རང་ལས་མ་འདས་ཨང་་་་་་་་
ཏྲེ་ཧོར་བྱམས་པ་རིན་ཆེན་ཁྱོད་སྙིང་རྗེ། མི་འདིས་སྦྲང་ཆར་རྩོམ་རིག་བྱ་དགའ་ལེན་དུས་ཀྱང་གདོང་དངོས་སུ་བསྟན་ནས་མི་མང་གི་མདུན་ལ་ལངས་འདུག་ཀྱང་། མཚན་ནི་སྒྲེན་པོ་རང་བཀོད་འདུག
སྐད་ཡིག་ལ་སྒྱུར་བ་དང་། ཁ་གསབ། གསར་གཏོད་མེད་ན། སྐད་ཡིག་དེ་ཤི་རོ་ཞིག་རེད། ངེད་ཚོའི་སྐད་ཡིག་གི་ཁྱབ་ཁོངས་ནི་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ། ཁྱོད་སྐད་ཡིག་འདི་ལ་ངོ་མ་ཤ་ཚ་ན། སྐད་ཡིག་འདིའི་ཞན་ཆ་དེ་ལ་ཞིབ་འཇུག་ཡག་པོ་བྱས་ནས་དེ་དག་བཅོས་སྒྱུར་བྱེད་དགོས། དེ་མིན་སྔ་རྗེས་མ་གཏོགས་སྐད་ཡིག་འདི་གཡུག་དགོས་ཐུག ཁྱེད་མ་བརྗེད་ཨང་། སྔོན་མ་བོད་པ་ཚོར་བོད་ཀྱི་སྐད་ཡིག་བདག་པོ་མ་བརྒྱབ་ན་གཞན་ལམ་ཁ་མེད། ད་ལྟ་ངེད་ཚོར་རྒྱ་ཡིག་དང་། དབྱིན་ཇི། དེ་བཞིན་རྒྱ་གར་གྱི་སྐད་སོགས་གདམ་ཁ་གཞན་ཡོད་ལ། ལྟོ་གོས་ཀྱི་དབང་དུ་བཏང་ན། བོད་ཡིག་ལ་རེ་བ་དང་ཕན་ཐོགས་མེད། མི་ཞིག་གི་ལས་འགན་དང་པོ་དེ་སྐད་ཡིག་སྲུང་སྐྱོབ་མ་རེད། ལྟོ་གོས་ཐག་གཅོད་བྱེད་དགོས། བོད་ཡིག་གིས་བོད་མི་དམངས་ལ་ལྟོ་གོས་སྦྱིན་ཐུབ་ཀྱི་མེད། ལྟོ་གོས་ལ་རྒྱ་ཡིག་དང་དབྱིན་ཇི་བཀའ་དྲིན་ཆེ་བ་ཆགས་ཡོད།
ང་ཚོས་བོད་ཡིག་བདག་པོ་རྒྱག་དགོས་པ་དེ་བཞེན་ཆགས་དང་བོད་པ་ཡིན་པའི་ལ་རྒྱ་ཙམ་ལས་གཞན་བོད་ཡིག་མ་ཤེས་ན་ལྟོ་གོས་ལ་གྱོང་ལྟ་ཅི། དེའི་ཚབ་ལ་རྒྱ་ཡིག་དང་དབྱིན་ཇི་ཤེས་ན་ལྟོ་གོས་ལ་ནུས་པ་ཆེ་བ་ཡོད། བོད་ནང་ལ་འཚོ་བ་ལེགས་པ་དང་། སློབ་གསོ་ལེགས་པ། གོ་སྐབས་བཟང་བ་ཐོབ་པ་དེ་ཚོ་བོད་ཡིག་ཤེས་ཀྱི་མེད། རྒྱ་ཡིག་ཤིན་དུ་བྱང་བས་སོ། ཨ་རི་དང་རྒྱ་གར་ལ་ཡང་འཚོ་བ་བཟང་བ་དང་། མདུན་ལམ་ཆེ་བ་རྣམས་དབྱིན་ཇིའི་སྐད་ཡིག་གིས་སྤྲད་ཡོད།
དེ་ལ་བསམ་གཞིགས་བྱས་ནས་ལྐུགས་པའི་རང་རྟགས་མ་བསྟན་པར་སེམས་རྣལ་ལ་ཕབ་ནས་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་དང་། དེ་བཞིན་ཉེར་གཉིས། ཉེར་གསུམ་ལ་འཁྱོལ་ཐུབ་པའི་བསམ་བློ་བཏང་ནས་སྐད་ཡིག་དེའི་ཞན་ཆ་རྣམས་ལ་བསམ་གཞིགས་ནན་པོས་རྒྱ་ཡིག་དང་དབྱིན་ཇིའི་མཉམ་དུ་འདྲ་མཉམ་བཞུགས་ཐུབ་པའི་འབད་བརྩོན་བྱས་ན་ལེགས།
དབྱིན་ཇི་དང་རྒྱ་སྐད་ལ་བསྡུར་ན། བོད་ཡིག་ནི་ཕྲུ་གུ་ལོ་བརྒྱད་ཙམ་གྱི་ནུས་པ་ལས་མེད། ཚན་རིག་ལ་བོད་ཡིག་མི་འགྲོ། དཔལ་འབྱོར་ལ་བོད་ཡིག་མི་འགྲོ། ཆབ་སྲིད་ལ་བོད་ཡིག་མི་འགྲོ། འཚོ་ཐབས་ལ་བོད་ཡིག་མི་འགྲོ། ཆོས་ལ་ཡང་བོད་ཡིག་མི་འགྲོ། རྒྱུ་མཚན་ནི་བོད་པའི་ནང་ཆོས་བྱེད་མཁན་གྱི་རྒྱ་དང་ཕྱི་རྒྱལ་ཚོས་རྒྱ་སྐད་དང་དབྱིན་ཇིའི་ནང་ལ་བོད་པའི་ནང་ཆོས་སྦྱོང་བཞིན་ཡོད། ད་ཆ་རྫོང་གསར་མཁྱེན་བརྩེའི་བཀའ་དྲིན་གྱིས་བཀའ་བསྟན་རྣམས་དབྱིན་ཡིག་ལ་སྒྱུར་བཞིན་ཡོད་པ་དང་རིང་མིན་དེ་དག་དབྱིན་ཇིའི་ནང་ལ་འཐོན་རྒྱུ་སོང་ཙང་། བོད་ཡིག་གི་གོ་སྐབས་ཇེ་གཞན་དུ་སོང་ཟིན།
དེ་དག་བསམ་གཞིགས་ཀྱིས་བོད་ཡིག་ལ་ནུས་པ་གསར་པ་ཞིག་སྤྲོད་ཐུབ་ན་ལེགས། དེ་ལྟར་ཡོང་བར་ཕྱོགས་ལྷུང་དང་ལ་རྒྱ་སྐམ་པོའི་ཁྲོན་མའི་ནང་ལ་མ་བསྡད་པར་མིག་མཐོང་རྒྱ་ཆེ་བའི་རྒྱལ་སྤྱིའི་སྟེགས་བུའི་སྒང་ལ་ཕེབས་ཤོག་ཟེར་བ་ཡིན།
བོད་ནང་ལ་ང་ཚོ་བོད་པ་རྣམས་ལ་ངེས་པར་བོད་ཡིག་དགོས་པའི་ངེས་པ་མིན་འདུག རྒྱ་ཡིག་གིས་འཚོ་བ་དང་རང་མགོ་ཐོན་ཐུབ་ཀྱི་འདུག ང་ཚོར་ངེས་པར་དུ་སྤྱི་སྐད་ཅིག་ཀྱང་དགོས་པའི་ངེས་པ་མེད། བོད་ནང་ལ་རྒྱ་སྐད་དེ་སྤྱི་སྐད་ཡིན་པས་ན། ང་ཚོ་ཆོལ་གསུམ་དབར་ལ་རྒྱ་སྐད་བཤད་ན་དེས་སྤྱི་སྐད་ཀྱི་གོ་ཆོད་ཟིན།
བོད་ཕྱི་ལ་དབྱིན་ཇིའི་སྐད་ཡིག་གིས་གོ་ཆོད་ཟིན། ད་ཁྱོད་ང་ལ་ཤོད་དང་། བོད་སྐད་ཀྱི་ནུས་པ་དང་མེད་དུ་མི་རུང་བའི་ནུས་པ་གང་འདུག དྲི་བ་ཡིན།
ང་ཚོ་རང་གི་ཡུལ་སྐད་ལ་ལ་རྒྱ་དང་བཞེན་ཁོག་ཆེ་བས་སྤྱི་སྐད་ཟེར་ན་ལམ་གསེང་ལྷ་ས་བའི་སྐད་ལ་གོ་ནས་ཨ་མདོ་དང་ཁམས་པ་ཚོས་ད་བར་དེ་བཀག་གང་ཐུབ་བྱས་སོང་། ངས་བལྟས་ན་དེ་འགྲིགས་ཀྱི་འདུག ང་ཚོར་སྤྱི་སྐད་དགོས་མིན་འདུག བོད་ནང་ལ་རྒྱ་སྐད་ཡོད་ཡོད་པ་རེད། ཕྱི་རྒྱལ་ལ་དབྱིན་སྐད་འདུག བྱས་ཙང་ཁྱོད་ཚོ་སེམས་ཁྲལ་མ་བྱེད་ཨང་།
ང་ཚོ་ཆོལ་ཁ་གསུམ་གྱི་བོད་པ་རྣམས་ད་བར་མཐུན་སྒྲིལ་མེད་པ་འདི་སྤྱི་སྐད་མེད་ཙང་མ་རེད། ང་ཚོའི་དབར་ལ་ཡིད་ཆེས་དང་། གུས་ཞབས། རིགས་བཞེན་མེད་ཙང་རེད། སྤྱི་སྐད་དགོས་པའི་ལས་འགུལ་སྤེལ་ན་དེ་བས་ང་ཚོའི་ཐུན་མོང་གི་ཆིག་སྒྲིལ་སྐམ་པོ་དེར་གནོད་པ་ལས་ཕན་པ་མིན་འདུག
ད་དེ་ཙམ་ཡིན།
༅༅། མཁྱེན་པའི་ནམ་མཁའ་ཡངས་ཤིང།།
བྱསམ་བརྕེའི་འདབ་སྟོང་འཛུམ་པ།།ནུས་ལྡན་ཚད་མའི་སྐྱེས་ཆེན།།
སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།