བོད་སྐྱོབ།
ཁ་སང་ཉེ་འགྲམ་གྱི་གྲོགས་པོ་ཞིག་གིས་ཁ་པར་བཏང་ནས་ངོ་དེབ་སྒང་ལ་ལྟོས་དང་། མཁས་དབང་ཆུང་ཚེ་རིང་གིས་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་བགྱིས་པའི་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ཀྱི་སྐོར་ལ་དགོངས་ཚུལ་ཁྱད་མཚར་པོ་ཞིག་གསུངས་འདུག་ཟེར། ངས་ང་ལ་ཆུང་ཚེའི་ངོ་དེབ་མེད། སྔར་ཞིག་ལ་ཁོང་གི་དགོངས་ཚུལ་དང་མི་མཐུན་པའི་བསམ་ཚུལ་འགའ་སྤེལ་བས་ངོ་དེབ་ལས་གཏན་འགོག་བྱས་སོང་། ལྟ་ཐུབ་པ་མི་འདུག་ཅེས་བརྗོད། གྲོགས་པོས། ཏོག་ཙམ་སྒུགས་ཨང་། ནང་ལ་སླེབས་ཡོང་ཟེར། སྐར་མ་བཞི་བཅུ་ཙམ་གྱི་རྗེས་སུ་གྲོགས་པོ་ངའི་སར་སླེབས་བྱུང་། དང་པོ་ལྷོད་ལྷོད་བྱེད་ནས་ཇ་ཞིག་འཐུང་བ་དང་ཕན་ཚུན་ལ་འཚམས་འདྲི་རེ་ཡང་བྱེད་ལོང་མ་བྱུང་བར་ཁོང་གི་ངོ་དེབ་ཀྱི་ནང་ལ་འཛུལ།
སྐུ་ཞབས་ཆུང་ཚེ་རིང་གི་དགོངས་ཚུལ་ཐུང་ཐུང་དེ་ཐེངས་གཉིས་ཙམ་བཀླགས་པ་ན་སེམས་ལ་མི་བདེ་བའི་ཚོར་བ་རྣོ་ངར་ཅན་ཞིག་བྱུང་། རྒྱུ་མཚན་ནི། ཁོང་གིས་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ཕྱོགས་སྒྲིག་གི་ཐད་ལ་སྐྱོན་བརྗོད་བྱེད་མཁན་ཚོ་གསར་གཏོད་དང་ཡང་ན་གསར་བརྗེའི་བཀག་རྡོག་ཡིན་པ་དང་། ཤེས་རིག་ལས་ཁུངས་ཀྱིས་དེབ་དེ་འདྲ་ཞིག་སྤར་པ་ལ་རྒྱུ་མཚན་ངེས་པར་དུ་ཡོད་པ་དང་། ཡོད་པའི་རྒྱུ་མཚན་ཡང་ཁོང་གིས་ཤེས་རིག་ལས་ཁུངས་སུ་མི་ལོ་ཉི་ཤུའི་རིང་ཕྱག་ལས་གནང་མྱོང་ཡོད་པ་དང་། ཨ་རི་དང་ཁ་ན་ཌ། ཡུ་རོབ་དང་ཨོ་གླིང་སོགས་སུ་བོད་ཀྱི་གཟའ་མཇུག་སློབ་ཁྲིད་སྐོར་དང་དེའི་དཀའ་ངལ་ཐད་རྒྱུན་ལོན་གཏིང་ཟབ་བྱས་མྱོང་ཡོད་པ་དང་། ས་འདི་ཡི་སྟེང་དུ་དེ་འབྲེལ་གྱི་གོ་རྟོགས་ཚད་ལྡན་ཡོད་པའི་མི་ཁོང་ལས་ལྷག་པ་ཞིག་མེད་རབས་དང་། དེ་ཡང་ནམ་རྒྱུན་ཁ་ཕོ་ཆེ་པོ་གང་ཡང་མིན། དེ་རིང་ཁ་ཕོ་བྱེད་པའི་སྤོབས་པ་དང་གདེང་ཚོད་བརྒྱ་ཆ་བརྒྱ་ཡོད་ཅེས་གསུངས་འདུག
ད་དུང་སློབ་དེབ་དེའི་འགན་ཁུར་བ་བྱང་ཨ་རིའི་བོད་དགེ་དེ་འདྲ་ཡིན་པ་དང་། ཁོ་ཚོས་ལོ་མང་དཀའ་ལས་བརྒྱབ་པ་དང་། ཁོང་ཡང་ཚོགས་འདུ་ཞིག་ལ་བཅར་མྱོང་ཞེས་བྲིས་གནང་འདུག དགོངས་ཚུལ་ལ་འགྱུར་བ་ཕྱིན་པ་ཡིན་ན། གང་ལྟར་སྔར་གསུངས་ཚར་བའི་རྩུབ་པོའི་གསུང་དུམ་མང་པོ་ཞིག་བཅོས་སྒྲིག་གནང་ནས་བསུབས་འདུག་པ་དང་། ད་ཡོད་ཀྱི་གསུང་དུམ་རྣམས་ཅུང་ཟད་ཞི་འཇམ་དང་བསྟུན་མཁས་སུ་བཏང་འདུག ལེགས་ཉེས་ཀྱི་བསམ་ཚུལ་བཤད་མཁན་ཡང་གང་མང་བྱུང་འདུག
ཆུང་ཚེ་རིང་མཆོག་ནི་བོད་ཡིག་གི་ཤེས་ཚད་མི་དམན་པ་ཡོད་མཁན་བོད་རིགས་གྲགས་ཅན་ཞིག་དང་། ཁོང་གིས་གསུངས་པ་ལྟར་ཤེས་རིག་ལས་ཁུངས་སུ་ལོ་མང་རིང་ལ་ཕྱག་ལས་གནང་མྱོང་ཡོད་པ་བཅས་ལ་གཞིགས་ན། བོད་ཡིག་གི་སློབ་དེབ་དང་འབྲེལ་བའི་དགོངས་ཚུལ་གསུང་སྟངས་ང་ལྟ་བུའི་མི་དཀྱུས་མ་ཞིག་ལས་ཅུང་ཟད་ཐ་དད་ཡིན་དགོས་པའི་ཚོད་དུ་གནང་ཡང་། དེ་འདྲ་ཞིག་གཏན་ནས་བྱུང་མི་འདུག དོན་དངོས་སུ་མི་ཞིག་གིས་ཤེས་རིག་ལས་ཁུངས་ནང་ཕྱག་ལས་གནང་མྱོང་ཡོད་པའི་རྒྱུ་མཚན་གྱིས་ཤེས་ལས་ཀྱི་ལས་དོན་ཆ་ཚང་ཡང་དག་པ་དང་སྐྱོན་མེད་པ་ཡིན་དགོས་པ་དང་། མེད་ན་མིན་དགོས་པའི་ཁྱབ་པ་མེད། བོད་ཡིག་གི་དགེ་རྒན་བྱས་མྱོང་ཡོད་པ་ཙམ་གྱིས་སློབ་དེབ་ཕྱོགས་སྒྲིག་དང་། ཡང་ན་སྐྱར་ཞིབ། དེ་མིན་ན་གཏན་འབེབས་བྱེད་ཐུབ་པའི་ཆ་རྐྱེན་ཚང་མིན་ཐད་ལ་ཡང་དགོངས་པ་ངེས་པར་དུ་བཞེས་དགོས་པ་ཞིག་མ་རེད་དམ།
ད་ལྟའི་ཆར་སཱ་ར་མཐོ་སློབ་ཀྱི་བཀའ་དྲིན་དང་། བོད་ནས་བཙན་བྱོལ་དུ་ཕེབས་པའི་བོད་ཡིག་ལ་དོ་སྣང་ཅན་མང་པོ་ཞིག་ཕེབས་ཡོད་པ་སོགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་གཏོང་ཡིག་དང་དེ་མིན་གྱི་རྩོམ་ཡིག་འདྲ་མིན་འབྲི་ཤེས་པའི་བོད་དགེ་གང་མང་མང་ཞིག་ཡོད་པ་ལས། དེ་སྔོན་བཙན་བྱོལ་ནང་མི་ལོ་ཉི་ཤུའམ། སུམ་བཅུའི་རིང་ལ་བོད་དགེ་གནང་མྱོང་མཁན་ཕལ་ཆེ་བ་ཞིག་གིས་ནི་ཐ་ན་བོད་ཡིག་ཐོག་སོ་སོའི་དགའ་ཉེ་ཚོར་སྤྱིར་བཏང་གི་གཏོང་ཡིག་སྟབས་བདེ་རེ་འབྲི་ཐུབ་པའི་ནུས་པ་མེད་པ་གསལ་པོ་རེད། དེ་ནི་ད་བར་མིང་ཆེ་ལ་བོད་ཡིག་གི་ཤེས་ཚད་ཧ་ཅང་ཞན་པའི་བོད་དགེ་ཧ་ཅང་མང་པོ་ཞིག་དང་རང་ཉིད་དངོས་སུ་ཐུག་པའི་ཉམས་མྱོང་ལ་བརྟེན་ནས་རྗོད་བཞིན་ཡོད། སློབ་དེབ་ལ་ལྟ་དུས་ཀྱང་ཁོ་ཚོ་ལྟ་བུས་བསྒྲིགས་ཡོད་པ་ནི་ལམ་སེང་སྔོན་དཔག་བྱེད་ཐུབ་པ་ཞིག་རེད།
སྤྱིར་བཏང་རང་གཞུང་གི་ལས་དོན་ཇི་གནང་གི་རྒྱབ་ལ་རྟག་ཏུ་སྐྱོར་དགོས་པ་བོད་མི་སྤྱི་བོ་གནམ་བསྟན་གྱི་ལྡོག་ཏུ་མེད་པའི་ལས་འགན་རེད་དེ། གཟའ་མཇུག་སློབ་དེབ་འདི་འདྲ་ཐབས་སྡུག་ཅིག་བསྒྲིགས་ཡོད་པའི་སྐབས་སུ་ད་དུང་སྐུ་ཞབས་ཆུང་ཚེ་རིང་ལྟར་དེ་ལ་རྒྱུ་མཚན་ཡོད་ལུགས་ཀྱིས་འགེབ་སྲུང་བྱེད་ན་ཕུགས་ཀྱི་གྱོང་གུན་དེ་བོད་མི་རིགས་དང་། བོད་མི་རིགས་མཚོན་བྱེད་ཀྱི་བོད་ཡིག་སོགས་ལ་རག་རྒྱུ་ལས་གཞན་མིན། ཆུང་ཚེ་རིང་ལགས། སློབ་དེབ་དེའི་ནང་དུ་”ང་དེབ་བཀླག་གི་ཡིན” ཅེས་བྲིས་འདུག གང་ཟག་གིས་དེབ་ཀློག་གི་ཡོད་ན། དེབ་ཀྱིས་གང་ཟག་བཀླག་རྒྱུ་རེད། ངས་ནི་ངོ་མ་མགོ་འཚོས་མ་སོང་། ཁྱེད་རང་ལྟར་ན་དེ་འདྲ་ཞིག་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། དེ་བཞིན་ཤེས་ལས་ཀྱིས་ཆེད་བརྗོད་ཅིག་བྲིས་འདུག དེ་ཐུང་ཐུང་ཞིག་མ་གཏོགས་མིན་ན་ཡང་དག་ནོར་དང་སྡེབ་སྦྱོར་སོགས་ཀྱི་ཐད་ནོར་འཛོལ་ཧ་ཅང་མང་པོ་ཞིག་འདུག དེ་ལ་ཡང་རྒྱུ་མཚན་འདྲ་ཡོད་པ་རེད་དམ།
ང་ཚོས་སོ་སོའི་རྒྱལ་ཁབ་ཤོར་ནས་ད་བར་བོད་ཡིག་གསར་གཏོད་དང་། གསར་བརྗེ། དེ་བཞིན་ཡར་རྒྱས་སོགས་བཏང་བའི་ལོ་རྒྱུས་གྱ་ནོམ་པ་ཞིག་ད་བར་བྲིས་མེད་མོད། ད་ཆར་གསར་གཏོད་དང་གསར་བརྗེའི་མིང་ཚིག་གི་འོག་ཏུ་ཐོན་མི་དང་བོད་ཀྱི་ཕྱི་རབས་ཀྱི་མཁས་པ་ཚོས་མཛད་པའི་བོད་ཀྱི་བརྡ་སྤྲོད་རིག་པ་དང་རྒྱབ་འགལ་ཏུ་གྱུར་པའི་རིག་གནས་གསར་བརྗེའི་ལས་འགུལ་གསར་པ་ཞིག་གི་མགོ་བཙུགས་སོང་། “ཁྱེད་རང་སྦྱོང་ཚན་བྲི་གི་རེད། ཁོང་ཁ་ལག་ཟ་གི་རེད།” ལྟ་བུའི་བོད་ཡིག་ཅིག་སྦྱངས་ན། ད་ཡོད་ཀྱི་བཀའ་བསྟན་འགྱུར་དང་། ཆོས་གཞུང་འདྲ་མིན། རྒྱལ་རབས་དང་ལོ་རྒྱུས། ཆོས་འབྱུང་དང་ཆབ་སྲིད། སྒྲུང་དེབ་དང་ཚགས་པར། དུས་དེབ་དང་སྙན་ངག་སོགས། གང་ལྟར་ཕྱིས་སུ་དེ་དག་ཐམས་ཅད་གོ་མི་ཐུབ་པའི་དུས་ཚོད་ཅིག་ཤར་ཡོང་བའི་སྔ་ལྟས་ཤིག་ཤར་མ་སོང་ངམ། ཆུང་ཚེ་རིང་ལགས། དྲང་པོ་གསུང་དང་། ཁྱེད་ཀྱིས་དེ་ཡག་པོ་ཞིག་ལ་གཟིགས་པ་ཐུགས་གཏིང་ནས་འཁྲུངས་པའི་གསུང་ཨེ་རེད། ང་སེམས་སྐྱོ་བ་བཞིན། ཁྱེད་རང་ཐུགས་ཕམ་གྱི་མི་འདུག་གམ།
མ་གཞི་གསར་གཏོད་དང་གསར་བརྗེ་ཡིན་ན་ད་ཡོད་ཀྱི་མ་རྩ་རྣམས་རྩིས་མེད་རྡོག་རོལ་དུ་གཏོང་དགོས་པ་ཞིག་ཨེ་རེད། དེ་འདྲ་ཡིན་ན། ང་ཚོའི་གསར་བརྗེ་དང་གསར་གཏོད་གཉིས་གཙོ་འཛིན་མོའོ་ཡི་རྙིང་བཞི་རྩ་གཏོར་ལྟ་བུའི་སྤྱི་ཚོགས་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པ་ལས། ནུབ་ཕྱོགས་པའི་གསར་བརྗེ་དང་གསར་གཏོད་ཀྱི་ལྟ་གྲུབ་དེ་འདྲ་ནི་ཡིན་ས་མ་རེད། ཡ་མཚན་པ་ཞིག་ལ། མོའོ་ཙེ་ཏུང་གི་རྙིང་བཞི་རྩ་གཏོར་གྱི་ཁྱབ་ཁོངས་སུ་རྒྱ་མི་རིགས་དེ་རང་གི་སྐད་ཡིག་དེ་ཚུད་མེད་པ་རེད། དེ་ལ་དངོས་ཡོད་ཀྱི་རྒྱུ་མཚན་ཡོད་དགོས་ལ། ད་ལྟ་རྒྱ་ནག་གི་མི་རིགས་འདི་དར་བའི་རྒྱུ་མཚན་གཅིག་དེ་འདི་བཀའ་དྲིན་ཡིན་པ་གདོན་མི་ཟ། དེ་ཆུང་ཚེ་རིང་ལགས་ཀྱིས་ཤེས་གསལ་རེད།
བོད་ཀྱི་སྐད་ཡིག་གཉིས་ཡར་རྒྱས་གཏོང་བར་བོད་ཡིག་གི་མ་ལག་དང་བཅས་པའི་སྒྲིག་འཛུགས་འདི་བཤིག་གཏོར་བྱས་ན་ད་གཟོད་དེ་གཉིས་ཛ་དྲག་ངང་སྐྱོབ་ཐུབ་པའི་ཡིད་ཆེས་བྱེད་མཁན་གྱི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་། དེའི་བྱས་ཉེས་ཀྱི་རྒྱབ་ལ་རྒྱག་ཅིག་མཆོང་ཅིག་བྱེད་མཁན་གྱི་ཤེས་ལྡན་པ་ཆུང་ཚེ་རིང་གིས་གཙོ་པའི་མི་བུ་དག་ལ་ངོ་རྒོལ་དང་བློ་ཕམ་མཐའ་གཅིག་ཏུ་ཡོད།།
བོད་སྐྱོབ་ཀྱིས་༢༠༡༦ ཟླ་༧ ཚེས་༣༡ ཉིན་ལ་བྲིས་སོ།།
གསར་དུ་བཟོ་པའི་ཨ་རི་སློབ་དེབ་དེ་ཡང་བསྐྱར་འགྱུར་བ་ཞིག་མ་བཏང་ཚེ་བཙན་བྱོལ་གཞུང་གི་ངོ་གདོང་གད་རྙིགས་ནང་ལ་བསྲེགས་སོང་། དཀོན་མཆོག་མཁྱེན་ནོ།
བོད་མི་རིགས་ཀྱི་ལས་དབང་དུ་སྨིན་པའི་ཆོས་རྒྱལ་གོང་མ་དང་ལོ་པཎ་བཀྲིན་ཅན་ཚོའི་བཞག་པའི་བོད་ཀྱི་སྐད་དེ་དག་གསར་བཟོ་དང་གསར་རྗེའི་ལམ་ལ་ཞུད་དགོས་ན་ དེ་སྔོན་རྒྱ་མིའི་བོད་ནང་རིག་གནས་
གསར་བརྗེའི་ལས་འགུལ་འོག་དགོན་པ་དྲུག་སྟོང་ཙམ་རྩ་མེད་བཟོས་པ་དེ་ཚོ་ཡང་གསར་བརྗེ་ལ་ངོས་འཛིན་ཞུས་ནས་རྒྱ་མི་ལ་ང་ཚོའི་ཐུགས་རྗེ་ཆེ་ཞུ་དགོས་པ་ཡིན་ ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་
ཆོས་རིག་ལྷན་ཁང་ཟུར་འཛུགས་གནང་བ་དེ་ཡང་ནོར་བ་ཡིན་ནམ་།
ང་གོམ་པ་རྒྱབ་གི་ཡོད་ཟེར་བ་དེ་གསར་གཏོད་ལ་ངོས་འཛིན་ཞུདགོས་པ་ཡིན་ནམ་སྐྱོན་ཡོན་ཏན་གཉིས་ལ་མཛུབ་མོ་བཙུགས་ཟེར་བ་ནོར་བ་ཡིན་ནམ་ཧཧཧཧཧ
བོད་ཀྱི་སྲོག་རྩ་སྐད་ཡིག་གི་རྨང་བཤིག་མཁན་ཤེས་རིག་ལས་ཁུངས་་་་་་ཧཧཧ་་་་་་ཧཧཧཧ་་་་་་ཧ་་་་དེ་ལ་རྒྱབ་སྐྱོར་བ་དབུས་པ་མངའ་རིས་L-ཚེ་དབང་བསོད་ནམས་འཆལ་པོ་ཆུང་ཚེ་རིང་་་་་་ ཧཧཧ
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་ཐོག་མར་བསྡད་པའི་སྐབས་སུ་སྲིད་སྐྱོང་བྱ་དགའ་སྤྲོད་ཁོངས་ནས་བོད་ཡིག་རྒྱང་ཕུད་བཏང་སོང་།
ད་རེས་ཡང་བསྐྱར་མི་དབང་སྲིད་སྐྱོང་ཁོང་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་གསུམ་གྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་གསལ་བསྒྲགས་གནང་བའི་སློབ་དེབ་དེ་བོད་ཕྱི་ནང་ཀུན་གྱི་བོད་ཡིག་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཚོར་བློ་ཕམ་ཚད་མེད་སྐྱེ་བྱེད་ཅིག་ཆགས་སོང་།
གོང་རིམ་དུ་བཞུགས་མཁན་ཚོར་ད་དུང་གྲགས་འགུལ་ཅི་ཡང་མེད་ཚོད་ལ་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་རིན་ཐང་དང་དར་རྒུད་ལ་ཚོར་བ་གཏན་ནས་མེད་པ་འདྲ་ཨང་།
ངས་ནམ་རྒྱུན་དུ་ཆུང་ཚེ་རིང་ལ་ཤེས་ཡོན་ཐོག་གདེངས་འཇོག་ཆེ་ཙམ་ཡོད་ཀྱང་ད་ལན་བྱས་སྟངས་འདིས་་་་་་ཧཧཧཧཧ་་་་་་ཅིག་བྱས་ན་གཞན་ངོར་བསྟུན་ནས་སོང་ཡོད་ཤས་ཆེ་་་་དེ་ལྟར་ན་མི་གཞི་ལ་རང་གིས་མཐོང་མེད་བྱས་པས་རང་ཚུགས་མེད་དང་ཅི།
ཤེས་ལས་ནས་དཔར་བའི་སློབ་དེབ་དེ་དངོས་སུ་མཇལ་མ་སོང་། ཆུང་ལགས་ཀྱི་ངོ་དེབ་ཀྱི་མཆན་དེ་མཐོང་སོང་། ད་ལྟ་བོད་སྐྱོབ་ལགས་ཀྱིས་རྩོམ་ཐུང་དེ་ཡང་བཀླགས་པ་ཡིན།
གཙོ་ཆེ་བོད་ཀྱི་བརྡ་སྤྲོད་གཞུང་དང་མ་བརྒལ་ཞིང་དེང་རབས་ཀྱི་སྤྱོད་སྒོར་སྟབས་བདེ་ཡོད་པའི་སློབ་དེབ་ཅིག་དགོས་པ་དེ་རེད།
དགོངས་ཚུལ་གསུང་མཁན་རྣམས་ནས་ཤེས་ལས་ཀྱི་སློབ་དེབ་ལ་ཞིབ་བལྟ་གནང་རྗེས་སྐྱོན་གནད་གསུང་ན་ཧ་ཅང་དོན་དུ་སྨིོན་པོ་ཡོང་གི་རེད་བསམས།
མགྱོགས་མྱུར་སློབ་དེབ་དེ་མཇལ་བའི་རེ་བ་ཡིན།
མཁས་པ་འཆུགས་ན་འདོམ་གང་། ཟེར་བའི་དཔེ་སྟེ། ཆུང་ཚེས་ད་ཐེངས་མུན་དོང་དགུ་ཞབས་སུ་ལྷུང་ནས་ཀི་བཏབ་སོང་།
བརྡ་སྤྲོད་ཀྱི་གཞུང་ལུགས་མ་དར་བའི་སྔོན་དུ། ཡུལ་སྐད་ཀྱིས་བརྡ་གཞུང་ལ་སྣེ་ཁྲིད་ཅིང་། བརྡ་གཞུང་གྲུབ་རྫེས་བརྡ་སྤྲོད་གཞུང་ལུགས་ཀྱིས་ཡུལ་སྐད་ལ་སྣེ་འཁྲིད་དགོས་པའི་ཚུལ། དགེ་ཆོས་དང་དམུ་དགེ་སོགས་མིག་རྒྱང་རིང་བའི་མཁས་པ་ཚོས་ནན་ཏན་དུ་གསུངས་གདའ། དོན་ལའང་དེ་ལྟར་ཏེ། གཞན་དུ་ན། ཆོལ་གསུམ་སྐད་ཡིག་གསུམ་དུ་གྱེས་རྒྱུ་དང་། ཆོལ་ཁ་གསུམ་པོས་ཀྱང་བཀའ་བསྟན་བརླག་པར་འགྱུར་རྒྱུ་བཅས། ཉམས་པར་འགྱུར་ཏ་རེ། ཧེ་ཧེ། འདི་འདྲ་འདི་ལ་གསར་གཏོད་ཟེར་ན། གསར་གཏོད་ཀྱི་བྱ་བ་དེ་ཅི་འདྲས་ལས་སླ་བ་ལ། གང་དྲན་དྲན་རེད།
སློབ་དཔོན་ཐོན་མི་ལ་དགོངས་དག་ལབ་ན་འགྲིག་པ་རེད།དེ་ལས་ཡར་བཤད་མར་བཤད་ཅང་མེད།
བརྡ་སྤྲོད་མེད་པའི་སྐད་ཆ་ལ་བདག་པོ་བྱེད་དགོས་བ་འདི། ཕྱོགས་ཞེན་ཙམ་ལས་ཤ་ཞེན་ཞིག་རྩ་བ་ནས་མ་རེད། བྱས་ཙང་། དཔེ་དེབ་དེ་དག་སློབ་མཁན་རྣམས་པས། ཉིན་ཞིག་དགེ་ལས་སུ་ཡིན་པ་ཚོའི་མགོ་ལ་ཉེས་ཅན་གྱི་ཞྭ་མོ་རེ་གཡོག་པའི་རེ་བ་ཡོད།
ང་བདེ་མོ་བྱོས། ཇོ་གི་གསུངས་པ་དེ་ག་རང་ཡིད་ཏ། ཧ་ཧ་ཧ།
ཆུང་ཚེ་རིང་གིས་རང་གི་སྐད་ཆར་བདག་པོ་རྒྱག་དགོས། ངོ་དེབ་སྟེང་ན་ཡང་ཁ་སྣ་ཚོགས་བསྒྱུར་ཏེ་བཤད་ཀྱིན་འདུག མགོ་བདེ་བོ་རང་རེད། ཤེས་ཡོན་པ་ཞིག་ཡིན་ན་ཤེས་ཡོན་པའི་མི་གཞི་སྲུང་སྐྱོབས་བྱེད་དགོས་གི་རེད།
ཆུང་ཚེ་ནི་དཔེ་ཆ་བ་ཞིག་རེད། དཔེ་དེབ་གང་མཚམས་བཀླགས་ཡོད་པའི་མི་ཞིག་རེད། འོན་ཏེ་སློབ་སྦྱོང་གི་བརྒྱུད་རིམས་མེད་པ་དངོས་ཡོད་རེད། ངས་ནི་དེར་ཤེས་ཡོན་པ་དང་མཁས་བ་སོགས་ལབ་ཐུབ་ས་མ་རེད། དགོངས་དག ཁོང་གི་བརྩམས་་སྒྲུང་དང་སྙན་ངག་ཡིན་ལ་ཁད་པོ་དེ་ཚོ་བཀླགས་ཡིན། དེ་འདྲ་རང་རེད། སྒྱུར་རྩོམ་སྤུས་དག་རེ་གཉིས་ཡོད་པ་དེ་ཚོ་ལ་ངོ་མ་ངོ་སོ་བསྟོད་དགོས་བ་ཡོད།
རང་དགར་མི་ཁ་ཤས་ཀྱིས་བོད་མེས་པོའི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྡ་སྤྲོད་གཏན་འབེབས་བྱས་པ་ནི། བོད་སྐད་ཡིག་ལ་སྒེར་གཅོད་བྱས་པ་ཞིག་རེད་ལ། སྒེར་གཅོད་འདིའི་མཇུག་འབྲས་ནི་བོད་མི་རིགས་ཀྱི་སྒལ་ཚིགས་འཐོར་རྒྱུ་དེ་ཡིན་པ་ཤོད་ཅི་ལ་དགོས། དེ་ལྟ་ན། གནད་དོན་འདིའི་ཐད་བོད་མི་ཡོད་དོ་ཅོག་གིས་བློ་གཟུར་བོར་གནས་པའི་ཐོག་མུ་མཐུད་དགག་སྒྲུབ་ཀྱི་རྩོམ་ཡིག་གང་མང་སྤེལ་རྒྱུ་དེ། བོད་རིགས་ཤེས་ལྡན་པ་ཚོར་ཐད་ཀར་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་སྙམ།
ད་ཐེངས་ཀྱི་ནོར་འཁྲུལ་གྱི་ངོ་བོ་དེ་ཙམ་ཆེན་པོ་མ་རེད། ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད། འདི་བོད་མི་རིགས་ཀྱི་ཚོར་བ་ལ་ཐུག་པ་རེད། ལ་རྒྱ་ལ་ཐུག་པ་རེད། ཐུག་ས་ངན་པ་ཞིག་ལ་ཐུག་པ་རེད། མདོར་ན་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་གདོང་ཐུག་བྱུང་བ་རེད
དགོངས་ཚུལ་གསུང་མཁན་འགའ་ཕེབས་འདུག་པ་དང་དགོངས་ཚུལ་ཡང་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ།
དེ་སང་ཕྱི་དགྲ་བོས་བོད་ཡིག་མེད་པ་བཟོ་ས་རེད་བསམ་པའི་དངངས་སྐྲག་དེ་ག་ཙམ་མི་འདུག འོན་ཀྱང་ནང་བོད་པས་བོད་ཡིག་དེ་གང་མགྱོགས་མེད་པ་བཟོ་གྱིན་པར་ཧ་ཅང་གི་བློ་འཚབ་བསྐྱེད་དགོས་པའི་དུས་ཚོད་ངན་པ་ཞིག་ཤར་ཚར་སོང་།
བོད་སྐྱོབ་ལགས་དང་མཆན་མཁན་རྣམ་པ། ཀློག་དེབ་དེ་གཟའ་འཇུག་གི་བོད་ཡིག་སློབ་དེབ་རེད། ཕྱི་བསྡོད་བོད་མི་ཚོར་བདུན་གཅིག་ལ་བོད་སྐད་ཡིག་སྦྱང་བར་དུས་ཁོམ་བདུན་གཅིག་ལ་ཆུ་ཚོད་གཉིས་མ་གཏོགས་ཡོད་མ་རེད། ཀློག་དེབ་འདི་གཞི་བཟུང་བོད་སྐད་གཅིག་རྒྱབ་ན་རབ་རེད། ཁ་སྐད་ཙམ་ལ་དམིགས་ནས་བརྩམས་པའི་དཔེ་དེབ་ལ་དེ་འདྲ་མ་གཏོགས་ཡོང་གི་མ་རེད།
སྐད་ཡིག་ཁ་ཕྲལ་གྱི་བྱ་འགུལ་འདི་ལ་གཟབ་ཙམ་མ་གནང་ཚེ། བོད་ཆོལ་གསུམ་ཆིག་སྒྲིལ་གྱི་གཟུང་ཐག་ལྟ་བུའི་བོད་ཡིག་གི་བསྟན་བཅོས་དག བེད་མེད་དུ་བསྒྱུར་རྒྱུའི་འདྲེ་ལག་ཅིག་བསྲིངས་བཞིན་པ་འདྲ། ལས་འགུལ་འདི་ནི་ལོ་ངོ་མང་པོར་རྒྱུན་བསྐྱངས་ཏེ་སྒྲུབ་རྒྱུའི་འཆར་གཞི་ཞིག་ཡིན་པ་འདྲ།
བོད་སྐྱོབ་ཀྱིས་རྩོམ་གནད་ལ་འཕིགས་པ་ཞིག་བྲིས་འདུག་ཡི་རང་བརྟས་ཡོད།
སྙིང་རྗེ། བོད་སྐྱོབ་ཟེར་བ་དེས་སེམས་ཤུགས་ཆེ་མདོག་དང་བློ་གྲོས་ཆེ་རབས་ཀྱིས་བོད་ཕྱི་ནང་གཉིས་ཀར་གྲགས་པའི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་སྐུ་ཞབས་ཆུང་ཚེ་ལ་དམའ་འབེབས་བྱེད་ཐབས་བྱས་འདུག ཁྱོད་ཉིད་བོད་ཡིག་བྲིས་ཤེས་འདུག་པས་ཀློག་ཤེས་ཀྱི་ཡོད་པ་ཡིད་ཆེས་ཡོད། མ་གཞི་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་འཐེན་འཁྱེར་གྱི་མིག་སྒྲིབ་པ་མང་དག་ཅིག་སྐྱེད་སྲིང་བྱེད་བཞིན་འདུག་ལ། དེའི་ཁྲོད་ནས་གཅིག་དེ་ཁྱེད་རང་འདྲ་པོ་འདུག མ་གཞི་སྐུ་ཞབས་ཆུང་ཚེ་ལགས་ཀྱིས་ཕྱོགས་གཉིས་ཀའི་བསམ་ཚུལ་ཉན་དགོས་པ་ནན་གྱིས་བརྗོད་འདུག་པ་དེ་ཚོར་དོ་སྣང་ཡེ་ནས་མེད་པར་ཚིག་དུམ་རེ་ལ་ཤི་འཐམ་རོ་འཐམ་གྱིས་སྐྱོན་བརྗོད་བྱེད་ཐབས་བྱས་འདུག འོན་ཀྱང་སྟབས་མི་ལེགས་པར་སྐྱོན་བརྗོད་རྣམས་སོ་སོའི་མགོ་བོའི་ཐོག་ཏུ་ལྷུང་བ་ལས་ཕར་ཕྱོགས་ལ་འཕེན་ཐུབ་མི་འདུག
མ་གཞི་རྩོམ་ཡིག་ཉག་ཉོག་འགའ་བྲིས་ཤེས་པ་དང་སུམ་རྟགས་ཀྱི་ཕྲད་རྣམ་དབྱེ་སོགས་ཀྱི་འགྲོ་སྟངས་ཏོག་ཙམ་ཤེས་མཁན་རྣམས་ནི་ང་ཚོའི་མི་རིགས་འདིའི་མདུན་བསྐྱོད་མི་ཐུབ་པའི་འགག་རྡོར་འགྱུར་བཞིན་འདུག ལྟོས་དང། ངོ་དེབ་ནང་དུ་རྒྱུ་མཚན་དང་ཁུངས་ལུང་མེད་པའི་སྐྱོན་བརྗོད་བྱེད་མཁན་ཐམས་ཅད་དེ་འདྲའི་རིགས་རྐྱང་རྐྱང་རེད། བོད་སྐྱོབ་ཅེས་པའི་མིང་དེ་ཁྱོད་ཉིད་ལ་འཇུག་ས་གཏན་ནས་མི་འདུག་ལ། བོད་སྐྱོབ་རྒྱུའི་ཚབ་ཏུ་གཏོར་བཤིག་གཏོང་མཁན་དང་ནང་དཀྲུག་བྱེད་མཁན་རང་རེད་འདུག་ཅེས་ཞུ་འདོད་བྱུང།
བོད་སྐྱོབ་ལགས་། ཁྱོད་ལ་ཡིན་ཚོད་འདུག
“ལྷག་པར་དུ་རྙིང་ཞེན་གྱི་བསམ་བློས་རྣམ་དཔྱོད་ལ་ལྷད་སྐྱོན་ཞུགས་ན་བླང་དོར་གྱི་གནས་མང་པོ་ཞིག་ལ་རྨོངས་པ་ཡིན།” དོལ་པོ་སྤྲུལ་སྐུས་གསུངས་འདུག
http://www.khabdha.org/?p=84604
བསྟན་འཛིན་པདྨ་ཞེས་བྱ་ཞིག་ཕེབས་འདུག་པར་དགའ་བས་སྔོན་དུ་བསུ། ཆུང་ཚེ་རིང་ལགས་བོད་ཕྱི་ནང་གཉིས་ཀར་གྲགས་པའི་ལོ་ཙྭ་བ་དང་མཁས་པ་ཞིག་ཡིན་པ་ལ་ངས་གཉིས་ཀྱིས་རྩོད་པ་བརྒྱབ་ནས་འགྱུར་བ་གཏང་རྒྱུ་ཁག་པོ་རེད། དེ་རིང་གི་རྩོད་པ་འདི་ཆུང་ཚེ་རིང་གི་མི་གཞིའི་སྐོར་དང་། ཡང་ན་ཁོང་ལ་དམའ་འབེབས་ཀྱི་ཆེད་དུ་མ་རེད། དེ་ནི་སློབ་དེབ་ཅིག་ཤེས་ལས་ཀྱིས་དཔར་ཏུ་བསྐྲུན་པ་དེའི་དགེ་སྐྱོན་བཤད་ཀྱི་ཡོད་རེད། ངས་གོང་གི་རྩོམ་དེ་འབྲི་དུས་ཆུང་ཚེའི་དགོངས་ཚུལ་ལ་མིག་གིས་བལྟས། དེར་བསམ་བློ་བཏང་ནས་བྲིས་པ་ཞིག་ཡིན་པ་ལས་རྩོམ་འདི་དང་པོ་བྲིས། དེ་ནས་ཆུང་ཚེའི་དགོངས་ཚུལ་ག་རེ་ཡིན་མིན་ལ་བལྟས་མེད། དེ་ཐུགས་ལ་འཛིན་རོགས། གུས་པས་བསམ་ཚུལ་བཤད་པ་བཞིན་ཁྱེད་ཀྱིས་ཤོད་བཞིན་འདུག་པས་འཐེན་འཁྱེར་གྱི་མིག་བསྒྲིབས་ཡོད་ན་ང་གཉིས་ཀ་གཅིག་པ་རེད། སྤྱིར་ན་ཁྱེད་ཀྱིས་བསུབས་ཚར་བའི་ཆུང་ཚེའི་སྙིང་ཚ་པོ་ནས་འཛར་བའི་ཐོག་མའི་དགོངས་ཚུལ་ངོ་མ་དེ་དག་གཟིགས་མེད་པ་འདྲ། ང་ཚོའི་མི་རིགས་འདི་ད་དུང་ཡང་ཁྱ་གེ་ཁྱོ་གེའི་ཚུལ་དུ་མི་རིགས་གཞན་དག་དང་འདྲ་པོ་འདྲ་པོ་བྱེད་ནས་ད་དུང་ལངས་ཡོད་པ་ནི། པཎ་ཆེན་རིན་པོ་ཆེས་བོད་ཀྱི་ནང་དུ་སུམ་རྟགས་དག་གསུམ་སློབ་སའི་བོད་ཡིག་གི་སློབ་གྲྭ་གང་མང་བཙུགས་གནང་བའི་མཛད་རྗེས་ལ་བརྟེན་ནས་བྱུང་བ་རེད། དེ་ནི་ང་ཚོའི་ཁང་པ་བཏེགས་པའི་ཀ་བ་ངོ་མ་དེ་རེད། དེ་མིན་ན་ང་ཚོས་ཚན་རིག་དང་དཔལ་འབྱོར། ཚོང་འབྲེལ་དང་དམག་དོན་ལ་སོགས་པ་གང་ཡང་མི་ཤེས། སུམ་རྟགས་ཀྱི་ཕྲད་རྣམ་དབྱེ་ཤེས་མཁན་ཚོ་གསར་གཏོད་ཀྱི་བཀག་རྡོ་ཡིན་ན། སུམ་རྟགས་མི་ཤེས་མཁན་གྱི་གསར་གཏོད་པ་ཁ་ཤས་ཤིག་ང་ལ་ངོ་སྤྲོད་གནང་རོགས། མ་གཞི་ངས་ནི་གཏོར་བཤིག་ནི་གསར་གཏོད་ཡིན་ནོ་ཟེར་མཁན་རྣམས་ལ་དུས་ནམ་ཡང་རྗེས་སུ་ཡི་རང་མི་བྱེད། འཛམ་གླིང་གི་གསར་གཏོད་པ་ངོ་མ་རྣམས་དབྱིན་ཇི། ཨ་རི། དེ་བཞིན་ཉི་ཧོང་སོགས་ནས་བྱུང་བ་རེད། དེ་ཚོས་གསར་གཏོད་དེ་གཏོར་བཤིག་རེད་དམ། ཡང་ན་སོ་སོའི་གོང་འཕེལ་དང་འཐུས་ཚང་དུ་བཏང་། ཕུན་སུམ་ཚོགས་སྐད་ཡིག་དེ་དག་གི་རྨང་གཞིའི་ཐོག་ནས་གསར་གཏོད་འདྲ་མིན་བྱས་པ་ལས་སྐད་ཡིག་དེ་དག་རྐང་ཆག་ལག་ཆག་རེ་བཟོས་མེད་པ་ཤེས་དགོས། ཁྱོད་དང་ཆུང་ཚེས་ཁས་འཆེ་བའི་གསར་གཏོད་ནི་ཅི་འདྲའི་དགོད་བྲོ་དགོས་པ་ཞིག་རེད། རྐུན་མའི་རྒྱབ་ལ་ཇག་ལངས་རང་རེད།
བསུབ་ཚར་བའི་ནང་ཅི་ཞིག་བྲིས་ཡོད་དམ
༅༅། དོལ་པོ་སྤྲུལ་སྐུ་ཞུ་བ་ཞིག་ཕེབས་འདུག།
དོ་པོ་ཟེར་ན་ག་རེ་ལ་ཟེར་གྱི་ཡོད་དམ། གསུང་རྒྱུ་ཡོད་པས་དྲ་གྲོགས་ཚོ།
བོད་སྐྱོབ་(བམ་བོད་བཅོམ་)ལགས།
ཁྱོད་ལྟ་བུ་བོད་ཀྱི་བརྡ་སྤྲོད་ལས་ཕྲད་རྣམ་དབྱེ་ཡི་འགྲོ་སྟངས་ཏོག་ཙམ་ཤེས་པ་ཙམ་གྱིས་ལམ་སེང་ཧོལ་རྒྱུག་དང་གུ་དོག་པའི་བསམ་བློས་སྦགས་ནས་ཡོད་པ་དག་གིས་ད་ལན་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་བྱས་པའི་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་དེར་ཁ་བརྡུང་གཏོང་འགོ་ཚུགས་སོང། ཁྱོད་དང་ཁྱོད་འདྲ་བ་མང་པོས་ཤེས་རིག་ལས་ཁུངས་ནས་དེ་ལྟ་བུ་ཞིག་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་གནས་སྟངས་དང་རྒྱུ་མཚན་ལ་ཉན་རྒྱུའི་གྲ་སྒྲིག་ཀྱང་མི་འདུག་ག དེ་ཚོ་ལ་བཀག་རྡོ་ཟེར་བ་རེད། མདོར་ན་ཁྱོད་དང་ཁྱོད་འདྲ་བ་རྣམས་དོན་དམ་གྱི་བཀག་རྡོ་ཞིག་ཏུ་འགྱུར་ཡོད། བོད་ཡིག་ཤེས་མདོག་དང་སེམས་ཤུགས་ཆེ་མདོག་བྱས་པ་ཙམ་གྱིས་ང་ཚོའི་འབྱུང་འགྱུར་དེ་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་གྱི་ཡོད་ན། སྔོན་མ་ནས་འགྱུར་ཟིན་ཡོད། རྒྱུ་མཚན་ནི་ང་ཚོར་ཁྱོད་དང་ཁྱོད་ལྟ་བུ་མང་པོ་ཡོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་མ་འོངས་པར་རྩོམ་ཉག་ཉོག་ག་འདྲ་ཞིག་བྲིས་ནའང། དེ་མ་འབྲི་གོང་དུ་གུ་ཡངས་པོའི་བསམ་བློ་སྔོན་དུ་གཏོང་བའི་ཐོག་ནས་རང་གི་གྲགས་པ་དང་མཚན་སྙན་ཁོ་ནར་མ་དམིགས་པར་། སྤྱི་བའི་ཐོག་ལ་སེམས་འཁུར་ཡོད་པ་ཞིག་བྱོས།
དོལ་པོ་ཡུལ་དང་། དེར་སྡོད་མཁན་ལ་ཟེར། དེ་དག་བོད་རིགས་ཡིན་པ་དང་། ད་ལྟ་བལ་པོའི་ཁོངས་སུ་གཏོགས།
https://en.wikipedia.org/wiki/Dolpo
བསྟན་འཛིན་པདྨ་ལགས་ལ་དྲི་བ་ཞིག་དྲིས་ཡོད། དེ་ལ་ལན་བསྐྱོན་གནང་མི་འདུག དེ་ནི་སུམ་རྟགས་མི་ཤེས་མཁན་གྱི་བོད་ཀྱི་གསར་གཏོད་པ་ཞིག་ངོ་སྤྲོད་གནང་རོགས་གནང་ཞེས་པ་དེ་རེད། ད་འགྲིག་སོང་། ཁྱེད་རང་ཐེ་བའི་ང་ཚོ་ནི་བཀག་རྡོ་དང་གསར་གཏོད་ཀྱི་གེགས་རེད་རྐྱང་རྐྱང་རེད་འདུག ད་དུང་”ང་དེབ་བཀླག་གི་རེད། ཁྱེད་རང་སྦྱོང་ཚན་བྲི་གི་རེད།” སོགས་གསར་གཏོད་གང་མང་གནང་ནས་བཞུགས་རོགས། ང་ཁྱེད་བཀྲ་ཤིས་བདེ་ལེགས་རྒྱབ་གི་རེད།
བོད་བཅོམ་ལགས། ད་ང་ཡང་འགྲིག་སོང། ཁྱོད་ཀྱི་དྲི་བ་ཐེབས་ཆགས་དེ་འདྲ་ཞིག་ལ་ལན་འདེབས་རྒྱུར་ཡང་ངོ་ཚ་མཁན་བཟོ་འདྲ་བྱས་སོང། ཁྱོད་ལ་མཚོན་ན། གསར་གཏོད་པ་ཞིག་ཡིན་དགོས་པ་ལ་སུམ་རྟགས་ཤེས་དགོས་ཀྱི་ཡོད་པ་ཞིག་བྲིས་འདུག དེ་ལྟར་ཡིན་ཚེ་ཁྱོད་ནི་དོན་དམ་གྱི་བཀག་རྡོ་རང་རེད་འདུག སྐུ་མཁྱེན་། བོད་ཡིག་ཁྱར་འཁྱོར་རེ་བྲིས་ཤེས་པ་དེ་ཡིས་ཁྱོད་རང་བོད་དང་བོད་ཀྱི་ཆོས་རིག་སྐད་སོགས་སྨན་པའི་བྱ་བ་ཞིག་བསྒྲུབ་བཞིན་ཡོད་པ་མི་དྲན་རོགས། ཀླད་མཁྲེགས་མང་དྲགས་པས་མཚམས་རེ་ང་ཚོར་དཀའ་ངལ་དེ་དག་རིམ་གྱིས་འཕྲད་བཞིན་འདུག
བོད་སྐྱོབ་ལགས། དེ་བཞིན་ཨ་མདོ་བ་མཆན་པ་ཚོར་ཞུ་རྒྱུ།
སྐད་ཡིག་ལ་སྒྱུར་བ་དང་། ཁ་གསབ། གསར་གཏོད་མེད་ན། སྐད་ཡིག་དེ་ཤི་རོ་ཞིག་རེད། ངེད་ཚོའི་སྐད་ཡིག་གི་ཁྱབ་ཁོངས་ནི་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ། ཁྱོད་སྐད་ཡིག་འདི་ལ་ངོ་མ་ཤ་ཚ་ན། སྐད་ཡིག་འདིའི་ཞན་ཆ་དེ་ལ་ཞིབ་འཇུག་ཡག་པོ་བྱས་ནས་དེ་དག་བཅོས་སྒྱུར་བྱེད་དགོས། དེ་མིན་སྔ་རྗེས་མ་གཏོགས་སྐད་ཡིག་འདི་གཡུག་དགོས་ཐུག ཁྱེད་མ་བརྗེད་ཨང་། སྔོན་མ་བོད་པ་ཚོར་བོད་ཀྱི་སྐད་ཡིག་བདག་པོ་མ་བརྒྱབ་ན་གཞན་ལམ་ཁ་མེད། ད་ལྟ་ངེད་ཚོར་རྒྱ་ཡིག་དང་། དབྱིན་ཇི། དེ་བཞིན་རྒྱ་གར་གྱི་སྐད་སོགས་གདམ་ཁ་གཞན་ཡོད་ལ། ལྟོ་གོས་ཀྱི་དབང་དུ་བཏང་ན། བོད་ཡིག་ལ་རེ་བ་དང་ཕན་ཐོགས་མེད། མི་ཞིག་གི་ལས་འགན་དང་པོ་དེ་སྐད་ཡིག་སྲུང་སྐྱོབ་མ་རེད། ལྟོ་གོས་ཐག་གཅོད་བྱེད་དགོས། བོད་ཡིག་གིས་བོད་མི་དམངས་ལ་ལྟོ་གོས་སྦྱིན་ཐུབ་ཀྱི་མེད། ལྟོ་གོས་ལ་རྒྱ་ཡིག་དང་དབྱིན་ཇི་བཀའ་དྲིན་ཆེ་བ་ཆགས་ཡོད།
ང་ཚོས་བོད་ཡིག་བདག་པོ་རྒྱག་དགོས་པ་དེ་བཞེན་ཆགས་དང་བོད་པ་ཡིན་པའི་ལ་རྒྱ་ཙམ་ལས་གཞན་བོད་ཡིག་མ་ཤེས་ན་ལྟོ་གོས་ལ་གྱོང་ལྟ་ཅི། དེའི་ཚབ་ལ་རྒྱ་ཡིག་དང་དབྱིན་ཇི་ཤེས་ན་ལྟོ་གོས་ལ་ནུས་པ་ཆེ་བ་ཡོད། བོད་ནང་ལ་འཚོ་བ་ལེགས་པ་དང་། སློབ་གསོ་ལེགས་པ། གོ་སྐབས་བཟང་བ་ཐོབ་པ་དེ་ཚོ་བོད་ཡིག་ཤེས་ཀྱི་མེད། རྒྱ་ཡིག་ཤིན་དུ་བྱང་བས་སོ། ཨ་རི་དང་རྒྱ་གར་ལ་ཡང་འཚོ་བ་བཟང་བ་དང་། མདུན་ལམ་ཆེ་བ་རྣམས་དབྱིན་ཇིའི་སྐད་ཡིག་གིས་སྤྲད་ཡོད།
དེ་ལ་བསམ་གཞིགས་བྱས་ནས་ལྐུགས་པའི་རང་རྟགས་མ་བསྟན་པར་སེམས་རྣལ་ལ་ཕབ་ནས་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་དང་། དེ་བཞིན་ཉེར་གཉིས། ཉེར་གསུམ་ལ་འཁྱོལ་ཐུབ་པའི་བསམ་བློ་བཏང་ནས་སྐད་ཡིག་དེའི་ཞན་ཆ་རྣམས་ལ་བསམ་གཞིགས་ནན་པོས་རྒྱ་ཡིག་དང་དབྱིན་ཇིའི་མཉམ་དུ་འདྲ་མཉམ་བཞུགས་ཐུབ་པའི་འབད་བརྩོན་བྱས་ན་ལེགས།
དབྱིན་ཇི་དང་རྒྱ་སྐད་ལ་བསྡུར་ན། བོད་ཡིག་ནི་ཕྲུ་གུ་ལོ་བརྒྱད་ཙམ་གྱི་ནུས་པ་ལས་མེད། ཚན་རིག་ལ་བོད་ཡིག་མི་འགྲོ། དཔལ་འབྱོར་ལ་བོད་ཡིག་མི་འགྲོ། ཆབ་སྲིད་ལ་བོད་ཡིག་མི་འགྲོ། འཚོ་ཐབས་ལ་བོད་ཡིག་མི་འགྲོ། ཆོས་ལ་ཡང་བོད་ཡིག་མི་འགྲོ། རྒྱུ་མཚན་ནི་བོད་པའི་ནང་ཆོས་བྱེད་མཁན་གྱི་རྒྱ་དང་ཕྱི་རྒྱལ་ཚོས་རྒྱ་སྐད་དང་དབྱིན་ཇིའི་ནང་ལ་བོད་པའི་ནང་ཆོས་སྦྱོང་བཞིན་ཡོད། ད་ཆ་རྫོང་གསར་མཁྱེན་བརྩེའི་བཀའ་དྲིན་གྱིས་བཀའ་བསྟན་རྣམས་དབྱིན་ཡིག་ལ་སྒྱུར་བཞིན་ཡོད་པ་དང་རིང་མིན་དེ་དག་དབྱིན་ཇིའི་ནང་ལ་འཐོན་རྒྱུ་སོང་ཙང་། བོད་ཡིག་གི་གོ་སྐབས་ཇེ་གཞན་དུ་སོང་ཟིན།
དེ་དག་བསམ་གཞིགས་ཀྱིས་བོད་ཡིག་ལ་ནུས་པ་གསར་པ་ཞིག་སྤྲོད་ཐུབ་ན་ལེགས། དེ་ལྟར་ཡོང་བར་ཕྱོགས་ལྷུང་དང་ལ་རྒྱ་སྐམ་པོའི་ཁྲོན་མའི་ནང་ལ་མ་བསྡད་པར་མིག་མཐོང་རྒྱ་ཆེ་བའི་རྒྱལ་སྤྱིའི་སྟེགས་བུའི་སྒང་ལ་ཕེབས་ཤོག་ཟེར་བ་ཡིན།
བོད་ནང་ལ་ང་ཚོ་བོད་པ་རྣམས་ལ་ངེས་པར་བོད་ཡིག་དགོས་པའི་ངེས་པ་མིན་འདུག རྒྱ་ཡིག་གིས་འཚོ་བ་དང་རང་མགོ་ཐོན་ཐུབ་ཀྱི་འདུག ང་ཚོར་ངེས་པར་དུ་སྤྱི་སྐད་ཅིག་ཀྱང་དགོས་པའི་ངེས་པ་མེད། བོད་ནང་ལ་རྒྱ་སྐད་དེ་སྤྱི་སྐད་ཡིན་པས་ན། ང་ཚོ་ཆོལ་གསུམ་དབར་ལ་རྒྱ་སྐད་བཤད་ན་དེས་སྤྱི་སྐད་ཀྱི་གོ་ཆོད་ཟིན།
བོད་ཕྱི་ལ་དབྱིན་ཇིའི་སྐད་ཡིག་གིས་གོ་ཆོད་ཟིན། ད་ཁྱོད་ང་ལ་ཤོད་དང་། བོད་སྐད་ཀྱི་ནུས་པ་དང་མེད་དུ་མི་རུང་བའི་ནུས་པ་གང་འདུག དྲི་བ་ཡིན།
ང་ཚོ་རང་གི་ཡུལ་སྐད་ལ་ལ་རྒྱ་དང་བཞེན་ཁོག་ཆེ་བས་སྤྱི་སྐད་ཟེར་ན་ལམ་གསེང་ལྷ་ས་བའི་སྐད་ལ་གོ་ནས་ཨ་མདོ་དང་ཁམས་པ་ཚོས་ད་བར་དེ་བཀག་གང་ཐུབ་བྱས་སོང་། ངས་བལྟས་ན་དེ་འགྲིགས་ཀྱི་འདུག ང་ཚོར་སྤྱི་སྐད་དགོས་མིན་འདུག བོད་ནང་ལ་རྒྱ་སྐད་ཡོད་ཡོད་པ་རེད། ཕྱི་རྒྱལ་ལ་དབྱིན་སྐད་འདུག བྱས་ཙང་ཁྱོད་ཚོ་སེམས་ཁྲལ་མ་བྱེད་ཨང་།
ང་ཚོ་ཆོལ་ཁ་གསུམ་གྱི་བོད་པ་རྣམས་ད་བར་མཐུན་སྒྲིལ་མེད་པ་འདི་སྤྱི་སྐད་མེད་ཙང་མ་རེད། ང་ཚོའི་དབར་ལ་ཡིད་ཆེས་དང་། གུས་ཞབས། རིགས་བཞེན་མེད་ཙང་རེད། སྤྱི་སྐད་དགོས་པའི་ལས་འགུལ་སྤེལ་ན་དེ་བས་ང་ཚོའི་ཐུན་མོང་གི་ཆིག་སྒྲིལ་སྐམ་པོ་དེར་གནོད་པ་ལས་ཕན་པ་མིན་འདུག
ད་དེ་ཙམ་ཡིན།
བྱང་ཨ་རིར་བཞུགས་པའི་བོད་རིགས་རྣམས་ཀྱི་བོད་སྐད་ཀྱི་གནས་ཚད་དེ་འདྲ་ཞིག་ཡིན་པར་ཧ་ཅང་བློ་ཕམ་ཡོད།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།