ཤེས་རབ་དར་རྒྱས།
“བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་”ཅེས་པའི་ཐད་བགྲོ་གླེང་འགྲོ་བཞིན་པའི་སྐབས་འདིར། ངས་ཀྱང་སྐབས་འཚོལ་གྱི་བགྱི་བ་ཞིག་དང་དུ་ལེན་འདོད་ལ། རེ་གཉིས་ཀྱིས་ཀྱང་སྐུལ་བྱུང་བ་སྤོབས་པ་ཡང་ཅུང་ཟད་སྐྱེས། དེ་ཡང་ལོ་ཤས་གོང་ནས་ཁོ་བོས་ཡིག་ཆ་ཀློག་ཞོར་གནད་དོན་མང་ཙམ་དྲན་ཐོར་བཀོད་པ་ལས་དོན་གནད་གཉིས་ཀྱི་ཐད་ཡིན།
དང་པོ། “གས་ངས་པས་”གསུམ་ཡིན་ནམ་“གེ་ངེ་པེ་”གསུམ་ཡིན།
འདིར་ཡིག་སྐད་བཞག་སྟེ་ཁ་སྐད་ཁོ་ན་བསམ་ཡུལ་དུ་བྱས་ཏེ་ཞུས་ན། “མི་མང་པོ་འདུག་གེ་”ཞེས་པ་ལྟ་བུ་དང་། “ཁྱེད་རང་གིས་མཐོང་སོང་ངེ་།” ཞེས་དང་། “ཁྱེད་རང་ལ་དེ་ཡོད་པེ་”ཟེར་བའི་གེ་སོགས་གསུམ་དྲི་བའི་དོན་དུ་འཇུག་ལ། དེ་དག་ནི་“འདུག་གམ་”ཞེས་སམ། “ཨེ་འདུག་”ཅེས་པའི་དོན་ལས་མ་འདས།
སྤྱིར་ཨེ་ཡིག་འདི་ཁ་སྐད་དུ་ཨ་ལྟར་ཐོན་ཏེ། དེ་ཡང་“ཨ་ཡིན་”ཞེས་དང་། “ཨ་ཡོད་”ཅེས་པས་མཚོན་ལ། སྐུལ་བའམ་གདམས་པའི་དོན་དུ་འཇུག་པའི་“ཨང་”ཡིག་ཀྱང་“ཨ་”ལྟར་བརྗོད་དེ་དཔེར་ན། “དེ་ལྟར་མ་བྱེད་ཨང་”ཞེས་པ་ལ་“མ་བྱེད་ཨ་”ཞེས་ཤོད་པ་སོགས་ཧ་ཅང་མང་ཡང་འདིར་མི་བརྗོད། འོ་ན། དེང་སྐབས། “འདུག་གས། སྤྲད་སོང་ངས། ཡོད་པས། ཡིན་པས། རེད་པས་”ཞེས་སོགས་འབྲི་བ་འདི་མི་འགྲིག་གམ་གསུངས་ན། སྔོན་གྱི་མཁས་པའི་གསུང་དྲངས་ནས་གསལ་བར་བྱེད་འདོད་པ་ལས་རང་ཚིག་གིས་མང་དུ་འབྲི་བའི་དགོས་པ་མ་མཐོང་། དེ་ཡང་།
1. ཀུན་བཟང་བླ་མའི་ཞལ་ལུང་དེབ་གཟུགས་མ་ཆུང་བའི་ཤོག་ངོས་ ༩༤ ལས། “བླ་མ་ལ་གཞན་ཚོས་གླང་རི་ཐང་པ་ངོ་ནག་པ་ཟེར་གྱིན་གདའ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམ་ན་ངོ་གདོང་ལ་དཀར་པོ་འོང་བ་འདུག་གེ༷་གསུངས།” ཞེས་སོགས་གསལ།
2. བླ་མ་ཚུལ་ཁྲིམས་ཉི་མ་དཔལ་བཟང་པོའི་རྣམ་པར་ལ་དྭགས་པར་མ་དེབ་གཟུགས་མའི་སྨད་ཆའི་ཤོག་ངོས་ ༧༢ ལས། “སྤྲང་སློང་གསུམ་ནས་ཕྱག་མཛུབ་སྙན་གྱི་ཐད་ཀར་བཅུགས་དབུ་སྒྲིལ་ཞིང་བཀའ་ཆོས་གནང་བའི་སྟངས་ཀ་མཛད་དེ། ངས་འདི་འདྲ་འདི་འདྲ་བྱས་ཚེ་ཁྱོད་ཀྱི་རྣམ་བར་གོ་བ་འདུག་གེ༷་གསུང་བ་ལ། རྗེ་འདི་བས། ཧ་ལམ་གོ་བར་འདུག་ཞུས་པས། གང་འདྲ་གོ་གསུང་།” ཞེས་དང་།
3. མི་ལའི་རྣམ་ཐར་དེབ་གཟུགས་མའི་ཤོག་ངོས་ ༣༦ ལས། “དེར་གྲོགས་པོ་ངའི་སྔོན་ལ་དིང་རིར་སླེབས་ནས་ཁང་གཉེར་བ་ལ་རྣལ་འབྱོར་པ་འདི་འདྲ་ཞིག་བྱུང་ངེ༷་དྲིས་པས།” ཞེས་དང་། “རྟགས་འདི་འདྲ་དང་འདི་འདྲ་བྱུང་ངེ༷་གསུངས།” ཞེས་དང་།
4. ནཱ་རོ་པའི་རྣམ་ཐར་དེབ་གཟུགས་མའི་ཤོག་ངོས་ ༨༩ ལས། “ཁྱེད་ཀྱིས་རྗེ་བཙུན་ཏེ་ལོ་པ་མཐོང་ངེ༷་གསུངས་པས།” ཞེས་དང་།
5. དེབ་སྔོན་དེབ་གཟུགས་མའི་ཤོག་ངོས་ ༥༡༤ ལས། “ངེད་མ་སྨད་ལ་སྔར་སྡང་བར་བྱས་པས་ད་ཁྱེད་རྣམས་སྐྱིད་པོ་བྱུང་ངེ༷་།” ཞེས་གསལ།
ཡིད་ཕངས་པ་ཞིག་ལ། “པེ་”ཞེས་པའམ་འབྲི་ཚུལ་གཞན་གང་ཡང་དཔེ་ཁུངས་མ་ཞིག་ད་བར་དུ་མ་རྙེད། གང་ལྟར། གོང་གསལ་དག་རིགས་པར་བླངས་ཏེ་བརྟགས་ན། “པས་”ཞེས་འབྲི་བ་ལས་“པེ་”ཞེས་བྲིས་ན་ནོར་ཉེན་མེད་ཁར། རིགས་པ་དང་ཡང་ལྡན་པར་མཐོང་ཡང་། མང་དུ་བྲིས་ན་གཞན་གྱི་སྤྱན་ལ་གཟན་པས་བཞག །མདོར་ན། ཁ་སྐད་སྦྱོང་བའི་སློབ་དེབ་ཏུ། “གས་ངས་པས་”གསུམ་འབྲི་བ་ལས་“གེ་ངེ་པེ་”གསུམ་བྲིས་ན་ལེགས་པར་མཐོང་ཡང་མཁྱེན་ལྡན་ཚོས་བརྟག་འཚལ་ཞུ།
གཉིས་པ། “གཱ་ངཱ་པཱ་”གསུམ་ཡིན་ནམ་“པ་དང་བ་”གཉིས་ཡིན།
སྤྱིར་པ་བ་གཉིས་ཀྱི་བྱེད་ལས་ནི་བོད་ཀྱི་སྐད་ཡིག་ནང་གོ་གནས་དང་ཁྱབ་ཁོངས་གཉིས་ཀ་ཆེ་ཡང་། འདིར་གཞན་རྣམས་བཞག་སྟེ་ཟུར་གཅིག་ཉིད་བརྗོད་པར་འདོད་དེ། དེ་ཡང་“་་་འདུག་པ། ་་་ཡིན་པ། ་་་ཡོད་པ། ་་་་རེད་པ། ་་་སོང་བ་”ཞེས་སོགས་ཟེར་བར་ཁ་སྐད་དུ་ཚིག་གོང་མའི་རྗེས་འཇུག་གི་སྒྲའི་རྐྱེས་པས་“འདུག་པ་”ཞེས་པར་ངག་ནས་“འདུག་ག་”ཞེས་ག་སྒྲ་འབྱུང་བ་ལ་ཤོག་ངོས་སུ་“འདུག་གཱ་”ཞེས་འབྲི་བ་དང་། “སོང་བ་”ཞེས་པ་ལ་“སོང་ང་”ཞེས་པའི་ང་སྒྲ་ཐོན་པ་ལ་“སོང་ངཱ་”ཞེས་སོགས་འབྲི།
འདིར་བཤད་པའི་པ་བ་གཉིས་ནི། དོན་གང་ཞིག་ངོ་སྤྲོད་པ་དང་ལྷན་དུ་བསྟན་དོན་དེར་འཐད་མིན་ཞོར་གྱིས་འདྲི་བ་དང་། ཤོད་མཁན་གྱིས་བསམ་ཚུལ་ལ་འཐད་མིན་གུས་ཚུལ་ལྟ་བུས་འདྲི་བ། བཤད་ཡུལ་དང་ཤོད་མཁན་གཉིས་ཀར་མྱོང་ཚོར་དང་ཡིད་ཆེས། ཤེས་རྟོགས་སོགས་ཐུན་མོང་དུ་ཡོད་པ་ཟུར་གྱིས་བསྟན་ཏེ་དོན་དེ་སླར་ཡང་ངེས་ངེས་སུ་བྱེད་པའམ་དྲན་གསོ་བར་བྱེད་པ་སོགས་ལ་འཇུག་ཅིང་། སྐབས་རེར་དམིགས་བྱ་ཁྱད་པར་བ་གང་ཡང་མེད་པར་གོམས་ལོབས་ཀྱི་རྗེས་སུ་འབྲངས་ཏེ་སྨྲ་བ་དང་། ཡང་མཚམས་རེར་རང་གིས་རང་ལ་ཤོད་པ་ལྟ་བུའམ། ལབ་སྲོལ་ཙམ་གྱི་རྣམ་པར་གྱུར་པ་སོགས་ཀྱང་ཡོད། “ཁོས་དེ་ལྟར་བཤད་སོང་ང་(བ)།” ཞེས་པ་ལྟ་བུར་མཚོན་ན། དྲི་བའི་ཚུལ་ལ་བརྟེན་ཏེ་ཁོས་གང་བཤད་པ་དེ་བཤད་ཡུལ་དང་ཤོད་མཁན་གཉིས་ཀས་གོ་བར་སྟོན་པ་ལྟ་བུ་ཡིན། གང་ལྟར། མཁས་པའི་གསུང་ལས།
1) མི་ལའི་རྣམ་ཐར་གྱི་ ༡༩ ལས། “ཨ་ཁུ་དང་ཨ་ནེ་ནི་ངེད་ལ་ནོར་དགོས་ཟེར། ནོར་ཁྱེད་རང་ལ་འདུག་པ། ཡུལ་མི་ཁྱིམ་མཚེས་ལ་ཤ་ཆང་ཕངས་མེད་བཤམས་ནས་སྟོན་མོ་བཤམ་རྒྱུ་འདུག་པ༵། ཁྱེད་ཀྱི་ནོར་རམ་དེ་ངེད་ལ་མེད།” ཅེས་དང་།
2) ནཱ་རོ་པའི་རྣམ་མགུར་དེབ་གཟུགས་མའི་ ༦༨ ལས། “སྔོན་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཉིད་ཀྱིས་ཁྱིམ་ཐབ་སྤངས་ཏེ། རབ་ཏུ་བྱུང་ནས་ཆོས་མཛད་པས་ཀ་རྒྱལ་པོ་ཟས་གཙང་ཡབ་ཡུམ་གྱི་དྲིན་ལན་ལོན་འདུག་པ༵། ང་ཡང་དེ་བཞིན་དུ་བྱེད་པས་ཡབ་ཡུམ་གྱིས་བཀས་གནང་དུ་གསོལ་ཞུས་པས།” ཞེས་དང་།
3) ཐུའུ་བཀན་གྲུབ་མཐའ་དེབ་གཟུགས་མའི་ ༣༡༨ ལས། “མཁས་གྲུབ་རིན་པོ་ཆེའི་སྐུ་ཚེ་བློས་བཏང་ནས་སྔགས་འཆད་པ་འདུག་པ༵་གསུངས། ཞེས་རྣམ་ཐར་ལས་བྱུང་ངོ་།།”
4) དེབ་སྔོན་དེབ་གཟུགས་མའི་ ༢༧༥ ལས། “ཨེ་རྣལ་འབྱོར་མ་ལོ་གསུམ་གྱི་གོང་ནས་བར་ཆད་བདུན་བྱུང་ནས་འདུག་པ༵་གསུང། དེ་ཁོ་ན་ཞུར་མཆིས་པ༵་ལགས། ཞེས་ལན་ཞུས་པས། རྩ་བའི་བླ་མ་དང་དམ་ཚིག་ཉམས་འདུག་གསུང་། བླ་མ་རྨ་ལགས་ཏེ། དམ་ཚིག་ཉམས་པར་མ་ཚོར་ཞུས་པས། བླ་མའི་བཀའ་མ་བྱུང་བར་གཞན་གྱི་ལས་རྒྱ་བྱས་འདུག་པ༵། དམ་ཚིག་ཉམས་པའི་ཟས་ཟོས་ནས་འདུག་པ༵། ཁས་བླངས་ཀྱི་དམ་བཅའ་ཉམས་ནས་འདུག་པ༵། བླ་མའི་བཞུགས་སྟན་བཏིང་འདུག་པ༵། བླ་མ་ལ་དབང་ཡོན་མ་ཕུལ་བར་འདུག་པ༵། དམ་རྫས་མ་བསྟེན་པར་འདུག་པ༵་གསུང་།” དེའི་ཤོག་ངོས་ ༢༧༧ ན་ཡང། “རྟ་ནག་གཅིག་བསྐྱུད་ནས་གདའ་བ་གསུངས།”
5) བློ་སྦྱོང་ཉི་མའི་འོད་ཟེར་དེབ་གཟུགས་མའི་ ༩ ལས། “རིན་པོ་ཆེའི་ཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང། །བདག་དགེ་མ་ལུས་དེར་སྨིན་ཤོག།།ཅེས་གསུངས་སྣང་བ༷་གསུང། ་་་ ཆོས་སྐད་བཏང་བས་ཅི་ཕན་བསླབ་ཏུ་བཏུབ་པ་མེད་པ༵་གསུང།”
6) རྒྱལ་རབས་གསལ་བའི་མེ་ལོང་དེབ་གཟུགས་མའི་ ༨༨ ལས། “འོན་ཀྱང་ཁྱོད་ས་ཐག་རིང་ནས་སླེབ་འདུག་པ༵། ཁྱོད་རང་གི་ཡུལ་དུ་ལོག་ལ།”
རྒྱལ་རབས་གསལ་བའི་མེ་ལོང་གི་ ༡༢༨ ལས། “རྒྱ་མོ་བཟའ་ཡང་སེམས་ལ་བཟོད་ཐབས་མ་བྱུང་བར་བློན་པོ་མགར་བོས། བློན་པོ་ཆེན་པོ་ཁྱེད་རང་ཇི་ལྟར་གསུངས་པ་ལ་བརྟེན་ནས་འོང་བ་ཡིན་པ༵། ཁྱི་བོས་ནི་མ་བརྡུང། ཁྲེལ་མེད་གདོང་ཆུང་མི་བྱེད་པར། ངེད་དཔོན་གཡོག་རྣམས་ལ་བརྒྱགས་དང་གོས་སྐྱོལ།”
རྒྱལ་རབས་གསལ་བའི་མེ་ལོང་གི་ ༡༣༠ ལས། “བོད་དུ་འོང་དུས་ཀྱང་ང་མེད་པར་ལམ་དུ་ལུས་འདུག་ནས་ལམ་མ་ཤོག་པར་འདུག་པ༵། ད་ངས་བལ་མོ་བཟའ་ལའང་གྲོས་འདེབས།”
རྒྱལ་རབས་གསལ་བའི་མེ་ལོང་གི་ ༡༤༣ ལས། “གཡོག་མོས་སྒོ་ཕག་ནས་བལྟས་པས་ཐམས་ཅད་སྤྲུལ་པར་འདུག་པ༵། ཧེ་ཧེ་ཟེར་བགད་པས།”
རྒྱལ་རབས་གསལ་བའི་མེ་ལོང་གི་ ༡༦༠ ལས། “དགེ་ཚུལ་གཉིས་ལོག་ལྟ་སྐྱེས་ཏེ། སྤྱན་རས་གཟིགས་བདུད་དུ་འདུག་པ༵། མི་འདི་ཙམ་གསོད་པ༷། ངེད་རང་གཉིས་ལོག་ལ་འདོང་ཟེར་ཏེ་ལོག་གོ།”
རྒྱལ་རབས་གསལ་བའི་མེ་ལོང་གི་ ༡༩༠ ལས། “དེར་མང་བཟའ་ན་རེ། རྒྱལ་པོ་ཡབ་ཡུམ་སྤྲུལ་པའི་སྐུར་འདུག་པ༵། ཡབ་ཡུམ་གསུམ་ཁ་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་ནས་བཞུད་དོ་ཟེར་ནས་ངུས་པས།”
7) བཀའ་གདམས་ཆོས་འབྱུང་དེབ་གཟུགས་མའི་ ༦༤ ལས། “ད་ཡང་ཚེ་དང་ལྡན་པ་འདི་འདི་ཇོ་བོ་སྤྱན་འདྲེན་པ་ལ་བཏང་བར་འདུག་པ༵།”
8) རྗེའི་གསུང་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་ལས། “འོ་ན་ཕུང་པོའི་སྣང་བ་ཁོ་ལ་འཆར་བ་འདྲ་ཞིག་འོང་གི་འདུག་པ༵་སྙམ་ན། དེ་ཁོའི་སྔ་ལོགས་སུ་བྱུང་བ་ཡིན་གྱི་ཁོ་ལ་སྣང་བ་མ་ཡིན་ནོ།།”
9) ཕ་ཆོས་ཀྱི་དངོས་གཞི་ཞུས་ལན་ནོར་བུའི་ཕྲེང་བ་དེབ་གཟུགས་མའི་ ༡༥༨ ལས། “ཇོ་བོ། འོ་ན་བཏང་སྙོམས་བྱ་ལགས་སམ། འབྲོམ། དེ་ལའང་གཏི་མུག་སྲིད་པ་ཡིན། ཇོ་བོ། འོ་ན་བྱ་ས་མི་འདུག་པ༵། འབྲོམ། བྱར་མེད་རྟོགས་ན་མཉམ་ཉིད་ཡིན། ཇོ་བོ། ལགས་དག་(ལྟ་)ལགས་ཏེ་དེས་ཕན་ནམ།”
10) སླེ་ལུང་བཞད་རྡོར་གྱི་རང་རྣམ་དེབ་གཟུགས་མའི་ ༢༤ ལས། “དེ་ནུབ་ཕས་དགོས་མེད་དུ་མང་པོ་ཟེར་དགོས་ན་ཤོད་རྒྱུ་མི་འདུག་པ་བྱས་པར་”ཞེས་དང་། ཡང་ཤོག་གྲངས་ ༨༨ ལས། “ཕྱག་དབང་སོགས་ཞུས་ན་མིས་འཕྱས་ཡོང་སྙམ་པའི་ཞུ་མ་ནུས་ཤིང་། ལྡང་བ་ཞིག་ཞུས་པར་ལགས་ལགས་ཁྱེད་རྗེ་དྲུང་བསྟན་པ་རྒྱ་མཚོའི་སྐུ་སྐྱེ་དེ་ཡིན་པར་འདུག་པ༵་ཞེས་མཉེས་མཉེས་གནང་།” ཞེས་གསུངས་པ་ལྟར་ཡིག་ཆ་རྙིང་པ་དག་ན་འདི་ལྟ་བུ་བྲིས་པ་ཤིན་ཏུ་མང་།
མདོར་ན། ཁ་སྐད་སློབ་དེབ་ཏུ། “གཱ་ངཱ་པཱ་”གསུམ་འབྲི་བ་ལས་“པ་བ་”གཉིས་བྲིས་ཏེ་ཁ་སྐད་ཀྱི་སྒྲ་འབྱུང་ཚུལ་གསལ་བཤད་བྱེད་པའམ། ཡང་ན། “ག་ང་པ་”གསུམ་བྲིས་ཏེ་ཤད་གུག་གམ་གུག་རྟགས་སུ་“པ་བ་”གཉིས་བྲིས་ན་ལེགས་སྙམ་སྟེ་དཔྱད་འཚལ། ད་དུང་འདི་ལྟ་བུ་བཤད་བྱ་མང་ཡང་མ་བྲིས། གལ་ཏེ་དགོས་པ་མཐོང་ཚེ་གཞན་རྣམས་ཀྱང་རིམ་པས་ཆོག་པ་བཅས་ཤེས་དར་བས།
བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྒྲིག་མཁན་ཚོས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་མེད་པ་དང་། ལྷག་བསམ་མེད་སོང་བ་སོགས་ཀྱི་དོགས་པ་ཡེ་ནས་མེད། འོན་ཏེ། མི་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་བྱས་པའི་མཇུག་འབྲས་ལ། དེང་སང་ཤེས་ཡོན་པའི་སྡེའི་ཤེས་ནས་སྨྲ་བ་ཚོས་སྐྱོན་འདོན་དང་ཡོ་བསྲང་གི་རེ་སྐུལ་གནང་བཞིན་པའི་གནས་སྐབས་ཤིག་རེད། ད་ལྟ་དྲ་ལམ་ན་མཇལ་དུ་ཡོད་པའི་སློབ་དེབ་གསུམ་པོ་གཞིར་བཞག་གླེང་སློང་མུ་མཐུད་བྱེད་བཞིན་པ་འདི་ཡག་པོ་རེད། ཤེས་རིག་ལས་ཁུངས་དང་། སློབ་དེབ་སྒྲིག་མཁན་ཚོས་རབ་ཡིན་ན་སློབ་དེབ་འདི་འདྲ་བྱང་ཨ་རིའི་སྤྱི་ཚོགས་ནང་འགྲེམས་སྤེལ་མི་བྱེད་པའི་རེ་བ་བྱེད་ཀྱིན་ཡོད། འགྲེམས་རྒྱུ་ཡིན་ན། སློབ་དེབ་ཚད་ལྡན་རེ་འགྲེམས་རོགས།
ཤེས་རབ་དར་རྒྱས་ལགས་སུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཤེས་རིག་ལས་ཁུངས་དང་དམིགས་བསལ་གཟའ་མཇུག་གམ་བར་གསེང་སློབ་དེབ་སྒྲིག་མཁན་ཚོར་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་ལ་བརྩི་ཞེན་མེད་པའི་དོགས་པ་མེད་ཅིང་། དེ་ནི་ཁོང་ཚོར་ཤེས་ཡོན་དང་ལས་དེ་བགྱི་པའི་ཉམས་མྱོང་དང་ཤེས་རབ་མེད་བཞིན་དུ་འཇོན་མདོག་བྱས་པའི་མཇུག་འབྲས་རེད་སྙམ། དེ་ལས་ཀྱང་ཧང་སངས་དགོས་པ་ནི་རང་གིས་རང་ཉིད་ཤེས་ཡོན་པར་རློམ་མཁན་རེ་ཟུང་གིས་བགྱི་པ་འདི་མི་རིགས་དང་སྐད་ཡིག་ལ་གྱོང་གུད་དང་ཉེན་ཚབས་ཡིན་པ་ཤེས་བཞིན་དུ་ད་དུང་རྒྱུ་མཚན་ཡ་མ་ཟུང་གིས་དེ་ལ་རྒྱབ་སྐྱོར་བྱེད་བཞིན་དེ་རེད།
ཨ་ཡག་པོ་བྲིས་འདུག་གོ།
རེད་པས། ལས། རེད་པེ་དག རེ་བ་ལས། རེ་པ་དག་པ་རེད།
དངོས་ནས་མཁས་པ་ཟེར་བ་དེ་ལ་ཁྱད་ཆོས་འདི་འདྲ་ཞིག་ཡོད་པ་རེད། ཐུགས་རྗེ་ཆེ།
བོད་གཞུང་ལས་བྱེད་ཀྱིས་བོད་ཡིག་བཟོ་བཅོས་ཨེ ཀྲིང་མོག་དང་ནོར་བ་མིན་འགྲོ
གཟའ་འཇུག་ཁ་སྐད་སློབ་དེབ་ནང་ལ། མགྱོགས་པོ་ཤེས་ཕྱིར་ཐབས་ལམ་སྣ་ཚོགས་སྤྱད་ཡོད་རེད། འོནད་ཀྱང་། ཐབས་ཤེས་ཡག་ཤོས། ཚིག་བར་སྟོང་ཆ་བཞག་ན་ཡག་པོ་ཡོད་པ་དེ། བེད་སྤྱད་གནང་ཡོད་མ་རེད།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།