གཅན བཟོད་རྒྱམ།
ཉིན་འགའི་སྔོན་ནས་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་དང་འབྲེལ་ནས་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་བྱང་ཤ་རིའི་གཟའ་མཇུག་སློབ་དེབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་བསྐྱར་ཞིབ་ཚོགས་པ་སོགས་ཤེས་ལྡན་མང་པོས་ཐུན་མོངས་བྱས་ཉེས་ཏེ། སློབ་དེབ་ལས་བོད་ཀྱི་བརྡ་སྤྲོད་གཞུང་དང་མི་མཐུན་ས་མང་པོ་བཀོད་འདུག་པའི་སྐོར་ནས་དམངས་ཀྱི་བསམ་ཚུལ་འདྲ་མིན་དང་དགག་རྒྱག་རྩོམ་ཡིག་སོགས་དྲ་ངས་གང་སར་ཁྱབ་བཞིན་འདུག་པ་མང་པོར་ལྟ་རྒྱུང་བྱུང་། སྤྱིར་ད་ཐེངས་གནས་ཚུལ་འདིའི་ཐད་ལ་བསམ་ཚུལ་ཅང་མ་ཞུས་བར་འདུག་དགོས་བསམ་མོད།
ཤེས་ལྷན་གྱིས་དེ་འབྲེལ་གསལ་བཤད་ཅིག་གནང་བའི་ནང་དུ། ད་བར་སུས་ཀྱང་བསམ་ཚུལ་འབུལ་མཁན་མ་བྱུང་པ་དང་། བསམ་ཚུལ་གང་ཡོད་འབུལ་དགོས་པའང་འགན་ཡོད་ཚུལ་མདོག་མདོག་ཅིག་བཤད་འདུག རེད་དེ་འགན་ཡོད་པ་བྱས་ན་ཡོད་པ་རེད། བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡིན་ཙ་ན། བོད་མི་ཡིན་ནོ་ཅོག་ལ་འགན་ཡོད་ཅིང་འགན་འཁྱར་ཐུབ་མཁན་དག་གིས་འགན་འཁྱེར་དགོས་པའང་ལོས་ཡིན།
འོན་ཏེ་ང་ཚོའི་བསམ་ཚུལ་ཕུལ་བ་འབྱོར་བ་ཙམ་ལས་དང་ལེན་གནང་མིན་སུས་ཤེས་ཏེ། གཞུང་གི་ལྷན་ཁང་ག་གེ་མོར་རེ་གཉིས་ལ་སྔོན་མ་ཞིག་ལ་བསམ་ཚུལ་ཕུལ་ཡང་མ་འབྱོར་བའམ་ཡང་ན་འབྱོར་ཀྱང་མ་འབྱོར་བའི་ཁུལ་གནང་བའམ། གང་ལྟར་འབྱོར་དང་མ་འབྱོར་གྱི་ལན་ཅི་ཡང་མེད་པར་མཚོ་ནང་རྡོ་གཡུགས་ཀི་གནས་ཚུལ་དེ་འདྲར་ཐུགས་མྱོང་། འདི་ཉམས་མྱོང་ཡིན།
ཤེས་ལྷན་གྱི་དགོངས་ཚུལ་དེ་མ་སླེབས་གོང་ནས་བསམ་ཚུལ་དེ་འདྲ་ཞིག་དྲ་ངོས་དག་ནས་འགྲོ་བཞིན་པ་མཐོང་སོང་། ད་བར་དུ་ཤེས་རིག་ལ་བསམ་ཚུལ་ཕུལ་མཁན་བྱུང་མེད་པ་དང་། བསམ་ཚུལ་གང་ཡོད་ན་ཤེས་རིག་ལ་མ་ཕུལ་བར་དྲ་ངོས་སུ་བཀོད་པ་དག་ལ་ལྷག་བསམ་ཡོད་མེད་དང་འོས་འཚམས་ཡིན་མིན་གྱི་སྐད་ཆ་ཡང་འགྲོ་བཞིན་པ་མཐོང་། ཡང་ཤེས་རིག་ལས་ཁུངས་ཀྱིས་ཀྱང་དེ་མཚུངས་འདྲ་ཞིག་བྲིས་ནས་བསལ་བསྒྲགས་གནང་འདུག་པ་དེ་ཚང་མ་གཅིག་རྒྱབ་གཉིས་ལངས་དང་རང་ཉེས་ཁས་ལེན་བྱེད་མི་འདོད་པའི་རྣམ་འགྱུར་ཞིག་ཡིན་པ་མངོན་གསལ་མ་རེད་དམ།
སློབ་དེབ་དཔར་སྐྲུན་བྱས་ཚར་འདུག དེ་ཡང་ཚོན་ལྡན་དང་སྤུས་དག་རེད་འདུག འགྲོ་སོང་སྒོར་དུ་ཙམ་སོང་ཡོད། དངུལ་མང་པོ་དེ་འདྲ་འཕྲོ་བརླག་ཏུ་བཏང་བའི་གུན་གསབ་སུས་སྤྲོད་དམ། ཤེས་ལྷན་དང་བྱང་ཨ་རིའི་ཚོགས་སྡེ་གང་ཞིག ཡང་ན་རྩོམ་སྒྲིག་པ། འདི་ལྟ་བུའི་སྤྱི་ཚོགས་ནང་དུ་ཁ་གསལ་བཟོ་རྒྱུ་དང་ནོར་འཁྲུལ་བཟོ་མཁན་མི་སོ་སོའི་ངོས་ནས་རང་སྐྱོན་ངེས་བཞེས་ཀྱིས་ཁ་མི་གྲགས་པར། ད་དུང་རྒྱབ་ནས་ལྐོག་ལབ་ཤོམ་ཆེན་དང་ཡིག་ཉོག་དྲ་གཏོར་གནང་ན་ཡག་པོ་མ་རེད།
སློབ་དེབ་དེ་རྣམས་བྱང་ཤ་རིའི་བུ་གུ་ཚོའི་སློབ་དེབ་བྱ་རྒྱུ་ཡིན་ནམ། ཡང་ན་བེད་སྤྱོད་མེད་ཁུངས་ནས་རྩ་མེད་གཏོང་གི་ཡིན་ནམ། ཅི་འདྲའི་མིའི་ངལ་བ་དང་དུས་ཚོད། སྒོར་མོ་ཆུད་ཟོས་སུ་བཏང་བ་ཞིག་མ་རེད་དམ།
ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་ལ་ད་སྔ་གླེང་ཟིན་པ་ཚང་མ་གཅིག་དཔེ་གཉིས་བཤུས་ལྟ་བུའི་སློབ་དེབ་གཉིས་པའི་ནང་གི་བྱེད་སྒྲའི་སྐོར་དེ་ཙམ་གཅིག་པུར་འཐམ་འདུག་སྙམ་ན། ངས་དེའི་སྐོར་ལ་ཅང་བཤད་ཀི་མིན་ཏེ། སྤྱིར་དེའི་ཐད་ནས་ཀྱང་ཞུ་རྒྱུ་མང་མོད། ཤེས་ལྡན་པ་ཁོང་ཅག་གིས་དགོངས་ཚུལ་མང་པོ་གནང་འདུག
དེ་ལས་གལ་ཆེ་བ་དེ་སློབ་དེབ་དང་པོའི་ནང་གི་ཀི་ཀུ་ཀེ་ཀོ་ལྟ་བུའི་དཔེ་བརྗོད་དང་། སྔོན་མཇུག་རྗེས་མཇུག་དང་མགོ་འདོགས་ཀྱི་དཔེ་དེ་ཚོར་འགོ་མཇུག་ཆ་ཚང་བར་གཟིགས་དང་། སློབ་དེབ་གཉིས་པ་ལས་དང་པོར་མི་དགོས་པ་མང་པོ་རྡོ་ཆག་བཙན་སྦྱོར་བྱས་མི་འདུག་གམ།
སློབ་དེབ་དང་པོའི་ནང་གི་རྗེས་མཇུག་ཅན་གྱི་དཔེར་བརྗོད་ནང་དུ་བོད་ལ་ཐོན་མིས་མ་བཟོས་པ་སྔར་ནས་དེ་རིང་བར་དུ་ཡོད་མ་མྱོང་བའི་ཡི་གེ་མང་པོ་བྲིས་འདུག དེ་ཚོ་བྱང་ཤ་རིའི་བུ་གུ་ཚོའི་ཀླད་པའི་ནང་བཅུག་ནས་གང་དུ་བེད་སྤྱོད་གཏོང་གི་ཡིན་ནམ། བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུའི་ནང་དུ་དེ་དག་བེད་སྤྱོད་གནང་ས་མི་འདུག་སྙམ།
བྱང་ཤ་རིའི་བུ་གུ་དེ་ཚོར་བོད་ཡིག་སློབ་པའི་དུས་ཚོད་ཉུང་བ་དང་དུས་ཚོད་དེ་ཡང་གཟའ་མཇུག་གུང་གསེང་གི་སྐབས་དང་བསྟུན་དགོས་སྟབས། བོད་ཡིག་སློབ་དེབ་སླ་མོ་ཞིག་དགོས་ཚུལ་གྱིས་སློབ་དེབ་དེ་ཚོ་བཟོས་པ་ཡིན་མདོག་རེད་མོད། སྔར་བོད་ལ་མེད་པའི་ཡི་གེ་གསར་བཟོ་དེ་དག་སྦྱོང་གི་བཅུག་ན་དུས་ཚོད་མེད་པའི་སྒང་ལ་དུས་ཚོད་བཙན་གྱིས་བཙལ་བ་དེ་ཡང་ཆུད་ཟོས་མ་རེད་དམ། ད་དུང་བུ་གུ་དེ་ཚོས་དཀའ་སྡུག་གིས་སྦྱངས་པའི་བོད་ཡིག་(གསར་བཟོས་) དེ་ཚོ་གང་དུ་བེད་སྤྱོད་གཏོང་ངམ།
ངས་འདི་ནས་དཔེ་རེ་རེ་བྱས་ཏེ་དྲངས་མི་དགོས་པར་འགན་འཁྱེར་མཁན་དང་འཁྱེར་ཐུབ་སྙམ་མཁན་དག་གིས་དེབ་དང་པོ་དེར་ཡང་ཞིབ་གཟིགས་ཞིག་གནོངས་དང་། དཔེར་བརྗོད་ཆ་ཚང་དེར་ཚོན་ལྡན་དུ་བྲིས་གནང་འདུག་པས་ངས་འདིར་ཚོན་ལྡན་མིན་ལ་མིག་ལ་མི་མཛེས་པ་ཞིག་འབྲི་དགོས་པ་མི་འདུག་སྙམ།
རང་ཅག་བོད་ཕྱི་ནང་གཉིས་ན་བུ་གུར་བོད་ཡིག་སློབ་དེབ་གྲངས་མི་ཆོད་པ་ཡོད་པ་མ་ཟད། དེ་དག་གིས་སྔར་ནས་ད་བར་དུ་བོད་ཕྲུག་ཚོའི་རྒྱུད་ལ་བོད་ཡིག་གཙོས་བོད་ཀྱི་རིག་གཞུང་གི་སྙིང་བཅུད་གང་ལ་གང་འཚམ་ཞིག་བླུགས་ཡོད་པ་ཞུ་ག་ལ་དགོས། དངོས་གནས་བཤད་ན་བོད་ཕྱི་ནང་གཉིས་ན་སྔར་ནས་བསྒྲིགས་ཟིན་པའི་སློབ་དེབ་མང་པོ་ཞིག་ཡོད་པ་དེ་ཚོར་དཔེ་གཟིགས་ཏེ། སྣོན་འཕྲི་གང་དགོས་པ་གྲོས་མོལ་དང་བསྐྱར་ཞིབ་ཀྱིས་བཟོ་སྒྲིག་བྱས་ན་མ་འཐུས་པ་མེད་མོད། སློབ་དེབ་བསྐྱར་བཟོ་བྱ་རྒྱུ་འདི་ཡང་ཁོང་ཅག་(དགེ་རྒན་དང་ཉམས་མྱོང་ཡོད་ཟེར་བ་དག་)གིས་ལས་ཀ་སླ་མོ་ཞིག་ལ་གཟིགས་ནས་བཟོས་པའི་ཁུལ་རེད་མོད། དོན་ལ་སྔར་སྒྲིག་ཟིན་པའི་སློབ་དེབ་དང་བསྡུར་ནས་བསྐྱར་གཟིགས་ཞིག་གནོངས་དང་། ཅི་འདྲ་འདུག སློབ་དེབ་ཅིག་རྩོམ་སྒྲིག་བྱེད་སྐབས། རྨང་གཞིའི་འཛིན་གྲྭའམ་ལས་དང་པོ་བ་ཚོར་ཐོག་མར་གསལ་བྱེད་དང་དབྱངས། མགོ་འདོགས་དང་འཕུལ་རྟེན། དེ་ནས་མིང་ཚིག་སོགས་སློབ་དགོས་ལ། མིང་ཚིག་དག་ཀྱང་ཉིན་རེའི་འཚོ་བ་དང་བར་ཐག་ཉེ་བ། དེ་ཡང་བྱིས་པའི་ཉིན་རེའི་འཚོ་བ་དང་བར་ཐག་ཉེ་བ། དེ་ཡང་བྱིས་པའི་དགའ་སྣང་བྱེད་པའི་ཉིན་རེའི་འཚོ་བ་དང་མཁོ་ཆས་དག་དང་བར་ཐག་ཉེ་བ་ཡིན་དགོས་པ། འདི་ལྟར་རིམ་གྱིས་གོང་འཐོར་གཏོང་དགོས་པ་སྔར་གྱི་སློབ་དེབ་དག་ལས་གསལ་བོར་དཔེ་འགེབས་བྱེད་ཐུབ་པས་ན། སློབ་དེབ་སྒྲིག་མཁན་ཚོས་སྔར་སྒྲིག་ཟིན་ཡོད་པའི་སློབ་དེབ་དེ་ཚོ་མིག་དཔེར་འཛིན་རྒྱུ་གལ་ཆེན་ཡིན།
བྱང་ཨ་རིའི་གཟའ་མཇུག་སློབ་དེབ་དང་པོར་དེར།
དབྱངས་གསལ་ངོ་སྤྲོད་གཞན་དུ་ཡོད་ན་གང་ཤེས། འདིར་ར་མགོ་ནས་འགོ་འཛུགས་གནང་འདུག དེ་ཡང་ར་མགོ་ཅན་གྱི་ཡི་གེ་རྣམས་བསྟར་ཆགས་སུ་བྲིས་འདུག ངས་བྱས་ན་སྐབས་འདིར་ར་མགོ་ཞེས་གྲུ་བཞིའི་ནང་དུ་བྲིས་འདུག་པ་དེར་ར་མགོ་བཅུ་གཉིས་ཞེས་བྲིས་ན། བུ་གུས་ར་མགོ་དང་ར་མགོ་ཅན་གྱི་ཡི་གེ་གྲངས་ཀ་བཅུ་གཉིས་ཡོད་པ་གཉིས་དུས་གཅིག་ལ་སྦྱོང་ཐུབ། དེ་བཞིན་ས་མགོ་བཅུ། ལ་མགོ་བཅུ་གཅིག ཅེས་བྲིས་ན་མི་ལེགས་སམ། ར་མགོ་བཅུ་གཉིས་ས་མགོ་བཅུ། ལ་མགོ་བཅུ་གཅིག་ཡ་བཏགས་བདུན། ར་བཏགས་བཅུ་གཉིས་ལ་བཏགས་བདུན།། ཝ་ཟུར་བཅུ་གསུམ་(གཞན་གསུམ་བརྩེགས་མ་ཡིན་པས་འདིར་མི་འདྲེན་པའང་ཡོད) སོགས་བྲིས་ན་མགོ་འདོགས་ངོས་འཛིན་དང་མཉམ་དུ་གྲངས་ཀ་དུ་ཡོད་ཀྱང་མཉམ་དུ་སྦྱོང་སླ་བའི་ཁྱད་ཆོས་ལྡན།
གོང་དུ་ཞུས་ཟིན་པ་ལྟར་སྐི་སྐུ་སྐེ་སྐོ་སོགས་ནས་ ཧིད་ཨུད་ཧེད་ཨོད། ཧིན་ཨུན་ཧེན་ཨོན། སོགས་དཔེར་བརྗོད་ཆ་ཚང་བར་བསྐྱར་ཞིབ་ཅིག་གནོངས་དང་། སྤྱིར་བོད་ཡིག་ལ་ཡོད་མེད་གཉིས་ཀ་ཡོད་པར་མ་ཟད། བོད་ཡིག་ལ་འབྲི་སྲོལ་ཡོད་པ་དེ་ཚོ་ཡང་ཧ་ཅང་དགོས་མཁོ་དང་སྤྱོད་སྒོ་ཉུང་བ་དེ་འདྲ་ཤིན་ཏུ་ནས་མང་བར་བཀོད་འདུག་ལ། དེ་དག་ནི་རྩོམ་སྒྲིག་པས་མགོ་འདོགས་དབྱངས་གསུམ་དང་འཕུལ་རྟེན་དེ་དག་གི་འཇུག་པ་གཙོ་བོར་བཟུང་སྟེ་དགོས་མཁོའི་བབ་ལ་ཐུགས་བསམ་བཞེས་མི་འདུག་སྙམ། གོང་གི་ཡི་གེ་འདི་ཚོར་དགེ་རྒན་ཁོ་དང་རྩོམ་སྒྲིག་མཁན་ཁོ་བོ་ཅག་ལའང་ད་ལྟ་རང་དཔེ་བརྗོད་རེ་གནོངས་ཟེར་ན། དཀའ་ཙམ་གདའ་སྙམ་ཞིང་། དེ་ཡང་འདི་ལྟ་བུ་དག་ནི་བོད་ཡིག་བོད་སྐད་ཐོག་མར་སྦྱོང་བའི་ལས་དང་པོ་བའི་བུ་གུ་ཚོར་ཕན་པ་ལས་དུས་ཚོད་ཆུད་གཟན་པའི་རྒྱུ་ཁོ་ན་མ་རེད་དམ།
ཡང་ད་ས་གཉིས་ཡང་འཇུག་གི་འཇུག་པ་བཤད་སྐབས། ད་ས་གཉིས་ཡང་འཇུག་ཡིན་པ་ངོས་བཟུང་། དཔེར་བརྗོད་བྲིས་འདུག འོན་ཀྱང་ད་ས་གཉིས་ཀྱི་འཇུག་ཡུལ་གང་ཡིན་ངོས་འཛིན་ཐུབ་མེད་པའི་ཟོལ་འདྲ་ཞིག་འདུག དེ་ཡང་དཔེར་བརྗོད་ལས། ས་ཡང་འཇུག་གི་དཔེ་ལ། ཉམས། རིགས། ཁུངས། ཚོགས། ད་ཡང་འཇུག་གི་དཔེ་ལ། གྱུརད། སྒྱུརད། ཚོལད། སྩོལད། རོལད། བཅས་བྲིས་འདུག འདི་དག་ལས་ཡང་འཇུག་གི་འཇུལ་ཡུལ་གང་ལ་ངོས་བཟུང་བ་ཡིན་ནམ། མིང་གཞིར་ངོས་འཛིན་མི་དཔེ། རྗེས་འཇུག་ལ་ངོས་བཟུང་བ་ཡིན་ན། ད་དུང་འཇུག་ཡུལ་རྗེས་འཇུག་གཞན་ཞིག་བཀོད་མི་འདུག་པའི་ཆད་སྐྱོན་བྱུང་འདུག ཆད་སྐྱོན་མིན་ཟེར་ན། ཡང་འཇུག་དའི་འཇུག་ཡུལ་ན་དང་དེའི་དཔེར་བརྗོད་བྲིས་མི་འདུག་པས་ཆད་པའི་སྐྱོན་མི་ནམ། ན་ཡང་འཇུག་གི་འཇུག་པ་སློབ་མི་དགོས་པ་ག་ནས་ཡིན། ཕྱིནད། འཛིནད། ལྟ་བུའི་དཔེ་བཀོད་མེད་པས་ཆད་སྐྱོན་མིན་ཅི་ཡིན།
རྗེས་འཇུག་དང་ཡང་འཇུག་གང་ཡིན་རུང་ཐོག་མར་དེ་དག་འཇུག་ཡུལ་གྱི་རྨང་གཞི་དང་རྗེས་འཇུག་ཡི་གེ་གང་ཡིན་ངོས་འཛིན་ཐུབ་དགོས། དེ་མ་ནུས་ན་དཔེར་བརྗོད་ཆད་ལྷག་གི་སྐྱོན་དང་། ཡི་གེ་གང་བྲིས་ན་ནོངས་ཤོར་སླ།
རྗེས་འཇུག་གི་སྐབས་སུའང་གསལ་བཤད་ཅུ་སུམ་ཐམ་པ་བོར་རྗེས་འཇུག་ཡི་གེ་ཁྱེད་མེད་དུ་སྦྱར་འདུག ཀའ། ཁའ། གའ། ངའ། སོགས་ནས་ཧའ། ཨའ། བར་དུ་བྲིས་འདུག སྤྱིར་སུམ་རྟགས་ཀྱི་སྐབས་སུ་འདི་དག་གི་འཇུག་པ་བཤད་མོད། འ་ཡི་རྗེས་འཇུག་ལྟ་བུ་དེ་དོར་ནས་མི་ལོ་བརྒྱ་ཕྲག་ཕྱིན་ཟིན་པ་དང་། དེ་འདྲ་བུ་གུ་ལ་བསླབ་ཀྱང་དགོས་པ་མི་འདུག་སྙམ། ཧིས་ཤུས་ཧེས་ཨོས་སོགས་རྗེས་འཇུག་དང་དབྱངས་ཅན་གྱི་དཔེར་བརྗོད་ཚང་མར་བསྐྱར་ཞིབ་གནང་དགོས་ཀྱི་འདུག དེ་ལྟར་ན་གོང་ཞུས་བཞིན་དེ་དག་ཚང་མ་སྦྱོང་བར་བེད་སྤྱོད་མེད་པ་དང་དུས་ཚོད་བྲན་པའི་དགོས་པ་མ་མཐོང་།
གཞན། གསར་ཁང་ཁག་གིས་སློབ་དེབ་རྩོམ་སྒྲིག་པ་དང་བསྐྱར་ཞིབ་གནང་མཁན་གཙོ་གྲས་ཁག་ལ་འདིའི་ཐད་ནས་བཅར་འབྲི་གནང་ཐུབ་ན་སློབ་དེབ་འདི་གསར་སྒྲིག་དང་བསྐྱར་ཞིབ་སྐབས་ཀྱི་དགོངས་ཚུལ་མ་འདྲ་བ་ཅི་བྱུང་སོགས་ཀྱི་དགོངས་ཚུལ་མ་འདྲ་བ་དང་དགོས་པ་རྒྱུ་མཚན་ཡང་དག་བཅས་ཕན་ཐོག་པའི་བསམ་ཚུལ་མང་དུ་ཡོད་རེ་ཆེ།
མཇུག་མཐར་གོང་དུ་བདག་གིས་དཔེ་མཚོན་དུ་བཀོད་དང་མ་བཀོད་པའི་དཔེར་བརྗོད་ཚང་མར་དགོས་མི་དགོས་མང་དུ་ཡོད་པས་ན། ལྟ་བ་ལངས་ཕྱོགས་ལྟ་བུ་མི་འཛིན་པར་བུ་གུ་རྣམས་ལ་ཕན་པའི་ཕྱིར་དུ་དང་སློབ་དེབ་ཡག་པོ་ཞིག་འཁྱོང་སླད་དུ་གཞན་གྱི་བསམ་ཚུལ་ཡག་ཉེས་ཚང་མར་དབྱེ་ཞིབ་ཀྱིས་དགོས་པ་དང་དུ་ལེན་རྒྱུ་དང་མི་དགོས་པར་བཟོད་སྒོམ་གནང་རྒྱུ་ནི་སྐབས་འདིར་ཁྱེད་ལ་ཁ་ཚ་དགོས་གཏུགས་ཆགས་འདུག་སྙམ།
དེ་རིང་དུས་ཚོད་གྱི་དབང་གིས་འདི་ཙམ་ནས་འབྲི་མཚམས་འཇོག་དགོས་འཁེལ་སོང་ལ། ད་དུང་སློབ་དེབ་དང་པོ་དང་གཉིས་པར་ཡང་རང་གི་བསམ་ཚུལ་མུ་མཐུད་ནས་འབྲི་ཨེ་ཐུབ་ལྟའོ།།
ཞེས་པ་འདིས་ཀྱང་ཐེངས་འདིའི་ཨ་རིའི་གཟའ་མཇུག་སློབ་དེབ་ཀྱི་སྐོར་ལ་ཕན་ཅུང་ཙམ་རེ་ཐོག་སྙམ་བཅས་གུས་གཅན བཟོད་རྒྱམ་པས་དགེ་སེམས་ཀྱིས་སྤྱི་ལོ་ཟླ་ཚེས་བཟང་པོར་ཕུལ།
༢༠༡༦།༠༨།༠༣།
་་་་་་་་ འོན་ཏེ་ང་ཚོའི་བསམ་ཚུལ་ཕུལ་བ་འབྱོར་བ་ཙམ་ལས་དང་ལེན་གནང་མིན་སུས་ཤེས་ཏེ། གཞུང་གི་ལྷན་ཁང་ག་གེ་མོར་རེ་གཉིས་ལ་སྔོན་མ་ཞིག་ལ་བསམ་ཚུལ་ཕུལ་ཡང་མ་འབྱོར་བའམ་ཡང་ན་འབྱོར་ཀྱང་མ་འབྱོར་བའི་ཁུལ་གནང་བའམ། གང་ལྟར་འབྱོར་དང་མ་འབྱོར་གྱི་ལན་ཅི་ཡང་མེད་པར་མཚོ་ནང་རྡོ་གཡུགས་ཀི་གནས་ཚུལ་དེ་འདྲར་ཐུགས་མྱོང་། འདི་ཉམས་མྱོང་ཡིན། ་་་་་་་་
གཅན་བཟོད་རྒྱམ་ལགས། དེ་བཞིན་ཨ་མདོ་བ་མཆན་པ་ཚོར་ཞུ་རྒྱུ།
སྐད་ཡིག་ལ་སྒྱུར་བ་དང་། ཁ་གསབ། གསར་གཏོད་མེད་ན། སྐད་ཡིག་དེ་ཤི་རོ་ཞིག་རེད། ངེད་ཚོའི་སྐད་ཡིག་གི་ཁྱབ་ཁོངས་ནི་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ། ཁྱོད་སྐད་ཡིག་འདི་ལ་ངོ་མ་ཤ་ཚ་ན། སྐད་ཡིག་འདིའི་ཞན་ཆ་དེ་ལ་ཞིབ་འཇུག་ཡག་པོ་བྱས་ནས་དེ་དག་བཅོས་སྒྱུར་བྱེད་དགོས། དེ་མིན་སྔ་རྗེས་མ་གཏོགས་སྐད་ཡིག་འདི་གཡུག་དགོས་ཐུག ཁྱེད་མ་བརྗེད་ཨང་། སྔོན་མ་བོད་པ་ཚོར་བོད་ཀྱི་སྐད་ཡིག་བདག་པོ་མ་བརྒྱབ་ན་གཞན་ལམ་ཁ་མེད། ད་ལྟ་ངེད་ཚོར་རྒྱ་ཡིག་དང་། དབྱིན་ཇི། དེ་བཞིན་རྒྱ་གར་གྱི་སྐད་སོགས་གདམ་ཁ་གཞན་ཡོད་ལ། ལྟོ་གོས་ཀྱི་དབང་དུ་བཏང་ན། བོད་ཡིག་ལ་རེ་བ་དང་ཕན་ཐོགས་མེད། མི་ཞིག་གི་ལས་འགན་དང་པོ་དེ་སྐད་ཡིག་སྲུང་སྐྱོབ་མ་རེད། ལྟོ་གོས་ཐག་གཅོད་བྱེད་དགོས། བོད་ཡིག་གིས་བོད་མི་དམངས་ལ་ལྟོ་གོས་སྦྱིན་ཐུབ་ཀྱི་མེད། ལྟོ་གོས་ལ་རྒྱ་ཡིག་དང་དབྱིན་ཇི་བཀའ་དྲིན་ཆེ་བ་ཆགས་ཡོད།
ང་ཚོས་བོད་ཡིག་བདག་པོ་རྒྱག་དགོས་པ་དེ་བཞེན་ཆགས་དང་བོད་པ་ཡིན་པའི་ལ་རྒྱ་ཙམ་ལས་གཞན་བོད་ཡིག་མ་ཤེས་ན་ལྟོ་གོས་ལ་གྱོང་ལྟ་ཅི། དེའི་ཚབ་ལ་རྒྱ་ཡིག་དང་དབྱིན་ཇི་ཤེས་ན་ལྟོ་གོས་ལ་ནུས་པ་ཆེ་བ་ཡོད། བོད་ནང་ལ་འཚོ་བ་ལེགས་པ་དང་། སློབ་གསོ་ལེགས་པ། གོ་སྐབས་བཟང་བ་ཐོབ་པ་དེ་ཚོ་བོད་ཡིག་ཤེས་ཀྱི་མེད། རྒྱ་ཡིག་ཤིན་དུ་བྱང་བས་སོ། ཨ་རི་དང་རྒྱ་གར་ལ་ཡང་འཚོ་བ་བཟང་བ་དང་། མདུན་ལམ་ཆེ་བ་རྣམས་དབྱིན་ཇིའི་སྐད་ཡིག་གིས་སྤྲད་ཡོད།
དེ་ལ་བསམ་གཞིགས་བྱས་ནས་ལྐུགས་པའི་རང་རྟགས་མ་བསྟན་པར་སེམས་རྣལ་ལ་ཕབ་ནས་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་དང་། དེ་བཞིན་ཉེར་གཉིས། ཉེར་གསུམ་ལ་འཁྱོལ་ཐུབ་པའི་བསམ་བློ་བཏང་ནས་སྐད་ཡིག་དེའི་ཞན་ཆ་རྣམས་ལ་བསམ་གཞིགས་ནན་པོས་རྒྱ་ཡིག་དང་དབྱིན་ཇིའི་མཉམ་དུ་འདྲ་མཉམ་བཞུགས་ཐུབ་པའི་འབད་བརྩོན་བྱས་ན་ལེགས།
དབྱིན་ཇི་དང་རྒྱ་སྐད་ལ་བསྡུར་ན། བོད་ཡིག་ནི་ཕྲུ་གུ་ལོ་བརྒྱད་ཙམ་གྱི་ནུས་པ་ལས་མེད། ཚན་རིག་ལ་བོད་ཡིག་མི་འགྲོ། དཔལ་འབྱོར་ལ་བོད་ཡིག་མི་འགྲོ། ཆབ་སྲིད་ལ་བོད་ཡིག་མི་འགྲོ། འཚོ་ཐབས་ལ་བོད་ཡིག་མི་འགྲོ། ཆོས་ལ་ཡང་བོད་ཡིག་མི་འགྲོ། རྒྱུ་མཚན་ནི་བོད་པའི་ནང་ཆོས་བྱེད་མཁན་གྱི་རྒྱ་དང་ཕྱི་རྒྱལ་ཚོས་རྒྱ་སྐད་དང་དབྱིན་ཇིའི་ནང་ལ་བོད་པའི་ནང་ཆོས་སྦྱོང་བཞིན་ཡོད། ད་ཆ་རྫོང་གསར་མཁྱེན་བརྩེའི་བཀའ་དྲིན་གྱིས་བཀའ་བསྟན་རྣམས་དབྱིན་ཡིག་ལ་སྒྱུར་བཞིན་ཡོད་པ་དང་རིང་མིན་དེ་དག་དབྱིན་ཇིའི་ནང་ལ་འཐོན་རྒྱུ་སོང་ཙང་། བོད་ཡིག་གི་གོ་སྐབས་ཇེ་གཞན་དུ་སོང་ཟིན།
དེ་དག་བསམ་གཞིགས་ཀྱིས་བོད་ཡིག་ལ་ནུས་པ་གསར་པ་ཞིག་སྤྲོད་ཐུབ་ན་ལེགས། དེ་ལྟར་ཡོང་བར་ཕྱོགས་ལྷུང་དང་ལ་རྒྱ་སྐམ་པོའི་ཁྲོན་མའི་ནང་ལ་མ་བསྡད་པར་མིག་མཐོང་རྒྱ་ཆེ་བའི་རྒྱལ་སྤྱིའི་སྟེགས་བུའི་སྒང་ལ་ཕེབས་ཤོག་ཟེར་བ་ཡིན།
བོད་ནང་ལ་ང་ཚོ་བོད་པ་རྣམས་ལ་ངེས་པར་བོད་ཡིག་དགོས་པའི་ངེས་པ་མིན་འདུག རྒྱ་ཡིག་གིས་འཚོ་བ་དང་རང་མགོ་ཐོན་ཐུབ་ཀྱི་འདུག ང་ཚོར་ངེས་པར་དུ་སྤྱི་སྐད་ཅིག་ཀྱང་དགོས་པའི་ངེས་པ་མེད། བོད་ནང་ལ་རྒྱ་སྐད་དེ་སྤྱི་སྐད་ཡིན་པས་ན། ང་ཚོ་ཆོལ་གསུམ་དབར་ལ་རྒྱ་སྐད་བཤད་ན་དེས་སྤྱི་སྐད་ཀྱི་གོ་ཆོད་ཟིན།
བོད་ཕྱི་ལ་དབྱིན་ཇིའི་སྐད་ཡིག་གིས་གོ་ཆོད་ཟིན། ད་ཁྱོད་ང་ལ་ཤོད་དང་། བོད་སྐད་ཀྱི་ནུས་པ་དང་མེད་དུ་མི་རུང་བའི་ནུས་པ་གང་འདུག དྲི་བ་ཡིན།
ང་ཚོ་རང་གི་ཡུལ་སྐད་ལ་ལ་རྒྱ་དང་བཞེན་ཁོག་ཆེ་བས་སྤྱི་སྐད་ཟེར་ན་ལམ་གསེང་ལྷ་ས་བའི་སྐད་ལ་གོ་ནས་ཨ་མདོ་དང་ཁམས་པ་ཚོས་ད་བར་དེ་བཀག་གང་ཐུབ་བྱས་སོང་། ངས་བལྟས་ན་དེ་འགྲིགས་ཀྱི་འདུག ང་ཚོར་སྤྱི་སྐད་དགོས་མིན་འདུག བོད་ནང་ལ་རྒྱ་སྐད་ཡོད་ཡོད་པ་རེད། ཕྱི་རྒྱལ་ལ་དབྱིན་སྐད་འདུག བྱས་ཙང་ཁྱོད་ཚོ་སེམས་ཁྲལ་མ་བྱེད་ཨང་།
ང་ཚོ་ཆོལ་ཁ་གསུམ་གྱི་བོད་པ་རྣམས་ད་བར་མཐུན་སྒྲིལ་མེད་པ་འདི་སྤྱི་སྐད་མེད་ཙང་མ་རེད། ང་ཚོའི་དབར་ལ་ཡིད་ཆེས་དང་། གུས་ཞབས། རིགས་བཞེན་མེད་ཙང་རེད། སྤྱི་སྐད་དགོས་པའི་ལས་འགུལ་སྤེལ་ན་དེ་བས་ང་ཚོའི་ཐུན་མོང་གི་ཆིག་སྒྲིལ་སྐམ་པོ་དེར་གནོད་པ་ལས་ཕན་པ་མིན་འདུག
ད་དེ་ཙམ་ཡིན།
་་་་་་་་བོད་ཡིག་ལ་ནུས་པ་གསར་པ་ཞིག་སྤྲོད་ཐུབ་ན་ལེགས། ་་་་་་་་
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།