(ཡུལ་ཤུལ་བའི་སེམས་གཏིང་ནས་བཏོན་པའི་མིག་ཆུ། )
རྩོམ་པ་པོ། བདེན་སྨྲ།
ས་འགུལ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་སྟེ་འདི་ལ་བརྟེན་ནས་གནའ་ནས་ད་བར་གྱི་སྐྱེ་འགྲོ་གང་མང་ཞིག་སྡུག་ལ་གཏད་མྱོང་ལ་མ་འོངས་པར་ཡང་གཏད་ངེས་རེད། ད་རེས་ཀྱང་བཞི་གཅིག་བཞིའི་ས་ཡོམ་དོན་རྐྱེན་འོག་བོད་རིགས་གཙོ་བོར་གྱུར་པའི་མིའི་རིགས་དང་བོད་ཀྱི་ལ་ཁྱི་གཙོ་བོར་གྱུར་པའི་དུད་འགྲོ་དུ་མར་ཚད་ལས་བརྒལ་བའི་སྡུག་བསྔལ་མྱོང་དུ་འཇུག་སོང༌། ངོས་རང་ཉིད་ནི་ས་ཡོམ་དོན་རྐྱེན་འདིའི་སྐོར་ལ་རྒྱུས་ལོན་ཅུང་ཟད་བྱས་པའི་མི་ཞིག་ཡིན་པའི་ཆ་ནས་དོན་རྐྱེན་འདིའི་སྐོར་གྱི་དོན་གནད་འགའ་ཞིག་བཤད་ན་འདོད།
ས་ཡོམ་སྐབས་སུ་མི་མང་པོ་འཆི་རྨས་བྱུང་བའི་རྒྱུ་རྐྱེན།
ས་ཡོམ་ནི་འཛམ་གླིང་གི་ས་ཕྱོགས་གང་མང་སུ་བྱུང་དང་འབྱུང་བཞིན་ཡོད་ལ་དེ་དག་གི་ཁྲོད་མི་ཧ་ཅང་མང་པོ་ཤི་བ་ཡང་ཡོད་ལ་ས་ཡོམ་ཆེན་པོ་བྱུང་ཡང་མི་ཤི་རྨས་མི་འབྱུང་བ་ཡང་ཡོད། ད་སྐབས་ཀྱི་ས་ཡོམ་འདི་འབྱུང་སའི་ས་ཁུལ་ལ་མཚོན་ན་རྒྱ་ནག་ནང་ཁུལ་དང་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ལྟ་བུའི་མི་མང་འདུས་སྡོད་བྱེད་སའི་ས་ཁུལ་མ་ཡིན་པ་དང༌། གསལ་བསྒྲགས་བྱས་པ་ལྟར་ན་ཚད་རིམ་བདུན་དང་ཚག་གཅིག་ཙམ་འགུལ་བས་འགུལ་ཤུགས་ཀྱང་ཧ་ཅང་ཆེན་པོ་མ་ཡིན་པས་མི་མང་པོ་མི་འཆི་བ་འོས་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དོན་རྐྱེན་འདིའི་ཁྲོད་མི་ཤི་བའི་གྲངས་ཚད་ཧ་ཅང་མང༌། དེ་དག་གི་རྒྱུ་རྐྱེན་རོབ་ཙམ་རྒྱུས་ལོན་བྱས་ན།
གཅིག རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་བ།
རྩ་བའི་ཆ་ནས་ས་ཡོམ་འབྱུང་རྐྱེན་ལ་རྒྱུ་རྐྱེན་མང་ཙམ་ཡོད་པ་སྨོས་མི་དགོས་མོད། ཚན་རིག་གི་བདེན་དཔང་བྱས་པ་ལྟར་རང་བྱུང་ཁམས་ལ་གཏོར་བརླགས་ཚབ་ཆེན་ཕོག་པའི་འཇུག་འབྲས་ཡིན་པ་ནི་ཚང་མས་ཡིད་ཆེས་བྱེད་བཞིན་འདུག དེ་བས་ཀྱང་ད་རེས་ས་ཡོམ་འདི་འབྱུང་རྐྱེན་ཐད་རང་ཁུལ་གྱི་མི་མང་པོས་བོད་ཁུལ་གྱི་གནས་རི་གནས་མཚོ་མང་པོར་གཏོར་སྐྱོན་ཐེབས་པའི་མཇུག་འབྲས་སུ་ངོས་འཛིན་བྱེད་བཞིན་འདུག དཔེར་མཚོན་ན་ཡུལ་ཤུལ་རྫོང་ནས་ཡིན་པའི་མི་ཞིག་གིས་བཤད་རྒྱུར། སྔོན་མར་རག་ཤུལ་གཉན་རྒྱལ་མཚོའི་གཏེར་ཁ་བསྔོགས་པའི་ལོ་དེར་རག་ཤུལ་སྟོད་དུ་ས་ཡོམ་བྱུང་སྟེ་དགོན་པ་འགའ་ཤས་ཤིག་གི་འདུ་ཁང་དང་གྲྭ་ཁང་མང་པོར་གཏོར་སྐྱོན་བྱུང་བ་དང༌། འབྲོག་པའི་གཞིས་ཁང་མང་པོར་ཞིག་སྐྱོན་བྱུང༌། འོན་ཀྱང་སྟབས་ལེགས་པ་ཞིག་ལ་དུས་ཚོད་དབྱར་ཁར་ཁེལ་ནས་འབྲོག་པ་རྣམས་དབྱར་སར་སྦྲ་ནང་དུ་གནས་པས་མིར་བསྣད་སྐྱོན་མ་བྱུང༌། ད་ལོར་རྒྱམ་རྒྱལ་རྡོ་ཏི་གངས་དཀར་ནས་གཏེར་ཁ་བསྔོགས་པའི་སྦྱོར་བ་བརྩམས་པ་དང༌། ཕྱོགས་དེ་གཙོ་བོར་གྱུར་པའི་བོད་ཁུལ་ནས་གཏེར་ཁ་མང་དུ་བསྔོགས་བཞིན་ཡོད་པའི་མཇུག་འབྲས་རེད་ཅེས་བཤད་བྱུང༌། འདི་ནི་མི་འདི་ཙམ་དུ་མ་ཟད་ས་ཁུལ་འདིའི་མི་མང་ཤོས་ཤིག་གི་གཅིག་མཚུངས་ཀྱི་བསམ་ཚུལ་དུ་གྱུར་འདུག
གཉིས། ས་ཡོམ་གྱི་སྔོན་བརྡ་གཏོང་མ་ཐུབ་པ།
ས་ཡོམ་གྱི་སྔོན་བརྡ་ནི་ས་ཡོམ་བྱུང་བའི་སྔོན་ཚུད་ནས་འགྲོ་བ་མིའི་རིགས་ལ་ས་ཡོམ་འབྱུང་བའི་ཉེན་བརྡ་གཏོང་བ་ཡིན། རྒྱ་ནག་ནི་ས་ཡོམ་བརྟགས་ཆས་གནའ་བོ་ནས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད་འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཁག་གི་ནང་ནས་ཀྱང་སྟོབས་ལྡན་རྒྱལ་ཁབ་ཤིག་ཏུ་གྱུར་ཡོད། དེ་བས་ཀྱང་༡༩༧༦ལོའི་ཟླ་༧པའི་ཚེས་༢༨ཉིན་ཐང་ཧྲིན་ས་ཡོམ་གྱིས་གོད་ཆགས་ཚབ་ཆེན་ཁུར་མྱོང་བ་དང༌། ཉིས་སྟོང་བརྒྱད་ལོར་༥༡༢ས་ཡོམ་བྱུང་སྟེ་མི་ཧ་ཅང་མང་པོ་ཞིག་རྐྱེན་ལམ་དུ་སོང་བ། ལོ་འདིའི་ནང་དུ་ཡང་བོད་ཀྱི་མངའ་རིས་དང་ནག་ཆུ། རྒྱའི་ཡུལ་གྲུ་འགའ་ཤས་སོགས་སུ་ས་ཡོམ་བྱུང་བས་མཚོན། ས་ཡོམ་གྱི་ཉམས་མྱོང་ཀྱང་མི་དམན་པ་ཞིག་ཡོད་ཆོག་ཆོག་རེད། ཡིད་ཕམ་པ་ཞིག་ལ་ད་རེས་༤༡༤ས་ཡོམ་བྱུང་སྐབས་གྲ་སྒྲིགས་གང་ཡང་མེད་པ་མ་ཟད་སྔོན་བརྡ་ཐུང་ངུ་ཞིག་ཀྱང་གཏོང་ཐུབ་མེད། གལ་ཏེ་ས་ཡོམ་སྔོན་བརྡ་གཏོང་ཐུབ་རྒྱུའི་དབང་དུ་བྱས་ན་ཉི་ཧོང་གིས་ས་ཡོམ་མ་བྱུང་བའི་སྐར་མ་གསུམ་གོང་ནས་ཉེན་བརྡ་བཏང་བས་མི་གཅིག་ཀྱང་མ་ཤི་བ་ལྟ་བུ་བྱུང་མེད་ཀྱང་མི་མང་ཙམ་སྲོག་སྐྱོབས་ཐུབ་ངེ ས་རེད།
གསུམ། མི་འཚམས་པའི་སྲིད་ཇུས་དང་རུལ་སུངས་ཀྱི་མཇུག་འབྲས།
ལོ་འགའི་སྔོན་ནས་བོད་ཡུལ་དུ་ཚ་ཚ་འུར་འུར་དུ་སྤེལ་བཞིན་པའི་སྲིད་ཇུས་ཤིག་ཏེ། རྩྭ་གསོ་ཕྱུགས་བསྐྱུར་དང་རྨོ་བསྐྱུར་ནགས་འཛུགས་ཟེར་བ་དེ་རེད།
འདི་སྔོན་མ་ནས་ངོས་རང་ཉིད་ཐེ་བའི་བོད་རིགས་དུ་མས་ཆེས་སེམས་ཁུར་བྱེད་ས་ཞིག་ཏུ་གྱུར་ཡོད་པ་མ་ཟད། བོད་རིགས་ཞིང་འབྲོག་དུ་མར་དཀའ་ངལ་འཕྲད་པའི་གཞི་ཞིག་ཏུ་ཡང་གྱུར་ཡོད། ཐེངས་འདིའི་དོན་རྐྱེན་ཁྲོད་མི་མང་པོ་ཤི་བའི་རྒྱུ་རྐྱེན་གཅིག་ནི་འདི་ཉིད་ཡིན་པ་སྟེ། ཞིང་འབྲོག་མང་ཚོགས་དུ་མས་རང་ཉིད་ཀྱི་ལག་རྩལ་དང་ཞོར་ལས། གཞན་ཡང་ཤེས་རིག་སོགས་ཀྱི་ཡོང་བབས་ལ་བསམ་བློ་གཏང་མ་ཤེས་པར་སྲིད་ཇུས་ཀྱི་ཁ་གཡང་སྙན་མོས་སེམས་བསྒུལ་ཏེ་གྲོང་ཁྱེར་དུ་གནས་སྤོ་བྱས།
གནས་སྤོ་བྱས་པའི་ཞིང་འབྲོག་རྣམས་ཀྱིས་ཐོག་མར་རང་ཉིད་ཀྱིས་ཕྱུགས་ཟོག་དང་ཕུག་ནོར་ཐམས་ཅད་བཙོང་སྟེ་གྲོང་ཁྱེར་དུ་ས་ཉོས་ནས་རྒྱུ་སྤུས་ཞན་པའི་ཁང་བ་ལས།
ལོ་རེའི་དབྱར་རྩྭ་དགུན་འབུའི་ཡོང་བབས་ཀྱིས་ལོ་རེར་འཚོ་བ་སྐྱེལ་ཐབས་བྱས་ཏེ་གནས་ཡོད། དེ་ལྟར་ལོ་ཤས་རིང་ཕྱོགས་འདིའི་ཞིང་འབྲོག་དུ་མ་སྐྱེ་དགུ་གྲོང་བརྡལ་དུ་གནས་སྤོས་ཏེ་རྒྱུ་སྤོས་ཞན་པའི་ཁང་བའི་ནང་དུ་གནས་སྡོད་བྱས་ཡོད། ཐེངས་འདིའི་ས་ཡོམ་དོན་རྐྱེན་ཁྲོད་རྐྱེན་འདས་གྲོངས་སོང་བ་ནི་མང་ཆེ་ཤོས་མི་སེར་དཀྱུས་མ་ཡིན་པ་དང་དེ་བས་ཀྱང་འབྱོར་བ་ཞན་པའི་ཁྱིམ་ཚང་ཁག་རྐྱང་རྐྱང་རེད། དེའི་རྒྱུ་མཚན་རང་གི་ལྟོ་རྒྱབ་ཀྱི་དཀའ་ངལ་ཡང་སེལ་ཐུབ་པའི་ཤེས་རིག་དང་ལག་རྩལ་གང་ཡང་མེད་པས་གྲོང་ཁྱེར་གྱི་འཚོ་བ་རོལ་ཐུབ་པའི་ཆ་རྐྱེན་མེད་ཀྱང་གྲོང་ཁྱེར་དུ་འཚོ་བར་བཀོད་བསྒྲིགས་བྱས་པས་རྒྱུ་སྤོས་ཞན་པའི་ཁང་བར་བཀོད་བསྒྲིགས་བྱས་པ་ལྟར་གྱུར་ཡོད། གཞུང་ཁང་གི་ནང་ནས་ཞིག་རལ་དུ་གྱུར་པ་ནི་སློབ་ཁང་རྣམས་ཡིན་ལ། ལས་ཁུང་ཁག་གི་ཁང་བ་རྣམས་ལས་ཞིག་རལ་དུ་སོང་སྟེ་མི་བསད་པ་མཐོང་རྒྱུ་མེད། དཔེར་མཚོན་ན་སྐྱེ་དགུའི་གཞུང་ལམ་ཐོག་ནས་རིམ་བཞིན་བྱ་ཆུའི་ཁོག་ཏུ་ཡར་སོང་ཚེ་མཐོང་ཐུབ་པ་ནི་ཁུལ་སྲིད་གཞུང་དང༌། ཁུལ་ཨུ་ཡོན་ལྷན་ཁང༌། མི་དམངས་ཞིབ་དཔྱོད་ཁང་དང༌། མི་དམངས་དངུལ་ཁང༌། ཡན་ལག་དམག་ཁུལ་ཁང་སོགས་ལ་ཞིག་རལ་གྱི་སྐྱོན་གང་ཡང་མེད་པར་སྔར་བཞིན་གནས་ཡོད་པ་དང༌། དེ་བཞིན་དུ་རྫོང་སྤྱི་བདེ་ཅུའུ་དང་རྫོང་སྲིད་གཞུང༌། འབྲིང་རིམ་མི་དམངས་ཁྲིམས་ཁང་རྣམས་ཀྱང་ཞིག་རལ་དུ་སོང་མེད། དེ་དག་གི་བར་དང་བར་དུ་གློག་བརྙན་སློབ་གྲྭ་ཆེན་མོ་དང༌། ཁུལ་ཕྱོགས་བསྡུས་སློབ་གྲྭ། སློབ་ཆུང་གསུམ་པ་སོགས་ནི་ཞིག་རལ་དུ་སོང་བ་མ་ཟད་དེ་དག་གི་འོག་ཏུ་སློབ་ཕྲུག་མང་པོ་འདས་གྲོང་དུ་སོང་ཡོད། ༢༠༠༨ལོའི་ས་འགུལ་ལས་ཀྱང་གྱོང་ཕོག་ས་གཙོ་བོ་དེ་སློབ་གྲྭ་ཡིན་པར་གྲགས། དེས་ནི་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་བ་ཡིན་ཞེས་པའི་ཚིག་དེ་ཁ་གཡང་རྐྱང་རྐྱང་ཞིག་ལས་དོན་དུ་བྱིས་པ་རྣམས་ནི་ལྐོག་ཟ་རུལ་སོངས་དུ་གྱུར་པའི་སྲིད་གཞུང་འདིའི་མདུན་ནས་ཅི་ཡང་མཁོ་མེད་དང་དགོས་མེད་དུ་གྱུར་ཡོད་པ་མ་ཟད། དཔོན་རིགས་རྣམས་ཀྱི་ཁ་གདང་ས་གཙོ་བོ་ཡང་སློབ་གྲྭའི་འཛུགས་བསྐྲུན་གྱི་ཕྱོགས་ལ་ཡིན་པ་ཤེས་ཐུབ།
བཞི། གནད་འགག་གི་སྐབས་སུ་སྣེ་འཁྲིད་པ་ལས་ལྡོག་སྟེ་མི་མང་བླ་འཐོར་བར་བྱས་བ།
ས་འགུལ་དོན་རྐྱེན་ལྟ་བུའི་གནད་འགག་གི་སྐབས་སུ་མི་མང་ལ་ལམ་སྟོན་དང་སྣེ་ཁྲིད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་མོད། ད་རེས་ཀྱི་ས་འགུལ་འདིའི་སྐབས་སུ་ཡུལ་ཤུལ་སྲིད་གཞུང་གིས་སྣེ་ཁྲིད་པ་ལས་ལྡོག་སྟེ་མི་དམངས་རྣམས་བླ་འཐོར་བར་བྱས་ཡོད། མི་ཞིག་གིས་ཁོ་བོར་བཤད་རྒྱུར། སྔ་མོའི་དུས་ཚོད་དྲུག་ཡས་མས་སུ་ས་ཡོམ་ཤུགས་ཆེན་ཞིག་བརྒྱབས་ནས་ང་རང་གཉིད་ལས་སད་སོང༌། དེ་དུས་ང་ཚོས་ད་དུང་ས་ཡོམ་འདི་འདྲ་ཡོང་སྣང་སེམས་ལ་མ་ཤར་བར་སེམས་བདེ་མོའི་ངང་ནས་སླར་ཡང་ཉལ་བ་ཡིན། དུས་ཚོད་བརྒྱད་མ་ཟིན་ཙམ་ནས་ས་ཡོམ་སྔར་ལས་ཆེ་བ་བརྒྱབས་ཏེ་ཁང་བ་ཞིག་གྲབས་བྱས་དུས་ངས་གོས་ཀྱང་གྱོན་ལོང་མ་བྱུང་བར་སྒོ་རུ་བྲོས་པས་སྲོག་ཐར་ཙམ་བྱུང༌། སྒོ་ནས་རླངས་འཁོར་སྐོར་ཏེ་མོན་འཛུ་འགག་ནས་གྱེན་དུ་བྲོས་རྩིས་བྱས་ཀྱང་ལམ་ཐམས་ཅད་གྱང་རོས་དགག་ཚར་འདུག དེ་ནས་ལམ་གཞུང་དུ་མར་ཕྱིན་དུས་མི་ཚང་མ་གྱེན་དུ་བྲོས་འགྲོ་བ་མཐོང་བས་ང་རང་ཡང་རླངས་འཁོར་བསྐྱུར་ཏེ་བྲོས་པ་ཡིན། བཀྲ་ཤིས་དར་ཐང་གི་མི་སེར་རྣམས་ཀྱི་ཁང་བའི་བར་ནས་གྱེན་དུ་འགྲོ་དུས་ག་ས་གང་ནས་འཁུན་སྒྲ་གྲག་པ་དང༌། ང་སྲོག་སྐྱོབ་ཞེས་འབོད་མཁན་མེད་ས་མི་འདུག དེ་དུས་བོད་པ་ཞིག་གིས་འདི་ན་མི་མང་པོ་མནན་ཡོད་པ་འདྲ་རང་གཉིས་ཀས་བརྐོས་ན་བརློགས་ཐུབ་ན་ཐང་ཟེར་བས་ངས་ཀྱང་ཁོ་དང་མཉམ་དུ་བརྐོས་པ་ཡིན། ངེད་གཉིས་ཀྱིས་བརྐོ་བཞིན་པའི་ཚེ་མི་སྔར་ལས་ཀྱང་མང་བ་འུར་དིར་གྱིས་བྲོས་བཞིན། མགྱོགས་པོར་བྲོས་མ་གཏོགས་གློག་ཆུ་ཤོར་སོང༌། མགྱོགས་པོར་བྲོས་མ་གཏོགས་གློག་ཆུ་ཤོར་སོང༌། ཞེས་འབོད་སྒྲ་སྒྲོག་བཞིན་པ་མཐོང་བས་སེམས་ནང་ནས་མངངས་སྐྲག་དང་ཚུབ་ཆ་ལངས་ཏེ་ངེད་གཉིས་ཀ་བྲོས་པས་མི་གཅིག་ཀྱང་སྐྱོབ་ཐུབ་མ་སོང༌། བལྟས་ཚོད་ལ་མི་རྣམས་མང་ཆེ་བར་དོར་འགག་རྐྱང་རྐྱང་ལས་གྱོན་པ་ཆ་ཚང་གྱོན་ཐུབ་པ་ཧ་ཅང་དཀོན་པ་དང༌། ལྷམ་གྱོན་ཡོད་པ་ནི་མཐོང་རྒྱུ་མེད་པ་ལྟ་བུར་གྱུར་འདུག དེ་ནས་ཤེལ་དཀར་དང་བཀྲ་ཤིས་དར་ཐང་བཅས་ཀྱི་གྲོང་མཚམས་སུ་རིམ་བཞིན་མི་མང་གིས་ནག་ལེབ་ལེབ་གཅིག་ཏུ་གྱུར་སོང་ལ། ཕྱི་དྲོ་ཉི་མ་བྱོན་སྐོར་ཙམ་ནས་ཉེན་འཁོར་འགའ་རེ་ཡོང་ནས་སྐད་བརྡ་གཏོང་བ་ལས་ཉིན་གཅིག་གི་རིང་ལ་ཨ་རོ་ཟེར་མཁན་གཅིག་ཀྱང་མི་འདུག དངོས་གནས་བྱས་ན་ད་རེས་ཀྱི་ས་ཡོམ་ཁྲོད་མི་མང་པོ་གསོད་མཁན་ནི་ཆུ་ཤོར་སོང་ཞེས་བཤད་མཁན་དེ་རེད། ཅེས་བཤད་བྱུང༌། མི་གཞན་ཞིག་གིས་ཀྱང་སྐད་ཆ་གཞན་གོང་དང་མཚུངས་པ་ལས། ང་ཚོ་དུར་ཁྲོད་དུ་སོང་སྟེ་རོ་གོས་བོར་བ་དག་གོན་ནས་རི་མགོར་བྲོས་པ་ཡིན། མི་གཞན་དག་མང་པོས་ཀྱང་རོ་གོས་གོན་བཞིན་འདུག ཅེས་ཟེར། སྐད་ཆ་འདི་ནི་མི་འདི་གཅིག་པུས་བཤད་པ་ཙམ་མ་ཡིན་པར་སྐྱེ་དགུ་མདོ་ན་ཡོད་པའི་མི་མང་ཆེ་བས་བཤད་དང་བཤད་བཞིན་པའི་སྐད་ཆ་ཞིག་རེད། ང་ཚོ་སྐྱེ་དགུ་མདོར་ཐོན་དུས་ནི་མུན་རུབ་ཚར་འདུག་ལ་སྐབས་དེ་དུས་ཀྱང་མི་སེར་ཚང་མ་རི་མགོར་བྲོས་ཏེ་སོ་སོའི་ཁྱིམ་ཚང་གི་ཕན་ཚུན་གྱི་གནས་སྟངས་ཀྱང་ཧ་གོ་གི་མི་འདུག
ལྔ་། འཕྲིན་ལམ་ཆད་དེ་ཕན་ཚུན་འབོད་སྐུལ་མ་ཐུབ་པ།
ས་འགུལ་བྱུང་བའི་གནས་ཚུལ་དེ་ཉེ་འཁོར་གྱི་རྫོང་དང་ས་གནས་ཁག་ལ་མགྱོགས་ཙམ་ནས་གོ་ཐོས་བྱུང་ཡོད་ན་མི་མང་ཙམ་འདུས་ཏེ་སྲོག་སྐྱོབ་ཀྱི་བྱ་བ་དུ་མ་བསྒྲུབ་ཐུབ་ངེས་ཀྱང་དུས་སྐབས་དེར་ས་གནས་ཁག་གི་འཕྲིན་ལམ་ཆད་དེ་ཕན་ཚུན་བར་འབོད་སྐུལ་རྩ་བ་ནས་ཐུབ་མེད། ས་གནས་གཞན་དག་ནས་རིམ་གྱིས་གནས་ཚུལ་འབྱོར་ཏེ་མྱུར་སྐྱོབ་བྱེད་མཁན་ཐོན་དུས་མི་མང་པོ་དབུགས་འཐིབས་ཀྱིས་ཤི་ཡོད།
དྲུག མྱུར་སྐྱོབ་ལས་དོན་གྱིས་ཀྱང་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་དུ་བཟུང་བ།
མི་སྲོག་སྐྱོབ་རྒྱུ་ཨང་དང་པོར་བརྩི་དགོས་ཞེས་པའི་སྐད་ཆ་དེ་ནི་རྣ་བར་སྙན་ཞིང་འཇེབ་པ་ཞིག་ཡིན་མོད། དོན་དངོས་ཀྱི་གནས་ཚུལ་ནི་དེ་འདྲའི་ཡག་པོ་ཞིག་རྩ་བ་ནས་མིན།
ཉིན་དང་པོ །
གོ་ཐོས་ལྟར་ན་ས་འགུལ་བྱུང་བའི་ཕྱི་དྲོ་ནས་མགོ་བརྩམས་ཏེ་གཞུང་ཕྱོགས་ནས་དམག་མི་ཉུང་ཤས་ཤིག་གིས་སྲོག་སྐྱོབ་ཀྱི་བྱ་བ་བསྒྲུབ་པ་དང༌། ས་གནས་ཁ་ཤས་ནས་ཡོང་བའི་དགེ་འདུན་པ་ཡང་ཐོན་བཞིན་ཡོད། ས་རུབ་སྐོར་ཙམ་ན་བལྟས་ཚོད་ལ་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ཡོད་ངེས་ཅན་རེད། ཐོག་མར་མཐོང་ཐུབ་པའི་མྱུར་སྐྱོབས་ཀྱི་ལས་ཀ་སྤེལ་ས་ནི་མི་རིགས་མགྲོན་ཁང་གི་ཕྱོགས་རེད། ཕྱོགས་འདི་ནི་ཞིག་རལ་དུ་སོང་བའི་ཐོག་ཁང་ཆེ་ཤོས་དེ་ཡིན་པ་དང༌། མེ་འབར་བཞིན་པའི་ཁང་འོག་ན་མནན་ཡོད་པའི་མི་རྣམས་ཀྱིས་ཁ་པར་བརྒྱགས་པ་དང༌། སྲོག་སྐྱོབས་ཞེས་འབོད་པ་གོ་རྒྱུ་ཡོད། བཅུ་ནས་ཉི་ཤུའི་བར་ཙམ་ཨེ་ཡོད་ན་སྙམ་པའི་དམག་མི་འགའ་ཤས་ཀྱིས་མེ་གསོད་རླངས་འཁོར་ལས་ཆུ་འདེབས་བཞིན་ཡོད་ལ། འགའ་ཤས་ཀྱིས་སེར་མོ་བ་རྣམ་ཕྱོགས་དེར་མ་ཡོང་ཞེས་བཀག་བཞིན་ཡོད། མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ས་ཕྱོགས་གཅིག་ནི་གློག་བརྙན་སློབ་གྲྭ་ཆེན་མོ་རེད། དེར་ཡོད་མི་ཞིག་གིས་བཤད་པ་ལྟར་ན། ནུབ་མོ་དེར་དམག་མི་བཅོ་ལྔ་ཙམ་གྱིས་མྱུར་སྐྱོབས་ཀྱི་ལས་ཀ་བྱེད་བཞིན་ཡོད་ལ་དུས་ཚོད་དགུ་པ་ཡར་མར་ནས་གྲྭ་བཙུན་བརྒྱད་ཅུ་དགུ་བཅུ་ཙམ་ཡོད་ངེས་སྙམ་པ་ཙམ་གློ་བུར་དུ་ཐོན། སློབ་ཁང་གི་རྒྱབ་ཕྱོགས་ཀྱི་སྐར་ཁུང་ནས་མཐོང་བཞིན་པའི་སློབ་མ་རྨས་མ་ཞིག་སྐྱོབ་རྩིས་ཀྱིས་སྐར་ཁུང་གི་ལྕགས་དྲྭ་ལ་གཟན་མཐུད་པས་འཐེན་རྩིས་བྱས་སྐབས་དམག་མི་ཐོན་ཏེ་འཐེན་དུ་མ་བཅུག
དེར་གྲྭ་བཙུན་ཞིག་གིས། འདིའི་ནང་དུ་སློབ་ཕྲུག་ཉི་ཤུ་ཡར་ལྷག་གཅིག་ཡོད་ན་ང་གཅིག་པུ་དེ་དག་གི་ཆེད་དུ་ཤི་ཡང་མི་འགྱོད་པས་སྐར་ཁུང་ནས་ནང་དུ་འགྲོ་གི་ཡིན་ཞེས་བཤད་ཀྱང་འགྲོ་རུ་མ་བཅུག དེ་ནས་སློབ་ཁང་གི་ཟུར་ནས་དམག་མི་དང་མཉམ་དུ་ལས་ཀ་བྱེད་རྩིས་བྱས་ཀྱང་བཀག་འགོག་བྱས། དེར་ཡོད་ཀྱི་མི་རྣམས་ཀྱིས་འདི་ནས། ཨ་ཉོག ཞེས་བོས་ན། ཨ་ཞེས་ལན་བརྒྱགས་ཀྱི་འདུག་ཞེས་བཤད་པས་གྲྭ་བ་རྣམས་དམག་མིས་བར་དུ་འཚངས་ཀ་བརྒྱབས་ཏེ་མྱུར་སྐྱོབ་ཀྱི་ལས་ཀ་བྱས།
དེར་ཁུལ་གཙོ་ཡིན་པར་གྲགས་པའི་བོད་པ་ཞིག་ཡོང་སྟེ་གྲྭ་བ་རྣམས་ལ་སྡིག་མོ་སྣ་ཚོགས་བྱས། གྲྭ་བ་རྣམས་ཀྱིས་ལན་གང་ཡང་མ་བྱས་པར་མུ་མཐུད་དུ་ལས་ཀ་བྱས་པས་ཡུད་ཙམ་ནས་གློག་བརྙན་ལེན་མཁན་གྱི་མི་མང་པོ་ཐོན། ཁུལ་གཙོ་དེ་ཡོང་སྟེ་གྲྭ་བ་རྣམས་ལ་རེ་རེ་བཞིན་འབུད་བརྒྱག་བརྒྱབས་ཏེ་མར་སོང༌། མར་སོང༌། མར་སོང༌། ཟེར་བཞིན་ཕྱིར་ཕུད། གཞན་ཡང་གྲྭ་བ་གཅིག་གི་མཐོང་རྩ་ནས་བཟུང་སྟེ་སྤྲུག་སྤྲུག་བྱེད་བཞིན་སྡིག་ར་དུ་མ་བྱས་ཀྱང་གྲྭ་བཙུན་རྣམས་ཀྱིས་ལན་གང་ཡང་བྱས་མི་འདུག དེར་གྲྭ་བཙུན་དེ་དག་གིས། རིག་རིག་བལྟས་བལྟས་ལ་མི་ཤི་འཇུག་གི་འདུག སོགས་ཡི་ཆད་ཀྱི་སྐད་ཆ་སྣ་ཚོགས་བཤད་བཞིན་སློབ་རའི་ཕྱི་རོལ་དུ་ལོག་སོང་ཟེར། མཚན་མོ་དེར་ཤུལ་ལུས་ཀྱི་མི་མང་ཆེ་བ་རི་མགོར་ཕྱིན་ཏེ་ཕྱིར་མ་ཐོན་པས་ཕྱོགས་གང་དུ་མི་མནན་ཡོད་པ་དང༌། ཕྱོགས་གང་ནས་མྱུར་སྐྱོབ་བྱེད་དགོས་པ་བཅས་ཀྱི་ཐད་མཛུབ་སྟོན་བྱེད་མཁན་གཅིག་ཀྱང་མི་འདུག མ་ཚད་མཚན་མོ་དེར་མྱུར་སྐྱོབས་ཏུ་ཐོན་པའི་དགོན་སྡེ་དང་མི་སེར་རུ་ཁག་དུ་མར་ད་ལྟ་ལས་ཀ་མཚམས་བཞག་ཡོད་པས་སང་ཉིན་མ་གཏོགས་ལས་ཀ་གང་ཡང་ཡོད་མ་རེད་ཅེས་འབྲེལ་ཡོད་ལས་ཁུང་དང་ལས ་དོན་མཛུབ་སྟོན་ཁང་ནས་བཤད་འདུག སྲང་བར་དང་རྟ་རྒྱུག་ཐང་ཕྱིན་ཆད་ན་ཡོད་པའི་མི་ཚང་མ་ལྟོག་སྐོམ་གྱིས་གཟེར་དྲག་ཏེ་ལམ་ནས། གཏེར་ཆུ་རེ་བླུད་རྒྱུ་ཨེ་ཡོད་སྐུ་ཚེ་རིང༌།
ཞེས་མཐེ་བོ་སློང་མཁན་གྱིས་གང་འདུག
ཉིན་གཉི ས་པ།
ཉིན་གཉིས་པའི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཞིག་ཐོན་འདུག དེས་མཚམས་འདྲི་དང་སེམས་གསོའི་སྐད་ཆ་འགའ་ཤས་བཤད་དེ་ཕྱིར་ལོག་སོང༌།
དེ་ནས་ཕྱོགས་གང་དུ་བལྟས་ཀྱང་གྱང་རོ་དང་ཤིང་ཆག ཨར་འདམ་ཞིག་རོ་དག་གི་བར་ནས་མི་སེར་དཀྱུས་མ་དག་གི་བར་ན་སེར་མོ་བ་མང་ཙམ་ཡོད་པ་ལས།
མི་སེར་གྱི་ཁང་བ་ཞིག་རོའི་བར་དུ་མྱུར་སྐྱོབ་དམག་མི་གཅིག་ཀྱང་མཐོང་རྒྱུ་མེད། མ་ཚད་ཉིན་དེར་སེར་མོ་བ་ཞིག་གིས་བཤད་རྒྱུར། ཁར་སང་སྔ་དྲོ་ནས་བཟུང་སྟེ་དེ་རིང་ད་ལྟའི་བར་དུ་རྟ་རྒྱུག་ཐང་དུ་བྲོས་ནས་ཡོད་པའི་རྨས་མ་དང་མི་སེར་རྣམས་ལ་ཨ་རོ་ཁྱེད་ཚོ་ཅི་འདྲ་གི་འདུག་ཟེར་མཁན་གྱི་གཞུང་མི་གཅིག་ཀྱང་མི་འདུག་ཟེར།
དེ་ནི་བདེན་པ་ཡིན་པ་ས་གནས་མང་ཚོགས་ཚང་མས་གསལ་བཤད་བྱེད་ཐུབ་པ་གཅིག་རེད་འདུག ཉིན་མོ་དེར་ཉིན་གཅིག་གི་རིང་ལ་ཤི་བའི་རོ་དང་གསོན་པོ་མང་ཙམ་འདོན་ཐུབ་པ་བྱུང་འདུག་ཅིང༌། དེ་དག་ལས་བརྒྱའི་ཆའི་རེ་ཟུང་ཙམ་ལས་ཚང་མ་མི་སེར་དཀྱུས་མ་དང་སེར་མོ་བས་བསྐྱབས་པ་རེད་འདུག
འདི་ཙམ་ནས་གསལ་བོར་མཐོང་ཐུབ་པ་ཞིག་ལ་གཏོར་སྐྱོན་ཚབ་ཆེན་ཕོག་ཁུལ་ནི་བཀྲ་ཤིས་དར་ཐང་དང༌། ཤེལ་དཀར། རི་བོ་སྒས་དང༌།
བྱ་ཚང་ཁོག་སོགས་ཡིན་པ་དང་དེ་དག་ན་ཉིན་གཉིས་པའི་ནང་ནས་ཀྱང་དམག་མི་རྩ་བ་ནས་ཐོན་མེད། ཕྱི་དྲོ་ཙམ་ནས་མི་སེར་བསད་པ་རྣམས་མང་ཆེ་ཤོས་ཀྱི་རོ་ལོན་ཡོད་ཅིང༌། དེ་དག་གི་ཟུར་དུ་སེར་མོ་བའི་ཚོགས་ཁག་དུ་མས་རོ་ལས་བྱེད་པ། རོ་ཁྱེར་རོགས་བྱེད་པ། རེས་མོས་བྱེད་བཞིན་འཕོ་བ་དང་བསྔོ་སྨོན་གསུང་བ་སོགས་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་ཉིན་འདིར་དགོན་སྡེ་དང་ཚོང་བ་མི་སྒེར་བཅས་ནས་ཟས་དང་སྨན་བཅས་ཐོན་བཞིན་ཡོད་ལ། གཞུང་ཕྱོགས་ནས་ནད་པ་ཚབ་ཆེན་དུ་མ་བསྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། དེ་མཚུངས་སུ་དམག་མི་ཡོད་པའི་མྱུར་སྐྱོབ་བྱ་གནས་སུ་དམག་མི་ལས་གཞན་པ་སུ་གཅིག་ཀྱང་ལས་ཀར་ཞུགས་འཇུག་གི་མེད་ལ། མི་སེར་དང་དགེ་འདུན་པ་རྣམས་ཀྱིས་རྐོ་བསློགས་བྱས་ཏེ་མི་གསོན་པོའམ་རོ་གང་རུང་གི་གོས་དང་ཡན་ལག་གི་ཆ་ཤས་མཐོང་བ་ཙམ་བྱུང་ཚེ་ལམ་སང་དམག་མི་ཡོང་ནས་མི་སེར་དང་དགེ་འདུན་པ་རྣམས་ཕྱིར་འབུད་བྱས་ཏེ་དམག་མིས་མཐའ་སྐོར་ནས་པར་དང་གློག་བརྙན་བླངས་ཏེ་ཁོ་ཚོས་བླངས་མདོག་བྱེད་ཀྱི་ཡོད།
ཉིན་གསུམ་པ།
ཉིན་འདིར་གཞུང་སྒེར་དུ་མའི་སྐྱོབ་གསོའི་རོགས་དངོས་ཐོན་བཞིན་ཡོད་ལ་གཞུང་ལམ་དག་གི་ཟུར་ནས་སྦྱར་ཡིག་དང་འགེལ་བྱང་ཡོད་པའི་རླངས་འཁོར་དུ་མ་ཕྲེང་དུ་བསྟར་བཞིན་ཡོད། གསལ་བོར་ཤེས་པ་གཅིག་ལ་གཞུང་ཕྱོགས་ཀྱི་སྐྱོབ་གསོའི་རོགས་དངོས་་རྣམས་ནི་གཞུང་ལམ་གྱི་ཟུར་འགྲམ་དང༌། མི་མང་འདུ་འཚོགས་བྱས་ཡོད་པའི་དཀྱིལ་དུ་བགོ་འགྲེམ་བྱེད་པ་ལས་ཉམས་ཐག་རོ་བདག་དང་རྨས་མ་རྣམས་ཀྱིས་ཐོབ་ཀྱི་མེད། ལམ་གྱི་ཁུག་ཀྱོགས་དང་གྲོང་བའི་གསེབ་ཏུ་ཡོད་པའི་ཉམས་ཐག་མང་ཙམ་ལ་ཁོ་བོས་འདྲི་རྟོག་བྱས་པ་བརྒྱུད་ཉིན་འདིར་ཐོན་དུས་ཀྱང་སྐྱོབ་གསོའི་རོགས་དངོས་མགྱོགས་ཐུག་ཤོག་ཁུག་གཅིག་ཀྱང་མ་ཐོབ་པ་རྐྱང་རྐྱ
ང་རེད། ཉིན་འདིའི་སྔ་དྲོར་བཀྲ་ཤིས་དར་ཐང་གི་དུར་ཁྲོད་ནང་དུ་རྐྱེན་ལམ་དུ་སོང་བའི་རོ་སྟོང་གཅིག་དང་སུམ་བརྒྱ་ནས་བཞི་བརྒྱའི་བར་ཡོད་པར་གྲགས་པ་ཞིག་མེར་བསྲེག ས་ཆ་དེར་རོ་ཁུར་མཁན་དང་ལས་ཀ་བྱེད་མཁན་ནི་སེར་མོ་དང་མི་སེར་རྐྱང་བ་རེད། དེ་དང་མཉམ་གཅིག་ཏུ་གླེང་ཕྱོགས་གཅིག་བཟོས་སོང་བ་སྟེ། བོད་པ་ནི་བོད་པ་རང་རེད། མི་མང་ལ་དཀའ་ངལ་འདི་ལྟ་བུ་འཕྲད་དུས་ལམ་བར་ནས་འཕྲོག་བཅོམ་བྱེད་པ། རྐུ་བརྒྱབས་པ། གྲི་སྐེ་ལ་ཚད་དེ་གོར་མོ་འཕྲོག་པ་སོགས་བྱེད་ཅིང་འདུག ཅེས་པ་དེ་རེད། འདི་ནི་ཚོགས་ཁག་གང་ཞིག་གིས་དམིགས་ཡུལ་ཡོད་པའི་སྐད་ཆ་ངོ་མ་རང་རེད། ངས་ཤེས་པ་ཞིག་ལ་གྲོང་བར་གྱི་མི་སེར་རྣམས་ལ་གོར་མོ་དང་སྐྱོབ་གསོའི་རོགས་དངོས་འགྲེམ་བགོ་བྱེད་ཚེ་བརྒྱ་ཆ་བདུན་བཅུ་ཡན་གྱིས། ང་བས་སྡུག་པ་མང་པོ་ཡོད་རེད། དེ་ཚོ་ལ་སྤྲད་རོགས། ཅེས་བཤད་མཁན་རེད་འདུག་པས་འདི་ནི་སྔ་མའི་སྐད་ཆ་དེ་བོད་རིགས་དཔའ་ཞུམ་དུ་འཇུག་པའི་སྐད་ཆ་ཡིན་པ་ཤེས་ཐུབ། ཉིན་འདིར་སྲིད་བློན་ཝུན་ཅཱ་པོ་སླེབས་ཏེ་འཚམས་འདྲི་དང་སེམས་གསོའི་སྐད་ཆ་བཤད་སྐད་འདུག
ཉིན་བཞི ་པ།
ཉིན་བཞི་པར་ཕྱོགས་ཕྱོགས་ནས་ཡོང་བའི་དགེ་འདུན་པ་ཁྲི་ཕྲག་ཙམ་ཁྲོམ་གཞུང་ནས་སྐོར་ཏེ་ཉིན་སྔ་མར་རོ་བསྲེག་སའི་གནས་སུ་འཕོ་བ་དང་བསྔོ་སྨོན་གསུང་བ་དང༌།
ཕྱི་དྲོའི་དུས་ཚོད་གསུམ་ཙམ་གྱི་སྟེང་རྟ་རྒྱུག་ཐང་དུ་སླར་ཡང་འཛོམ་སྟེ་འཕོ་བ་དང་བསྔོ་སྨོན་གསུང༌། དེས་མཚོན་ཏེ་གསོན་པོ་བསྐྱབས་པ་དང༌། རོ་ས་འོག་ནས་བླངས་བ། རོ་ཁྱེར་རོགས་བྱས་པ། སྐྱོབས་གསོའི་རོགས་དངོས་སྤྲད་པ་བཅས་ནི་ཉིན་འདི་དག་ཏུ་དམག་མིས་བྱས་པ་ལས་ལྡབ་འགྱུར་ཙམ་དགེ་འདུན་པས་བྱས་ཡོད་ཀྱང་གུང་ཕྲན་གཞུང་གིས་དེ་དག་མིག་གིས་མ་མཐོང་བ་ལྟར་བྱས་ཡོད། ཉིན་འདིར་སྔ་དྲོ་ནས་བཟུང་སྟེ་དགུང་མོའི་བར་དུ་འགྲིམ་འགྲུལ་ཡོངས་རྫོགས་བཀག་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧྲུའུ་ཅིའི་ཧྥུ་ཅིན་ཐོ་ལ་ཕེབ་བསུ་ཞུས་སྐད། གང་ལྟར་ལམ་གྱི་བར་རྣམས་སུ་ནད་པ་ཁྱེར་མཁན་དང༌། སྐྱོབ་གསོའི་རོགས་དངོས་ཁྱེར་མཁན།
རོ་ཁྱེར་མཁན་སོགས་ཀྱི་རླངས་འཁོར་དུ་མ་ནང་དུས་ནས་བཟུང་སྟེ་ཕྱི་དྲོའི་བར་དུ་སྒུག་ཏུ་བཅུག་ནས་མི་སེར་རྣམས་ཡི་ཆད་པར་བྱས་ཡོད།
དཔེར་མཚོན་ན་སྲང་བར་རྣམས་སུ་སྐད་ཆ་ཞིག་བཤད་བཞིན་ཡོད་པ་སྟེ། དེ་རིང་རྒྱ་རོ་ཁྱེར་ཏེ་འགྲིམ་འགྲུལ་བཀག་སོང༌། ལྟ་བུའི་ཟུར་ཟ་དང་མ་མོས་པའི་སྐད་ཆ་མང་པོ་གོ་རྒྱུ་ཡོད། མི་དུ་མས་ཤེས་རྟོགས་བྱུང་བའི་ཧ་ལས་དགོས་པའི་དོན་རྐྱེན་གཅིག་ལ། ཁུལ་ཕྱོགས་བསྡུས་སློབ་གྲྭའི་རྒྱབ་ཕྱོགས་ནས་ཁྱིམ་ཚང་གཅིག་གི་ཁང་བ་ཞིག་རལ་དུ་གྱུར་པའི་འཕྲོ་ན་བུད་མེད་གཅིག་པུ་ཡོད་འདུག་ཅིང༌། དེའི་ཁང་བ་ཞིག་རོའི་འོག་ནས་ཅ་ཁ་རྣམས་དམག་མིས་བསལ་རོགས་བྱས། འོན་ཀྱང་ཁུག་མ་ཞིག་གི་ནང་དུ་གཟི་བྱུར་དང་རྒྱན་ཆ་རྣམས་བཅུག་ཡོད་ལ། དེ་དག་དམག་མིས་ཁྱེར་བརྩིས་བྱས་པས་བུད་མེད་དེ་འཐམ། ཉེ་འཁོར་གྱི་ཁྱིམ་མཚེས་རྣམས་ལ་སྐད་བརྒྱབས་ཀྱང་སུ་ཡང་ཡོང་ནུས་ཀྱི་མི་འདུག དེར་བུད་མེད་དེས་ཤུགས་ཀྱིས་སྐད་བརྒྱགས་བཞིན་ཁུག་མར་འཐམ་པས་ཁུག་མ་བསྐྱུར་བྱུང་ཡང༌། དེའི་ནང་ནས་བྱུ་རུའི་ཕྲེང་བ་གཅིག་དང་རྒྱན་ཆ་ཉུང་ཤས་ཚང་མི་འདུག་ཟེར། དེ་བཞིན་དུ་བོད་ཀྱི་ལ་ཁྱིར་གྲགས་པའི་རིན་ཐང་ཅན་གྱི་ཁྱི་ཕྲུག་དུ་མ་དམག་མིས་རླངས་འཁོར་ནང་དུ་བཅུག་བཞིན་པ་དུ་མ་མཐོང་བ་དང༌། ཚོང་ཁང་ཞིག་རོ་ཞིག་གི་ནང་ནས་ཤོག་སྒོར་མང་ཙམ་བྱུང་བ་ཚང་མ་དམག་མིས་གློ་ཁུག་ཏུ་བཅུག། འདི་ལྟ་བུའི་གནས་ཚུལ་དུ་མ་བྱུང་འདུག་ཅིང་དེས་མི་ཚང་མ་ཧ་ལས་ཧོན་འཐོར་དུ་འགྱུར་དུ་བཅུག་འདུག ཕྱི་ཕྱོགས་ནས་ཐོས་པའི་སྐད་ཆ་ལྟར་ན་ཉིན་སྔ་མ་ནས་སྡོད་གུར་དང་ཟས་གོས་ཀྱི་གནད་དོན་ཐག་བཅད་ཚར་ཞེས་གསལ་བསྒྲགས་བྱས་འདུག་ཅེས་ཐོས་བྱུང༌། དོན་ངོ་མར་རྟ་རྒྱུག་ཐང་དང༌། གེ་སར་མདུན་ཐང༌། སློབ་ཆུང་གསུམ་པའི་ར་སྐོར་སོགས་སུ་གང་སར་ཐང་སྒར་བྱས་ཏེ་ཉལ་ཡོད་པའི་མི་སེར་དང་དགེ་འདུན་པས་གང་ཡོད་ལ། མྱུར་སྐྱོབ་ཏུ་ཐོན་པའི་མི་སེར་དང་དགེ་འདུན་པའི་རུ་ཁག་རྣམས་ལ་ལས་དོན་མཛུབ་སྟོན་ཁང་གིས་ཐོག་དང་པོར་བཤད་རྒྱུ་ནི། ཟ་གོན་དང་སྡོད་ས་ཚང་མ་ཁྱོད་ཚོས་བལྟ་དགོས་རེད། ཅེས་པ་འདི་རེད། གཞན་ཡང་ཕྱོགས་གཅིག་ནས་དྲིལ་བསྒྲགས་བརྫུན་མས་འཛམ་གླིང་མི་མང་ལ་མགོ་སྐོར་བྱེད་བཞིན་པ་སྟེ། དཔེར་ན་གྲྭ་བཙུན་ཞིག་གིས་བཤད་རྒྱུར། ཉིན་འདིར་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་ར་སྐོར་དུ་ཉེན་འགོག་ཞྭ་མོ་སེར་བོ་གྱོན་པའི་རུ་ཁག་གཅིག་ཆུ་ཀ་ལ་ཡོད་སའི་ཟུར་དུ་ཐོན་པ་དང༌། བོད་པ་གཅིག་དགེ་འདུན་པའི་སྒར་ཡོད་སའི་ནང་དུ་ཡོང་ནས། ཚང་མས་ལྕགས་ཟེའུ་བཟུང་ནས་ཆུ་ལེན་དུ་ཤོག ཅེས་འབོད་བཞིན་འདུག གྲྭ་བ་གཅིག་གིས། ག་རེ་ཡིན་ན། ཅེས་དྲིས་དུས། གློག་བརྙན་ལེན་དགོས་རེད། ཅེས་ལན་བཏབས་འདུག
དེའི་དུས་སུ་ཆུ་ལེན་དུ་ཡོང་མཁན་གྱི་གྲྭ་བ་གཅིག་ཀྱང་ཐོན་མི་འདུག་ཀྱང་ཅི་བྱེད་བལྟ་བར་ཡོང་བ་འདྲ་བའི་གྲྭ་བ་ཁ་ཤས་ཆུ་ཀ་ལའི་ཟུར་དུ་ཐོན་བྱུང༌། དབུས་གཞུང་བརྙན་འཕྲིན་ཁང་སྟེ། སིས་སིས་ཐེས་ཝས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་གིས་བཅར་བྱེད་ཚུལ་གྱིས་དམག་མིའི་འགོ་ཁྲིད་གཅིག་ལ་ད་སྐབས་ཆུའི་གནས་ཚུལ་གང་འདྲ་རེད་ཅེས་དྲིས་དུས། དེས་ལན་འདེབས་རྒྱུར། ཆུ་ཀ་ལ་འདི་ཆད་སོང་བས་ད་གསར་དུ་ཆུ་ཐོན་པ་རེད། ད་ནས་བཟུང་ར་སྐོར་འདིའི་ནང་དུ་ཆུའི་དཀའ་ངལ་སེལ་ཚར་བ་རེད་ཅེས་བཤད། དེ་དུས་ལམ་སང་གྲྭ་བ་ཞིག་བར་དུ་འཚང་ནས། ཆུ་ཀ་ལ་འདི་ང་ཚོས་ཉིན་བཞིའི་རིང་བེད་སྤྱོད་བྱས་པས་སྐྱོན་གང་ཡང་བྱུང་མི་འདུག
འདི་ལ་ཞིག་གསོ་དང་བསྐྱར་བསྣོན་གང་ཡང་བྱེད་དགོས་པ་མི་འདུག་ལ་བྱེད་མཁན་ཡང་གཅིག་ཀྱང་ཐོན་མ་བྱུང་ཞེས་བཤད་པས་དེའི་རྒྱབ་གནོན་ལྟ་བུར་གྲྭ་བ་གཞན་འགའ་རེས་ཀྱང་བཤད་འདུག དེ་དུས་གསར་འགོད་པ་དང་དམག་མི་རྣམས་ཀྱིས་ལམ་སང་གྲྭ་བ་རྣམས་ཕྱིར་འབུད་བྱས་ཏེ་ཁོང་ཚོས་མུ་མཐུད་དུ་འཁྲབས་སྟོན་བྱས་འདུག
ཉིན་ལྔཔ་དང་དྲག་པ།
ཉིན་འདི་གཉིས་ལ་ཡང་སྔར་ལྟར་སྐྱོབ་གསོའི་རོགས་དངོས་དུ་མ་ཐོན་བཞིན་ཡོད་ལ་དེ་དག་གི་སྦྱར་ཡིག་ལ་བལྟས་ན་མང་ཆེ་བ་དགོན་སྡེ་དང་མི་སེར་གྱི་ཚོགས་པ་ཁག་གི་རེད་སྙམ་པ་འདུག གྲྭ་བ་བཞི་ཙམ་ལ་སྐད་ཆ་དྲིས་པ་ཕྱོགས་སྡོམ་བྱས་ན་ཐེངས་འདིར་ཁོ་ཚོའི་མིག་མཐོང་བྱུང་བ་རྐྱང་བར་དགོན་སྡེ་དྲུག་བཅུ་རེ་གཅིག་ཙམ་བརྩི་རྒྱུ་འདུག གཞན་ཡང་ཕྱོགས་གང་དང་གང་དུ་བལྟས་ཀྱང་སེར་མོ་བའི་ཚོགས་ཁག་རྐྱང་བས་གང་འདུག་ཀྱང་བརྙན་འཕྲིན་དང་དྲྭ་བའི་ཐོག་ཏུ་སེར་བོ་མཐོང་དཀོན་པོར་གྱུར་ཡོད། རེ་ཟུང་མཐོང་རྒྱུ་ཡོད་པ་དེ་ཡང་དམག་མིའི་ཁྲོད་ནས་བསལ་མ་ཐུབ་པ་ཡིན་པ་ལས་སེར་མོ་བ་དང་མི་སེར་དཀྱུས་མ་རྣམས་གློག་བརྙན་དང་དྲྭ་ལམ་དེ་དག་གི་ཁྲོད་དུ་ཚུད་མི་སྲིད་པ་རེད། རྒྱུ་མཚན་ནི་དེ་དག་གི་ཁྲོད་དུ་ཚུད་པ་ལ་སྒྱུ་རྩལ་ལ་བྱང་ཞིང་སྤྲེལ་ལད་ལ་གོམས་པའི་མི་ཞིག་ཡིན་དགོས་པས་རེད།
ཡང་གོ་ཐོས་ལ་ཁྱིམ་ཚང་ཞིག་གི་ཁང་བ་ཞིག་རལ་དུ་སོང་བ་དམག་མིས་བསལ་རོགས་བྱས་རྗེས་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཁྲིད་དེ་སྐད་ཆ་བཤད་དུ་བཅུག དེ་ཚང་གི་བུ་ཞིག་གིས། ད་རེས་ང་ཚོའི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབ་ཆེན་ཐེབས་ཏེ་དཀའ་ངལ་ལ་འཕྲད་སྐབས་རྒྱལ་ཡོངས་ཀྱི་མི་དམངས་ཡོངས་ཀྱིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཤད་པར། ཁོང་ཚོས། དེས་གོ་ཆོད་གི་མ་རེད་བཅིང་གྲོལ་དམག་མི་ལ་ཐུགས་རྗེ་ཆེ་ཞུ་དགོས་རེད། ཅེས་བཙན་གྱིས་བཅིང་གྲོལ་དམག་མི་ཐུགས་རྗེ་ཆེ་ཞེས་བཤད་དུ་བཅུག་ནས་གློག་བརྙན་བླངས་འདུག དེ་ལྟ་བུའི་གནས་ཚུལ་གང་མང་བྱུང་འདུག་ཀྱང་གོང་བཤད་དེ་དག་གིས་ཟུར་བལྟས་ལེབ་མཐོང་གི་རྣམ་པས་དེ་དག་གིས་གོ་ཆོད་པར་བྱས་ཡོད་ལ། ཡང་པེ་ཅིང་ནས་ཡོང་བའི་རྒྱ་མི་ཞིག་གིས་གྲྭ་བཙུན་ཞིག་ལ་སྐད་ཆ་འདྲི་རྒྱུར། ངོས་རང་ཉིད་ད་སྐབས་ཆེས་སེམས་འཚབ་ལང་ས་ནི་འཕྲོད་བརྟེན་སྐོར་རེད། ད་ལྟ་གང་དུ་སོང་ཡང་གསང་སྤྱོད་མེད་པས་མི་རྣམས་ཀྱིས་གང་ཐུག་ཐུག་ཆབ་གསང་བྱེད་བཞིན་འདུག གལ་ཏེ་མུ་མཐུད་དུ་འདི་འདྲ་བྱས་ན་ནད་ཡམ་འཕྱུར་ངེས་རེད། ང་རང་གཞུང་ཕྱོགས་སུ་དེའི་སྐོར་སྐད་ཆ་འདྲི་སྐབས་བོད་པ་ནི་ཆབ་ཁང་ལས་རྒྱུ་ལ་འཛེམ་པའི་གོམས་སྲོལ་ཡོད་པས་དེའི་རྐྱེན་གྱིས་གཞུང་གིས་ཆབ་ཁང་ལས་རྒྱུའི་ལས་དོན་སྒྲུབ་ཐུབ་ཀྱི་མེད་ཅེས་བཤད་བྱུང༌། དོན་ངོ་མར་གང་འདྲ་ཡིན་ན། ཞེས་དྲིས་འདུག
གོང་བཤད་ཀྱི་མི་དེ་དག་ཀྱང་མིང་དང་རུས་སུ་བྱས་ཏེ་བཤད་ཐུབ་པ་རྐྱང་བ་ཡིན་པས་རྩོམ་པ་པོ་ཆུང་ཆུང་ངས་འཛམ་གླིང་མི་མང་ལ་མགོ་སྐོར་རྩ་བ་ནས་བཏང་མེད།
གང་ལྟར་ཐེངས་འདིའི་ས་ཡོམ་དོན་རྐྱེན་ཁྲོད་མི་དམངས་མང་ཚོགས་ལ་དཀའ་ངལ་ཚབ་ཆེན་མགོ་ཐོག་ཏུ་ལྷུང་བའི་སྟེང་དུ། དབང་སྒྱུར་པས་ཆབ་སྲིད་ཀྱི་འཁྲབས་སྟོན་སྣ་ཚོགས་བྱས་ཏེ་སྡུག་ཐོག་ཏུ་སྡུག་བསྣན་ཡོད་ལ། གློག་བརྙན་མཐོང་མཁན་གྱི་མི་འགའ་ཤས་ཀྱིས་མིག་ཆུ་བཞུར་བཞིན་དུ་དངོས་གནས་བརྙས་བཅོས་བྱེད་པ་ལ་ཚོད་མི་འདུག་སོགས་ཀྱང་ཟེར་འདུག གང་ལྟར་ངས་འདིར་གནས་དོན་མང་བོ་ཞིག་གསལ་བཤད་དང་ནན་བཤད་བྱས་པ་ནི་སུ་ཞིག་ལ་སྐྱོན་འགེལ་འདོད་པས་མ་ཡིན་པར་ཉམས་ཆུང་མི་སེར་འདི་དག་ལ་ལུས་སེམས་ཀྱི་སྟེང་དུ་བབས་པའི་དཀའ་སྡུག་ དངོས་དེ་འཛམ་གླིང་མི་མང་གིས་ཤེས་ཤིང་བྱམས་བརྩེ་དང་དྲང་བདེན་གྱི་རྒྱབ་སྐྱོར་རགས་པའི་ཆེད་ཁོ་ན་ཡིན། ཅེས་པ་འདི་ཡང་བདེན་སྨྲས་རང་ཉིད་ཀྱིས་མྱུར་སྐྱོབ་ལས་དོན་ཁྲོད་དུ་མཐོང་ཐོས་བྱུང་རིགས་རྣམས་ཡོ་འཁྱོགས་མེད་པར་ས་འགུལ་གྱི་ཉིན་བདུན་པ་སྟེ་༢༠༡༠ལོའི་ཟླ་༤ཚེས་༢༡ཉིན་ནས་མགོ་བརྩམས་ཏེ་ཉིན་དགུ
་པར་འཛམ་གླིང་མི་མང་ལ་རེ་སྐུལ་ཞིག་གི་ཚབ་ཏུ་ཕུལ་བའོ།། །
མ་ཡིག་དེ་གཤམ་གསལ་གྱི་འབྲེལ་ཐག་འདི་ལ་བསྣུན་ནས་གཟིགས་རོགས། 1232
གནད་འགག་ཞིག་ཡོད་ས་རེད་བསམ་ཡང་བལྟ་མི་ཤེས་ཀི ཇི་འདྲ་བྱས་ནས་བལྟ་དགོས་སམ།
ཨ་་་་་་་་ དངོས་གནས་དྲིན་ཅན་པོ་དེ་འདྲའི་སྐད་ཆ་དོན་སྙིང་ཅན། དེ་འདྲའི་སྐད་ཆ་དྲང་མོ་ཞིག་ད་བར་
ང་ཚོའི་རྣ་ལམ་དུ་འབྱོར་བ་མེད་པས་ཁྱེད་ལ་སྙིང་ཁོང་རས་བའི་གཏིང་ནས་བཀའ་དྲིན་ཆེ་ཞུ།
ད་ཐང་ངེད་བོད་པ་ཚང་གི་ཀོད་ཆག་འདིས་རྒྱུ་རྐྱེན་དང་། ངོ་བོ། ད་དུང་འཇུག་འབྲས་བཅས་སྦེད་སྐོང་
མ་བྱས་བར་དྲང་བདེན་སྒོས་བརྗོད་ན་གོང་གི་གཟུགས་བསྙན་ཐུང་ངུ་འདི་ཡིན་པས་འདི་ལ་འཛམ་གླིང་གི་
མི་བུ་སུས་བལྟས་ཀྱང་ཤ་མི་ཚ་མཁན་ཞིག་དང་སྙིང་མི་རྗེ་མཁན་ཞིག་ སེམས་ལྡན་སུ་ཡང་ཡོད་མདོག་མ་རེད།
གང་ལྟར་ང་ཚོས་གོང་གི་གནས་ལུགས་དང་དོན་གནད་འདི་གཞི་ལ་བཞག་ནས་མི་ལ་འབྲེལ་བཤད་བྱེད་རྒྱུ་དང།
ད་དུང་འདི་ལྟ་བུའི་རྩོམ་དག་ཡིག་རིགས་མང་པོར་བསྒྱུར་ནས་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་རྒྱུ་
གལ་ཆེ་བར་མཐོང་པས་ཤེས་ལྡན་དག་གི་དགོངས་མངའ་མཛོད།། ཁོང་ལ་ཐུགས་རྗེ་ཆེ་ཞུ།། ཁོང་གིས་བསམ་དོན་
འགྲུབ་པར་ཤོག་ཅིག།།
རྒྱམ་རྒྱལ་རྡོ་ཏི་གངས་དཀར་ཞེས་པ་འདི་ནི་གནས་རི་གྲགས་ཅན་ཞིག་རེད། སློབ་དཔོན་པདྨ་སོགས་ཀྱི་གནས་ཡིག་ཡོད་པ་རེད། འདི་ལས་གཏེར་ཁ་བསྔོགས་ནས་གོད་ཆག་འདི་བྱུང་བ་རེད་ཅེས་པ་མི་མང་པོའི་ཁ་ལ་འབྱར་འདུག ས་གནས་མི་མང་གིས་ཡུན་རིང་བཀག་འགོག་བྱེད་བཞིན་པ་ཡིནའང་། དོལ་རྒྱལ་བསྟེན་པའི་བླ་མ་ཞིག་དང་། དཔོན་པོ་འགའ་ཞིག་དང་ལག་སྦྲེལ་བྱས་ནས་གཏེར་ཁ་དེ་ཉིད་རྒྱ་མི་ལ་བཙོང་ཚར་བ་རེད་ཟེར། འདིའི་སྐོར་གྱོད་དོན་པེ་ཅིན་བར་དུ་གཏུགས་ནའང་ད་དུང་ཐག་ཆོད་ཡོད་མི་འདུག དེ་བཞིན་དུ་རག་ཤུལ་སྟོད་ཀྱི་གཉན་རྒྱལ་མཚོ་དང་། གཞན་གནས་རི་མང་པོ་ཞིག་ནས་གསེར་ལ་སོགས་པའི་གཏེར་ཁ་དུ་མ་ཞིག་བླ་མ་དེ་དང་དཔོན་པོ་དེ་དག་གིས་རྒྱ་ལ་བཙོང་པ་རེད་ཟེར། ས་ཡོམ་གྱི་འབྱུང་ཁུང་དེ་དག་ཡིན་པར་སྨྲ། ད་ལོ་ས་ཡོམ་གྱི་མགོ་ཡང་རག་ཤུལ་སྟོད་ཀྱི་ས་དེ་ནས་བཙུགས་པར་བཤད།
ངོ་མ་དེ་འདྲ་རེད། བློ་གྲོས་རྒྱལ་བོ་སོགས་རྒྱ་ནག་གིས་སེམས་འགུལ་ཆེན་པོ་ཐེབས་ནས་ཟམ་གདོང་རིན་པོ་ཆེ་དང་རང་གཞུང་ལ་སྡིག་སྨོད་ཆེན་པོ་བྱེད་མྱོང་བའི་དྲ་གྲོགས་སྐོར་ཞིག་གིས་དེ་བས་ཀྱང་འདི་གཟིགས་ན་འདོད།
ངོ་མ་ང་གཏིང་ནས་སེམས་ན་གི ཡིན་ན་ཡང་ངས་གོ་སྐབས་ཡོད་ཚད་ལ་བོད་ཀྱི་སྐྱེ་སྐུ་དགོན་གྱི་དབོན་པོ་སྐྱབས་མགོན་གྱི་དྲ་གནས་སུ་བཏང་བའི་དངོས་ཡོད་གནས་ཚུལ་གྱི་དཔར་བརྒྱ་ཕྲག་མང་པོ། མཚོ་སྔོན་བོད་སྐད་ཀྱི་ཅུང་ཟད་བཟང་ཆ་ཆེ་བའི་ཆེད་སྒྲིག་ལེ་ཚན། CCTVཡིན་ན་དེའི་དྲིལ་བསྒྲགས་ཀྱི་ཆེད་བསྒྲིགས་ལེ་ཚན་བཅས་གོང་བསྒྲིགས་ནས་བལྟས་བལྟས་པའི་མྱོང་ཚོར་གསོན་པོ་ཡིད་ཁུང་མཆི་མས་གང་བ་དེ་རེད།
ཨ་རོ་ཤི་ད་ནི་གང་ལྟར་བོད་གཞུང་ཟེར་བའི་ཟ་འདྲེ་དེ་ཚོ་ལ་ང་ཞེན་པ་གཏང་ནས་ལོག་སོང་ཡ། ད་གང་ལྟར་དངོས་གནས་ཡེ་ཤུལ་ཁུལ་ལ་འབྱུང་བའི་གནོད་འཚེ་ཡོང་པའི་སྐབས་སུ་རྫ་ཆུ་ཁའི་བླ་གྲ་རྣམས་ལས་བཀའ་དྲིན་གི་ཆེ་ཞིག་ས་སྟེང་ནས་བྱུང་མ་སོང་ཡ། དེ་ལ་མིག་དཔེ་གཡར་ནས་ཉེ་སྐོར་གྱི་དགོན་པ་གཞན་ཚོ་རྗེས་ནས་ཡོང་ཡོད་པ་འདྲ། བོད་གཞུང་གི་ལས་བྱེད་པ་ཟ་འདྲེ་དེ་ཚོ་ས་འོག་ལ་རོ་སྒམ་ནང་ལ་འཛུལ་ཚར་བ་འདྲ། དགའ་ལྡན་ཕོ་བྲང་འམ་བོད་སྡེ་བ་གཞུང་གི་ལས་བྱེད་པ་དེ་ཚོ་སྔོན་ནས་ད་ལ་ཐུག་གི་བར་དུ་མདོ་སྟོད་སྨད་གཉིས་ལ་ཤ་ཞེན་མེད་པ་ཀུན་གྱིས་མཁྱེན་གསལ་རེད། ད་ལྟའི་ས་ཡོམ་གྱི་གོད་ཆགས་འོང་ས་འདི་དབུས་གཙང་གི་ཕྱོགས་ཡིན་ན་ཧ་ལམ་ཁོང་ཚོ་ཡང་མཉམ་དུ་ཤི་དགོས་ཟེར་བ་ངེས་ཅན་རེད། ད་ནི་ང་རང་བོད་གཞུང་ཟེར་བ་འདི་ལ་ཞེན་པ་གཏང་ནས་ལོག་སོང་། དེ་ལས་དངོས་གནས་མདོ་ཁམས་རྫ་ཆུ་ཁའི་དགོན་སྡེ་རྣམས་གྱི་གཙོ་བྱས་པའི་གསེར་རྟ་བླ་རུང་སྒར་སོགས་ལ་གུས་པའི་རྒྱང་རིང་ལམ་ནས་སོར་བཅིའི་ཐལ་མོ་སྙིང་ཁར་སྦྱར་ནས་ལྷ་ཕྱག་གྲངས་མེད་དང་བཅས་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཞུ་ཞུ་ཞུ། བོད་གཞུང་གི་ཟ་འདྲེ་མ་རབ་ཁུག་བཅུག་གི་ལས་བྱེད་ཁྱེད་ཚོ་ཉི་མ་དེ་རིང་ནས་བཟུང་ང་ལ་མི་དགོས་ཐག་ཆོད་ཡིན། འདི་ཕྱི་གཏན་གྱི་སྐྱབས་གནས་༧གོང་ས་མཆོག་ལ་ནི་ཞུ་གི་མིན་དེ་མིན་ང་རང་གི་བོད་གཞུང་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་གསལ་བོ་ད་ལྟའི་སྐབས་སུ་ཧ་གོ་སོང་།
འོ་ཡ་གྲོགས་པོ་ལགས། ཁྱེད་ཀྱིས་གོང་དུ་བྲིས་བའི་ ཡི་གེས་དག་ཆ་དང་་་བརྗོད་བྱ་་་་ད་དུང་སྡེབ་སྦྱོར་སོགས་
ཕྱོགས་གང་ནས་བལྟས་ཀྱང་་་དངོས་གནས་མིང་དོན་མཚུངས་པའི་་་ཡ་ག་མ་མཆི་རང་རེད་འདུག།
དེའི་ཕྱིར་་་བླུན་པོ་ཁ་བཙུམ་ན་བསྟན་པ་ལ་ཕན་གི་རེད་ལོ།། ད་ཐང་སྔོན་ལ་སུ་སླེབ་ཀྱང་ཏེ་
ལ་རྒྱ་དང་་་་ལྷག་བསམ་ཅན་གྱིས་གདོང་དམར་བའི་བུ་རྒྱུད་ཡིན་པ་ལས། མྱུར་སྐྱོབ་བྱེད་མཁན་དང་
རྗེས་སུ་ཡི་རིང་ཞུ་མཁན་ཕྱོགས་གང་ཡིན་ཀྱང་་་་ཁྱོད་ལྟ་བུའི་བློ་ཡི་ཁབ་མིག་དོག་པོ་ཅན་མི་འདུག་ལོ།།
གནས་ཚུལ་འདི་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་ཐོག་བསྒྱུར་ཏེ་འཛམ་བུ་གླིང་གི་ཕྱོགས་གང་སར་ས་བསྒྲགས་གནམ་བསྒྲགས་བྱེད་དགོས། རང་རེའི་དབྱིན་ཡིག་གི་རྩོམ་འབྲི་བ་རྣམ་པས་རེམ་དགོས་འདུག རྒྱ་ནག་གི་སྐྱུག་བྲོ་བའི་བྱེད་སྟངས་འདི་ཐེར་འདོན་བྱེད་རོགས།