རྫ་ཚེ་རིང་བཀྲ་ཤིས།
——གལ་ཏེ་མི་རིགས་གཞན་པ་ཞིག་གིས་དྲ་ཐོག་ནས་དེ་ལྟར་དོན་མེད་དུ་ཁ་རྡུང་བཏང་ན་ངའི་འཚོ་བ་ལ་དོ་ཕོག་གཏོང་སྲིད་ཀྱང་། སེམས་པ་ལ་དོ་ཕོག་ཆེན་པོ་གཏོང་གི་མ་རེད།
ངས་ཉེ་ཆར་ནས་ངོ་དེབ་ཐད་གཏོང་འཕྲིན་ལམ་ནས་བདུན་ཕྲག་རེའི་གཟའ་ལྷག་པ་འཆར་ཅན་ལ་སློབ་ཚན་ཐེངས་རེ་བཤད་བཞིན་པའི་ཁུལ་ཡིན། མ་གཞི་དེ་ནི་ལོ་འགའི་ཡར་སྔོན་ནས་མགོ་བཙུགས་པའི་དྲ་ཐོག་སློབ་ཚན་ཞིག་རྒྱུན་འཐུད་བཞིན་པ་ཙམ་ཡིན། ཉེ་ཆར་ནས་ངོ་དེབ་ཐོག་ཐད་གཏོང་གི་མ་ལག་ཡོད་པས་རྒྱ་རིགས་སློབ་མ་ཚོའི་རེ་བ་བཞིན་ངོ་དེབ་ཐོག་སྤོས་པ་ཡིན། གུས་པའི་ངོ་དེབ་རྗེས་འབྲངས་པ་མི་བདུན་སྟོང་ལྷག་ཙམ་ཞིག་ཡོད་པས་དེའི་ནང་དུ་མི་རིགས་ཀྱང་འདྲ་མིན་སྣ་ཚོགས་རེད། བོད་པ་ཡང་མང་པོ་ཞིག་གིས་དུས་ཐོག་ནས་མཐོང་གིན་ཡོད་ས་རེད། ངོ་དེབ་ཀྱིས་རང་འགུལ་ཟིན་ཐོར་མངོན་པ་ལྟར་ན་བདུན་ཕྲག་འདིའི་སློབ་ཁྲིད་སྐབས་ཆུ་ཚོད་ཕྱེད་ཀྱི་རིང་ཁོ་ནར་མཉམ་ཞུགས་བྱ་མཁན་ཉིས་བརྒྱ་ལྔ་བཅུ་ཡས་མས་འདུག
བོད་པ་ཆོས་གྲོགས་དང་ངོ་ཤེས་པ་སོགས་ཁག་ཅིག་གིས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མཁན་ཡང་བྱུང་ལ། བོད་སྐད་ཐོག་ནས་སློབ་ཚན་ཁྲིད་རྒྱུར་རེ་བ་གནང་མཁན་ཡང་འདུག དེ་ཚོར་དང་ལེན་གང་ཐུབ་ཞུས་པ་ཡིན། JoHn Wang ཟེར་བའི་མིང་ཅན་གྱི་བོད་པ་ཞིག་གློ་བུར་ཐོན་ནས། ཁོས་འཁྲབ་སྟོན་བྱེད་པ་རེད། གལ་དེ་ཁྱེད་ཚོས་ནང་ཆོས་སློབ་དགོས་ན་རླབས་ཆེན་གྱི་༧རིན་པོ་ཆེའི་མདུན་ནས་སློབ། འདི་ཚོའི་ས་ནས་མ་སློབ། འདི་ཚོ་མགོ་སྐོར་གཏོང་མཁན་རེད་ཅེས་རྒྱ་ཡིག་གིས་ལབ་ཀྱི་འདུག ཁོས་ཐེངས་ཁ་ཤས་ལ་སློབ་ཁྲིད་སྐབས་སུ་དེ་འདྲ་ལབ་ཀྱི་འདུག ༧རིན་པོ་ཆེ་རླབས་ཆེན་ཡིན་པ་སུས་ཀྱང་ལོས་ཤེས། འོན་ཀྱང་། ཁང་པ་ཆེན་པོ་བཟོ་སར་རྡོ་ལུ་ཆུང་ཆང་དེ་ཚོ་ཡང་གཏན་ནས་བེད་སྤྱོད་མེད་པ་ཞིག་མ་རེད། མ་གཞི་གང་ཐུབ་ཅི་ཐུབ་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་པ་དེ་ཡང་རིན་པོ་ཆེའི་དགོངས་པ་གཙོ་བོ་ཞིག་རེད།
རྒྱུ་མཚན་ཅི་ཡང་མེད་པར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་བཀོལ་ནས། འགོ་སྐོར་གཏོང་མཁན་དང་ཁྱེད་ཚོས་ཁོའི་བཤད་པར་མ་ཉན་ཟེར་བ་དང་། ཡང་བོད་པ་གཞན་པ་ཞིག་གིས་དེའི་འོག་ལ་ཁྱེད་རང་གིས་ལབ་པ་བདེན་ཟེར་ནས་ཁོ་ལ་བདེན་ཁ་སྦྱིན་གྱི་འདུག གནས་ཚུལ་འདི་ཐེངས་དང་པོའང་མ་རེད། ནམ་རྒྱུན་རང་གིས་སྤེལ་བའི་རྩོམ་ཡིག་སོགས་སུ་རྒྱ་ཡིག་གིས་ལྡོག་ཕྱོགས་ནས་སྐད་ཆ་བཤད་མཁན་དེ་ཚོ་བོད་པ་རྒྱ་ཡིག་ཕྲན་བུ་ཤེས་མཁན་དེ་འདྲ་རེད། མ་མཐའ་ཕྲན་གྱི་ངོ་དེབ་སོགས་སུ་དེ་འདྲ་རེད།
དེའི་ནང་ནས་རྒྱ་རིགས་དེ་ཚོས་ནི་མཁན་པོ་ལགས་སྐད་ཆ་དེ་རིགས་ཀྱིས་སེམས་པ་མ་ཕམ་ཞེས་སེམས་གསོ་བྱེད་ཀྱི་འདུག་ལ། སེམས་ཁྲལ་ཡང་བྱེད་ཀྱི་འདུག གཅིག་བྱས་ན་བོད་པ་དེ་ཚོས་ང་ལ་ཁ་རྡུང་གཏོང་ཡོང་དུས་ཁོང་ཚོས། བོད་པ་བོད་པར་ཆ་རྒྱུས་ཡོད་ཤག་རེད། དངོས་གནས་འདིས་ང་ཚོ་མགོ་སྐོར་གཏོང་གིན་ཡོད་ས་རེད་ཅེས་བསམ་གྱི་ཡོད་སྲིད།
ཡང་རྒྱ་འགའ་རེས། མཁན་པོ་ལགས། མི་དེ་དག་ཕར་བལྟས་ཚོད་ལ་བོད་པ་རེད་འདུག ཁྱོད་ཀྱིས་ཁོང་ཚོར་དགྲ་བསགས་མེད་དམ་ཞེས་འདྲི་མཁན་ཡང་འདུག ངས་ནི་ངོ་ཙམ་ཡང་མ་ཤེས་ན་དགྲ་ཅི་ལྟར་གསོག
དྲ་ཐོག་གི་མི་གཅིག་ནི་མིང་དང་པར་ཡོངས་རྫོགས་རྫུན་མའི་གནས་སྟངས་འོག་ཡོད་པ་དང་གཞན་ཞིག་ནི་མིང་ལ་དབང་སྒྲོལ་ལྷ་མོ(Wangdol Lhamo)ཞེས་བྲིས་འདུག་ཀྱང་ངོ་ནི་གཏན་ནས་མི་ཤེས།
གལ་ཏེ་ཁོང་བོད་ཡིག་བེད་སྤྱོད་བཏང་ནས་ང་ལ་བསྡིགས་ན་ཁྱད་པར་མི་འདུག་སྟེ། བོད་པ་ཞིག་གིས་རྒྱ་རིགས་དེ་ཚོས་ཐད་གཏོང་མཉན་ནས་འོག་ལ་ཡང་སློབ་ཚན་དང་འབྲེལ་བའི་དྲི་བ་སོགས་ཀྱི་ཞབས་མམཆན་འགོད་བཞིན་པའི་ཡུལ་ངོས་སུ་ཡོང་ནས་ཚད་ལས་བརྒལ་བའི་སྐད་ཆ་བཤད་ཡོང་དུས་སེམས་ལ་དྲན་མ་ཐུབ་པ་འདྲ་ཞིག་དང་། སེམས་ཕམ་པོ་འདྲ་ཞིག་དང་། མི་དེ་ཚོའི་ལུས་ཀྱི་ནང་ལ་སེམས་ཤིག་དང་། མི་ཚུལ་དང་ལར་ཞེན་གྱི་དབང་དུ་བྱས་ནའང་ཕྱི་ནང་གི་དབྱེ་བ་ཅུང་ཟད་ཙམ་རེ་མེད་པ་འདི་ག་འདྲ་ཡིན་ནམ་སྙམ་ནས་ངོ་ཚ་བ་དང་ཡིད་ཕམ་པའི་ཚོར་བ་དངོས་གནས་འདུག
གཅིག་བྱས་ན་རང་ཉིད་མི་རིགས་གཞན་གྱི་ཁོར་ཡུག་དང་རྟག་པར་འབྲེལ་འདྲིས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་བས་ཀྱང་ཡུན་རིང་ཕ་ཡུལ་མ་མཐོང་བའི་མི་ཞིག་གིས་རང་གི་ཕ་ཡུལ་གཅིག་པ་མཐོང་བཞིན་སེམས་ཐག་ཉེ་བའི་ཚོར་བ་ཡན་གར་བ་རེ་བག་ཉལ་དུ་ཡོད་ས་རེད། དེ་འདྲའི་བརྩེ་དུང་དེར་ལྡོག་ཕྱོགས་ཀྱི་སྣང་ཚུལ་མངོན་ཡོང་དུས་བློ་ཕམ་གྱི་ཚོར་བ་དེ་ཡང་གཞན་ལས་སྐྱེན་པོ་ཞིག་ཡོང་གིན་ཡོད་པ་འདྲ། དེ་ཡང་རྒྱུ་མཚན་ཞིག་རེད་འདུག
གལ་ཏེ་ཁྱེད་རང་མི་རིགས་གཞན་པ་ཞིག་གི་ཁོར་ཡུག་ཅིག་ཏུ་རང་གི་ཆོས་དང་རིག་གཞུང་ལ་དུང་ཞེན་ཆེན་པོས་ལས་ཀ་ཆུང་ཆུང་རེ་ཨ་ཡོང་ལྟ་བཞིན་པའི་སྐབས་སུ་དང་། ཐ་ན་ཞེན་ཁོག་ཆེན་པོས་རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་དགེ་མཚན་གླེང་བཞིན་པའི་སྐབས་སུ། གློ་བུར་དུ་ཤ་ཁྲག་གཅིག་པའི་སྤུན་ཟླ་ཞིག་ནང་དུ་འཛུལ་ནས་རྒྱུ་མཚན་མེད་པར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་སྡིག་དམོད་བྱས་པ་ཡིན་ན་སྤྲོ་མ་ལངས་ན་ཡང་སེམས་ཕམ་པ་ནི་ལྡོག་ཏུ་མེད་པ་ཞིག་རེད།
ཁོང་ཚོས་ང་ལ་མི་སྔུན་ནས་དམའ་འབེབས་ཀྱི་ཚིག་མཚོན་འདེབས་པ་དེ་ང་ལ་སྒེར་གྱི་ཞེ་འཁོན་སོགས་ཀྱི་རྒྱུ་མཚན་གྱི་ཐོག་ནས་བསམ་བཞིན་གནོད་སྐྱེལ་བ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་རེད། དེ་འདྲ་ཡོང་སྲིད་པ་ཞིག་རེད། དེ་ནི་མི་ཞིག་གིས་སོ་སོས་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་རེད། སོ་སོས་རྣམ་དཔྱོད་བེད་སྤྱད་དེ་བྱས་པ་རེད། འོན་ཀྱང་མི་འདི་ཚོས་རང་ཉིད་སུ་ཡིན་པ་དང་གང་ཞིག་བྱེད་ཀྱི་ཡོད་པ། ཕ་རོལ་པོ་སུ་ཡིན་པ་དང་ཁོས་ག་རེ་བྱེད་ཀྱི་ཡོད་པ། རང་གི་སྐད་ཆའི་ཤུགས་རྐྱེན་དང་ནང་དོན་སོགས་ལ་འདང་རྒྱག་གང་ཡང་མེད་པར་ཀླད་པ་ནག་ཐོམ་མེ་བ་ཞིག་གི་ངང་ནས་ནོར་འཛོལ་འདི་རིགས་བྱེད་ཀྱི་ཡོད། ནོར་འཁྲུལ་ཚང་མ་ལུང་མ་བསྟན་གྱི་ངང་ནས་བྱེད་ཀྱི་ཡོད་པ་འདི་ཕངས་པོ་འདུག་ལ་ཤ་ཚ་བ་འདྲ་ཞིག་ཀྱང་རེད།
དོན་ལ་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། བོད་པ་དང་བོད་པ་མ་ཡིན་པ་མང་པོ་ཞིག་གིས་དུས་རྒྱུན་མི་དང་མཉམ་དུ་འགྲོགས་པའི་སྐབས་ཀྱི་ཀུན་སྤྱོད་ཀྱི་གནད་དོན་མང་པོ་ཞིག་ཡོང་ས་ཡང་དེ་ག་རང་རེད། བོད་པ་འདི་གཤིས་ཀ་སྡུག་པོ་ཞིག་མིན་ན་ཡང་སྤུས་ཚད་དམ་བྱང་ཚད་ཀྱི་ཆ་ནས་ཧ་ཅང་སྐྱོ་བོ་འདུག་ཅེས་མཁས་པ་གཞན་གྱིས་གསུངས་པ་དེ་ཡང་ཧ་ཅང་བདེན་པར་ཚོར། དཔེར་ན་དར་གོས་བཟང་པོ་ཞིག་ལ་དྲས་དྲུབ་ལེགས་པོ་མ་བྱུང་བར་གོས་སུ་བྱས་པ་བཞིན་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས། ལས་ཀ་བྱེད་སྟངས་སོགས་སློབ་གསོ་མ་ཐོབ་པའི་རི་བྲག་པའི་གཤིས་ཀ་རྒོད་པོ་དེས་ད་དུང་ང་ཚོར་དཀའ་ངལ་སྤྲོད་ཀྱིན་འདུག ང་ཚོ་ངེས་པར་སད་རན་འདུག
སྣང་མེད་དང་། དོ་སྣང་མ་བྱུང་བ། དགོས་ངེས་ཀྱི་ཉམས་འཇོག་མི་བྱེད་པ། གང་དྲན་བྱུང་རྒྱལ་བྱེད་པ་སོགས་ནི་རྒྱུ་རྐྱེན་རེད།
གང་ལྟར་ངའི་ངོས་ནས་སློབ་ཁྲིད་སྐབས་གང་བཤད་པའི་སྐད་ཆ་དེ་ཚོ་ཡང་རྫུན་ནག་རང་ནི་མིན། རྒྱ་སྐད་ཡག་པོ་རང་མེད་ན་ཡང་། ནང་ཆོས་ཀྱི་རྒྱུན་ཤེས་ཙམ་ཞིག་སློབ་མྱོང་བ་དང་། ངའི་སྐད་ཆར་མཉན་འདོད་ཡོད་མཁན་དེ་ཚོར་ནང་ཆོས་ངོ་སྤྲོད་ཐེབས་ཆག་ཤིག་གི་གོ་ཆོད་སྲིད་སྙམ། གལ་ཏེ་མཉན་འདོད་མེད་ན་ཁོང་ཚོས་ཁ་པར་སྒོ་བརྒྱབ་པས་འགྲིག་པ་རེད། སློབ་ཚན་འདི་བརྒྱུད་ནས་ངས་སྒོར་མོ་སྐར་ཅིག་ཀྱང་ལེན་གྱི་མེད།
ཉེ་བའི་ལོ་འགའི་རིང་གནམ་ཕྲིན་གྱི་དྲ་ཐོག་ནས་སྤྱོད་འཇུག་ཆ་ཚང་ཞིག་བཤད་ཟིན་པའི་ཁུལ་ཡིན་ཏེ། སློབ་ཡོན་སྒོར་གཅིག་ཀྱང་བླངས་མེད། བླངས་ན་ལོན་ཡང་ཁག་པོ་རེད།
ང་རང་ངོས་ནས་སྐྱོན་ཀུན་ལྡན་དང་ཡོན་ཏན་ཀུན་ཟད་ཅིག་ཡིན་པས་ང་ལ་སྐྱོན་བརྗོད་བྱེད་པ་དེར་དངོས་གནས་ཧ་མི་ལས། ཡིན་ན་ཡང་། མི་སྔུན་ནས་རང་མི་ཞིག་གིས་རྒྱ་དང་མི་རིགས་གཞན་པ་དེ་ཚོ་ལས་ཀྱང་ཆེས་སྤྱིར་བཏང་གི་བརྩི་བཀུར་དང་རིགས་ཀྱི་དུངས་ཞེན་ཙམ་ཡང་མེད་པར་ད་དུང་མི་རིགས་གཞན་གྱི་སྐད་ཡིག་སྤྱད་དེ་སྐད་ཆ་རྩུབ་པོ་བཤད་ཡོང་དུས་སེམས་ལ་དོགས་མ་བདེ་བའི་ཚོར་བ་ཞིག་དང་། དམིགས་བསལ་མ་སྐྱིད་པ་ཞིག་ཡོང་གི་འདུག སྐབས་དེའི་མ་སྐྱིད་པ་དེ་ནང་ཁུལ་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་དུས་ཀྱི་མ་སྐྱིད་པ་དེ་འདྲ་དང་མི་འདྲ་བ་ཞིག་རེད། དེའི་ནང་དུ་བློ་ཕམ་གྱི་ཆ་ཤས་གཞན་ཞིག་འདུག
གལ་ཏེ་རྒྱ་རིགས་སོགས་མི་རིགས་གཞན་ཞིག་གིས་ང་ལ་དེ་ལྟར་དོན་མེད་དུ་ཁ་རྡུང་བཏང་ན་ངའི་འཚོ་བ་ལ་དོ་ཕོག་གཏོང་སྲིད་ཀྱང་། སེམས་པ་ལ་དོ་ཕོག་ཆེན་པོ་གཏོང་གི་མ་རེད། ང་ཚོའི་ཀུན་སྤྱོད་དང་བསམ་བློ་འདི་སྐབས་སྐབས་སུ་ཧ་ཅང་ཉེན་ཁའི་གནས་སུ་འདུག འདི་ཚོ་ཆོས་པ་ཚད་ལྡན་གྱིས་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་ནི་མིན་ན་ཐང་། གང་ལྟར་དངོས་ཡོད་གནས་ཚུལ་དེ་འདྲ་རེད། ང་ཚོའི་རང་ཉིད་ཡ་རབས་དང་བརྩེ་སེམས་ལྡན་པའི་མི་རིགས་བྱེད་རྒྱུར་ད་དུང་སྤུས་ཚད་ཡག་ཏུ་གཏོང་དགོས་པའི་ཆ་རེ་ངེས་པར་དུ་འདུག་ཨང་།
འོན་ཀྱང་ང་ལ་བསམ་པ་དཀར་མཁན་ཚོར་ཞུ་རྒྱུར། སྣང་ཚུལ་ཆུང་ཚགས་འདི་རིགས་ཀྱིས་གུས་པའི་སེམས་ཤུགས་དང་ཆོད་སེམས་བརྩེ་དུང་བཅས་ལ་དོ་ཕོག་གང་ཡང་ཕྱིན་མེད། ང་སྔར་བཞིན་རང་གི་ལམ་དུ་བསྐྱོད་པར་ངེས། ངས་སྒེར་ངོས་ནས་འདི་ཙམ་ནི་དཀའ་ངལ་ཞིག་ཏུ་ཚོར་གྱི་མེད། ད་མང་པོ་བཤད་རྒྱུར་དུས་ཚོད་འདང་ངེས་མི་འདུག དགོངས་དག
དོན་མེད་ངང་གཞན་གྱི་མི་གཞི་ནག་པོ་བཟོ་མཁན་དེ་ཚོའི་བྱ་སྤྱོད་ལ་ཇི་འདྲའི་སྐྱུག་བྲོ་ཨང་།
དམ་པ་དགེ་ཆོས་ཀྱིས། “མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།” ཅེས་གསུངས་པ་ནི་ཤིན་ཏུ་དོན་ལ་གནས་འདུག་གོ
https://www.youtube.com/watch?v=Tv05D3Yeg_k
འདི་ལ་ལྟོས། བོད་པ་དེ་ཚོའི་གྲས་འདི་ཚོའི་ལག་ཏུ་འཇོག་དགོས་པ་རེད།
སུ་ཡིན་ངོ་མི་ཤེས་བའམ་མ་ཤེས་ན། བྱུང་རྒྱལ་དུ་བོད་པ་ཡིན་པ་འདྲ། གཞན་གྱིས་དེ་འདྲ་ཟེར་རབས་བཤད་ན། ཁྱེད་རང་ཡང་རང་སེམས་རང་གིས་ནོན་མི་ཐུབ་པའི་ཆོས་བ་ཞིག་ཡིན་འགྲོ་བསམ།
རང་ཡག་པོ་ཡོད་ན། ཡག་པོ་ཡོད་པ་དེ་གླེང་དགོས། མི་ལ་ཤེས་སུ་འཇུག་དགོས། དེ་ལྟར་ཤེས་ན། ཁྱེད་ཀྱི་སློབ་མ་ཚང་བ་ལྐུག་པ་རྐྱང་ནི་ཡིན་རྒྱུ་མ་རེད། བདེན་ཉེས་དང་ལེགས་ཉེས་དབྱེ་ཤེས་ཤེས་བ་རེད།
ཁ་ཆེ་བ་ཚོ་ལ་ནང་ཆོས་བཤད་མ་ཐུབ་ན། ཀླུ་སྨྱོན་གྱི་མཆན་ཐག་ལ་འབྲེལ་བ་མི་འདུག།
མཁན་པོ་ལགས། མིའི་སྤྱི་ཚོགས་རེད། དེ་འདྲ་བ་ཡོང་ཚེ་བློ་མ་ཕམ་ན་རྒྱལ་ཁ་ཡིན།
ཡིག་ནོར་མང་ཙམ་འདུག་སྟེ། ཐུགས་མཉམ་མ་བཞག་པ་ཡིན་སྲིད། གུས་པར་ཡང་གློག་ཀླད་དམ་ཁ་པར་དུ་ཡི་གེ་གཏག་དུས་ཤེས་བཞིན་དུ་ཡིག་ནོར་དང་ཆད་ལྷག་མང་ཙམ་ཤོར་འགྲོ་གི་འདུག
འོན་ཀྱང་དམིགས་བཀར་དྲི་བ་ཞིག་ཡོད་པ་ནི། “རྗེས་འབྲང་” ལ་ “རྗེས་འབྲངས” བྲིས་འདུག་པ་དེ་ནོར་བའམ། ཡང་ན་རང་གི་འདོད་པའམ། ཡང་ན་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱི་བཞེད་པ་དང་དུ་བླངས་པ་བཅས་གང་ཡིན་ནམ། ཉེ་སྔོན་གུས་པའི་དྲ་མཆན་དུ་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་དེ་ལྟར་བྲིས་འདུག་པ་ཁོ་བོས་ནོར་འཁྲུལ་དུ་བསྟན་མོད། རྩ་ནས་ཁས་མི་ལེན་པར་འདུག དེ་ནི་རྟགས་འཇུག་གི་དགོངས་པ་དཔྱིན་ཕྱིན་མ་ལོན་པའི་མཚང་ཡིན་ནོ། ། མ་རེད་དམ།
རྫ་ཚེ་རིང་བཀྲ་ཤིས་ལགས། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ནང་དཀྲུག་བྱེད་རྒྱུ་ནི་ན་ཚ་ཞིག་དང། ན་ཚ་དེ་ཕོག་མཁན་གྱི་ནད་པ་ནི་ཇི་སྙེད་ཅིག་ཡོད། དེ་བས་སྐུ་ཉིད་ཀྱིས་དེ་ཚོར་སྣང་བ་ཡེ་ནས་མེད་པར་མདུན་ནས་མདུན་དུ་བསྐྱོད་དགོས། མཁས་པ་དང་གོང་མར་བཀུར་མི་ཤེས་མཁན་མང་པོས་གོ་སྐབས་ཅི་རིགས་ཀྱི་ཐོག་ནས་དམའ་འབེབས་དང་ཁ་རྡུང་གཏོང་ཐབས་བྱས་དང་བྱེད་མུས་རེད། སྐུ་ཉིད་ལ་འཕྲད་པའི་དཀའ་ངལ་དེའི་རིགས་ང་ཚོའི་བོད་པའི་སྤྱི་ཚོགས་ནང་དུ་ཚང་མས་བཀུར་ཞིང་བརྩི་བའི་གང་ཟག་མང་པོར་འཕྲད་དང་འཕྲད་མུས་རེད། གཅིག་བྱས་ན་ནད་པ་དེ་ཚོར་ཁྱི་སྨྱོན་པས་རྨུག་པ་ཡིན་གྱི་རེད། ཁོང་ཚོར་སྙིང་རྗེ་སྐྱེས་པར་ཞུ།
མཁན་པོ་མཆོག་དངོས་གནས་གུས་བརྩི་ཞུ་འོས་པའི་སྐྱེས་བུ་ཞིག་ཏུ་མཐོང་གི་ཡོད། བདེན་པ་ཡིན། ངོ་མི་ཤེས་ཀྱང་དྲྭ་ཐོག་གནས་ཚུལ་མང་ཙམ་མཇལ་མྱོངས། རང་རེའི་སྤྱི་ཚོགས་ནང་དུ་འདི་འདྲ་ལ་སུན་སྣང་བྱས་ན་མི་སུ་གཅིག་སེམས་ཁམས་ཐང་པོ་ཡོད་མ་རེད་ཞུ་ཆོག་གི་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་་་བདག་ལ་སྨད་པ་གཞན་ཡོད་ན། བསྟོད་པའི་བདག་དགར་ཅི་ཞིག་ཡོད། བདག་ལ་བསྟོད་པ་གཞན་ཡོད་ན། སྨད་པས་་མི་དགར་ཅི་ཞིག་ཡོད། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བས་ཀྱང་ནི་མི་མགུ་ན། བདག་འདྲ་ངན་པསསྨོས་ཅི་དགོས་པ།་ཅེས་གསུང་པ་སློབ་ཚོགས་ལ་འཆད་འཁྲིད་གནང་ཡོད་ཤག་རེད། བྱས་ཙང་མུ་འཐུད་ནས་མི་གཅིག་ཙམ་ཡིན་ནའང་དེའི་རྒྱུད་ལ་སེམས་བཟང་པོའི་བག་ཆགས་རེ་འཇོག་ཐུབ་ན་ཁྱེད་ཀྱིས་མདུན་སྐྱོད་གློད་མི་ཉན། མཁན་པོ་མཆོག
མཁན་པོ་མཆོག་ལ་གུས་བརྩི་བླ་མེད་ཞུ། ཁྱེད་ལ་བོད་རྒྱ་གཉིས་ཀའི་ཐོག་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་ཡོད་པའི་ཡིད་ཆེས་ཡོད། ཡོད་པའི་རྒྱུ་མཚན་ཡང་ཁོ་ཚོས་ཐ་ན་རྨི་ལམ་ཡང་གཏོང་མི་ཐུབ་པའི་བྱ་བ་རླབས་པོ་ཆེ་མང་པོ་ཞིག་ཁྱེད་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པ་རེད། ཁྱེད་ལ་སུན་གཙེར་བྱེད་མཁན་བོད་པ་ངོ་མ་ཡིན་མིན་ལ་ངེས་པར་བརྟག་དགོས། དེ་དང་མཉམ་དུ་ཁྱེད་རང་ཐུགས་རྒྱ་ཆེན་པོ་གནང་བ་དང་། བཟོད་པ་སྒོམ་ནས་ཁོ་ཚོ་ཕམ་པར་གནང་དགོས། ཁྱེད་ཀྱི་སློབ་ཁྲིད་ལ་ཉན་མཁན་མང་ཆེ་བ་ཁྱེད་ལ་དད་པ་ཡོད་མཁན་ཡིན་པས་ཚིག་ངན་དང་ཟུར་ཟའི་སྐད་ཆ་རྣམས་ངོ་ལེན་བྱེད་མི་སྲིད།
མཁན་པོ་རྫ་བཀྲ་ཤིས་ཚེ་རིང་གི་དཀའ་ངལ་འདི་མགོ་ནག་བོད་པ་སྤྱིའི་དཀའ་ངལ་རེད། ལྷག་པར་དུ་བོད་པའི་མགོ་འདེགས་མཁན་གྱི་མི་བུ་ཚོའི་དཀའ་ངལ་རེད། བོད་པ་གཉའ་གནོན་གྱི་མུན་པའི་ནང་ལ་འཇུག་མཁན་ཚོའི་བྱས་ཉེས་རེད།
བོད་པ་ཞིག་མགོ་འདེགས་ན། དེའི་རྐང་པ་ནས་འདྲུད་མཁན་དེ་བོད་པ་འབའ་ཞིག་རེད། ང་ཚོར་ཕྲག་མདོག་དེ་ལྷག་པར་ཆེ་བས། རང་མེད་མི་མེད་བཟོ་བའི་གཏི་ཐུག་གི་ལམ་བདམ་ཁ་རྒྱག་མཁན་མང་།
དཔེར་ན། རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པའི་སྤྱན་ཟན་ཀུན་འཕེལ་ལགས་མི་འཇོན་པོ། ཕྱི་ནང་གི་གནས་ཚུལ་ཡག་པོ་ཤེས་པ། ཐབས་ལ་མཁས་པ། ཕུགས་བསམ་དང་ལྷག་བསམ་དཀར་བས་རྒྱལ་དབང་གིས་ཡིད་ཆེས་ཐོག་ཁོང་ལ་དབང་ཆ་མང་པོ་སྤྲད་ཡོད། ཁོང་གིས་ཐབས་མཁས་ཆེན་པོས། ཁམས་ཀྱི་གྲོང་དམག་བསྡུས་ནས་དེ་ལ་བོད་གཞུང་གི་དམག་མི་གཉིས་མཉམ་འབྲེལ་ཐོག་ས་མཚམས་བརྟན་དུ་གཏོང་བཞིན་པའི་སྒང་ལ་རྒྱལ་དབང་གྲོངས་པ་རེད། དེའི་རྗེས་ལ་ཁོང་རྒྱང་ཕུད་ལ་བཏང་བ་རེད།
ཁོང་གིས་གཅེས་པར་སྐྱོང་བའི་ཁམས་ཀྱི་གྲོང་དམག་རྣམས་ཤིན་དུ་ནས་སེམས་ཕམ། ཁོང་ཁྲོ་ལངས། ཉིན་དྲུག་ནང་ལ་སྐབས་དེ་དུས་ཁམས་ཀྱི་མཐའ་མཚམས་སྲུང་མཁན་བོད་གཞུང་གི་དམག་མི་མང་ཆེ་བ་བསད་པ་རེད། ཁ་སྔོན་བོད་ནང་གི་ལོ་རྒྱུས་ཞིབ་འཇུག་པ་ཞིག་གིས་རྩིས་བརྒྱབ་པར། ཉིན་དྲུག་ནང་ལ་བོད་དམག་སྟོང་གཉིས་ཙམ་བསད་འདུག་ཟེར། ཕྲག་མདོག་གི་འབྲས་བུ་དེ་རེད།
ང་ཚོ་ངོ་མ་མགོ་འདེགས་དགོས་ན། དང་པོ་བོད་པ་ནང་ཁུལ་ཕྲག་མདོག་དང་ཡིད་ཆེས་མེད་པ་དེ་གཙང་མ་བཟོ་དགོས།
ངས་བལྟས་ན། བོད་པའི་སྤྱི་ཚོགས་ནང་ལ། ང་ཚོས་དགའ་བཞེན་བྱེད་པའི་མི་རབས་གསར་པའི་མི་བུ་དཔེར་ན་རྫ་ཚེ་རིང་བཀྲ་ཤིས། ལོ་ཙ་བ་ཆུང་ཚེ་རིང་སོགས་མི་འཇོན་པོ་དེ་དག་གིས་མགོ་ཁྲིད་ནས་ཚོགས་པ་ཞིག་བཙུགས་ཐུབ་ན་ལེགས།
སྔོན་གྱི་བཀའ་གདམས་གོང་མ་རྣམས་པས། ལེ་ལན་ཐམས་ཅད་རང་གདའ། ཞེས་གསུངས་ཡོད་དགོངས་ཆུབ་བཞིན། སེམས་ཆུང་མ་གནང་། མཚངས་ཐོག་ཏུ་བབས་ན་གདམས་ངག་ཡིན་གསུངས་འདུག་པ། སེམས་ཤུག་མ་ཆགས་ཉམས་ལེན་གང་ཟབ་གནང་དང་། ཆབ་སྲིད་ཀྱིས་མ་སླད་པར་ཆོས་དང་མཐུན་པར་གནང་དང་། རང་སེམས་རང་ལ་དཔང་པོ་ངང་ནས་གབང་རོག་། ཅི་ཡང་མི་སྐྱོན་ཐུགས་ཕམ་མི་དགོས། བསྟན་དོན་རྒྱས་པའི་སྨོན་ལམ་ཡོད།
དྲ་གྲོགས་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞུ།
འཇིག་རྟེན་བསོད་ནམས་བློ་་གྲོས་ཐང་འགའ་འབྱུང་། ཞེས་པ་འདིའི་ནང་གི་ཐང་ཞེས་པ་གྱུར་ནས། ཐེངས་ཞེས་ཆགས་པའི་མ་དག་པ་དེ་དག་པར་བཟོ་ཐུབ་པ་མི་འདུག་གམ། མ་ཐུབ་ན་བོད་རིགས་དག་ལ་ཤུགས་མེད་པས་ཡིད་སྐྱོ་བའི་གནས་སུ་འགྱུར།
ལན་གཅིག་ལ། ཐང་མ་གཅིག་ལས། ཐེངས་མ་གཅིག་མི་ཟེར།