—–རང་འཚོལ།
ཉིན་ཞིག་ཁ་པར་དང་སྦྱིན་བདག་གཉིས་འཁྲུག་རྩོད་ཤོར་བས། ཁ་པར་གྱིས་སྦྱིན་བདག་ལ་ཁྲོས་གླུ་འདི་ལྟར་བླངས།
ངས་ནི་ཁྱེད་ལ་རྣམ་གཡེང་ལས་རོཊ་བྱེད།།
རྣམ་གཡེང་རང་ལ་རག་ལས་ཤེས་པར་བྱ།།
ངས་ནི་ཁྱེད་ལ་འཁོར་བའི་ལམ་ཁྲིད་བྱེད།།
འཁོར་བ་རང་ལ་རག་ལས་ཤེས་པར་གྱིས།།
ཁྱེད་ཀྱི་བསམ་པར་ང་ནི་ཁྱེད་ཀྱི་གཡོག།
ང་ཡི་བསམ་པར་ཁྱེད་ནི་ང་ཡི་གཡོག།
དཔོན་གཡོག་ངོ་མ་སུ་ཞིག་ཡིན་མིན་དེ།།
ག་ལེར་ལྟོས་དང་གསལ་པོར་ཤེས་ངེས་རེད།།
ཞོགས་པར་གཉིད་ལས་སད་མ་ཐག་པ་ནས།།
ང་ཡིས་ཁྱེད་ལ་ལས་ཀ་བཀོལ་འགོ་འཛུགས།།
མཚན་མོར་ཉལ་ཁར་དུས་ཐོག་མ་གཏང་བར།།
ང་ཡིས་ཁྱེད་རང་གང་སར་འཁོར་དུ་འཇུག།
སློབ་སྦྱོང་བྱེད་པའི་གལ་ཆེའི་བར་མཚམས་ལ།།
ང་ཡིས་ཁྱེད་ལ་སེམས་འཆོར་ལས་མང་སྐུལ།།
ཁ་འདོན་དགེ་སྦྱོར་ལས་ལ་ནམ་འཇུག་སྐབས།།
ང་ཡིས་ཁྱེད་རང་འཛམ་གླིང་བསྐོར་བར་གཏོང་།།
གཉིད་དང་བསམ་སྦྱོར་ཞི་ལྷོད་ནམ་ཡིན་ལ།།
ང་ཡིས་ཁྱེད་ལ་སྐུལ་བརྡ་ཡང་ཡང་གཏོང་།།
སྒོར་ཟས་རྗོགས་ནས་གྲོད་པ་ནམ་ལྟོགས་ལ།།
ང་ཡིས་ཁྱེད་རང་སྒོར་ཟས་ཉོ་བར་མངགས།།
ཁྱེད་ཀྱིས་ང་ལ་དགོས་མཁོ་ཀུན་སྒྲུབ་ཅིང་།།
ང་ཡིས་གང་བཀོལ་ལས་དོན་ཀུན་སྒྲུབ་པས།།
སྦྱིན་བདག་གཡོག་པོ་གཉིས་ཀ་ཡིན་མོད་ཀྱང་།།
ང་ཡི་དཔོན་བདག་ནམ་ཡང་ཡིན་མ་རློམ།།
ཁྱེད་ཀྱིས་ང་ལ་དཔོན་པོར་བསམས་ན་རིགས།།
ང་ཡིས་ཁྱེད་ལ་གཡོག་པོར་བསམས་ན་ཆོག།
ཁྱེད་ཀྱིས་ང་ལ་རྒྱལ་པོར་འབོད་ཀྱང་འགྲིག།
ང་ཡིས་ཁྱེད་ལ་འབངས་གཡོག་འབོད་ཀྱང་ཆོག།
མདོར་ན་ལས་ཡོད་ལས་མེད་བར་སེང་ཀུན།།
ང་ཡིས་ཁྱེད་ལ་གང་འདོད་བཀོལ་སྤྱོད་བྱེད།།
ད་དུང་བདག་གི་དཔོན་པོ་ཡིན་བསམས་ན།།
སྨྱོ་འམ་ཡང་ན་སྣང་བ་འཁྲུག་ཡིན་གྲང་།།
ཁྱེད་ནི་ང་ཡི་བཞོན་པའི་རྟ་དང་འདྲ།།
ང་ནི་ཁྱེད་རང་ཞོན་མཁན་རྟ་པ་འདྲ།།
ཁྱེད་རང་ང་ཡིས་ཁ་ལོ་གར་བསྒྱུར་རེད།།
ད་དུང་ང་ཡི་དཔོན་བདག་ཡིན་མ་རློམ།།
ཁྱེད་ནི་ང་ཡི་ཁལ་མའི་གནག་ཟོག་འདྲ།།
ང་ནི་ཁྱེད་ཀྱི་དཔོན་བདག་ཚོང་པ་འདྲ།།
ང་ཡིས་ཁྱེད་ལ་ག་རེ་བཀལ་བཀལ་རེད།།
ད་དུང་ང་ཡི་དཔོན་བདག་ཡིན་མ་རློམ།།
དེས་ན་ང་ཡི་བཀའ་བཀོད་བཀོལ་སྤྱོད་འོག།
ཇི་སྲིད་འགྲོ་འདོད་དེ་སྲིད་དུས་ཚིགས་བར།།
ང་ཡི་བཀོལ་བའི་ལས་རྣམས་བྱེད་རྐྱང་ལས།།
སྣང་བ་འཁྲུགས་ཏེ་དཔོན་བདག་ཡིན་མ་རློམ།།
གལ་ཏེ་བཀའ་ལ་བརྩི་འདོད་མི་འདུག་ན།།
ཡང་ན་འབྲེལ་མེད་སོ་སོར་རང་དབང་སྡོད།།
ཡང་ན་ལས་རྣམས་ཇི་འོས་བགོ་བཤའ་རྒྱག།
དེ་མིན་དཔོན་པོ་ཡིན་མདོག་མི་བྱེད་དགའ།།
རང་འཚོལ་ནས། ༢༠༡༦།༨།༥ ཉིན་གང་དྲན་དུ་བྲིས།
{སྒོར་ཟས་ཞེས་པ་དེ་དབྱིན་སྐད་ཀྱི་Balance འམ་ Recharge ཞེས་པར་གོ་བར་བྱ། ཁ་པར་གྱི་ཟས་ལྟ་བུ་དེ་ནི་སྒོར་མོ་ཡིན་པས། སྒོར་ཟས་ཞེས་དོན་གཉིས་ལྡན་གྱི་ཚུལ་དུ་བསྒྱུར་ཁུལ་ཡིན།}
ཆ་ཚང་བྲིས་མི་འདུག་དེར་ལྟོས་ན་ཁྱོད་རང་གྲ་བ་ཟིག་ཡིན་ཚོད་འདུག་དེ་ལས་བརྩེ་དུང་དང་དམག་འཁྲིགས་བྲིས་མི་འདུག
ཚུལ་བློ་ལགས། ལྷག་མ་གང་བསྣོན་རྒྱུ་ཡོད་ན་ཀྱེད་ཀྱིས་སྣོན་རོགས་གནང་།