ཚེ་རིང་དོན་གྲུབ།
ཟླ་༥ཚེས་༡༢ཉིན་རྒྱ་ནག་གི་ཞིང་ཆེན་ཟི་ཁྲོན་ནང་ས་ཡོམ་གྱི་ཚད་རིམ་༧་༩ཅན་གྱི་ས་འགུལ་ཆེན་པོ་ཞིག་རྒྱབ་འདུག རྒྱ་ནག་གཞུང་འབྲེལ་ཞིན་ཧྰ་གསར་ཁང་གིས་གནས་ཚུལ་སྤེལ་པར། ས་ཡོམ་འདིའི་ནང་མི་ཁྲི་ལྔ་སྟོང་ལྔ་ལས་མང་བ་ཤི་བ་དང་མི་འབུམ་གཅིག་དང་ཁྲི་བདུན་ལ་རྨས་སྐྱོན་བྱུང་བ། མི་ས་ཡ་ལྔ་ཙམ་ལ་ཁྱིམ་མེད་དུ་གྱུར་ཡོད་ཚུལ་བཀོད་འདུག དོན་རྐྱེན་འདི་ནི་མའོ་ཙེ་ཏུང་དང་ཀྲུའུ་ཨེར་ལེན་འདས་གྲོངས་སོང་བའི་ལོ་དེ། ཕྱི་ལོ་༡༩༧༦ ལོ་རྒྱ་ནག་གི་བྱང་ཤར་ཐང་ཧྲིན་ནང་ས་ཡོམ་རྒྱབ་ཏེ་མི་འབུམ་གཉིས་ཁྲི་བཞི་ཙམ་ཤི་བའི་རྐྱེན་ངན་རྗེས་ཀྱི་གོད་ཆགས་ཆེ་ཤོས་དེ་རེད། ད་ཐེངས་ཀྱི་ས་ཡོམ་འདི་ལ་རྐྱེན་བྱས་ལྷ་མེད། ཆོས་མེད། དད་མེད། འདྲེ་མེད། དངོས་གཙོ་རིགས་ལུགས་པ་ཚོ་རྣམ་རྟོག་གི་ཚ་རླབས་ཤིག་འཕྱུར་བཞིན་འདུག
npr རྒྱལ་ཡོངས་མི་དམངས་རླུང་འཕྲིན་ནི་ངའི་ལམ་གྲོགས་གཅིག་པུ་དེ་ཡིན། ནམ་རྒྱུན་ལྟར་ལས་ཀ་ལ་ངས་མོ་ཊ་བཏང་ནས་སྐར་མ་བཞི་བཅུ་ཙམ་འགྲོ་དགོས་ལ། ཕལ་ཆེར་ལོ་ངོ་དྲུག་ཕྱིན་སྟབས། ལམ་བར་གྱི་ཁོར་ཡུག་ལ་སེམས་གཡེང་དང་མིག་གཡེང་བྱེད་རྒྱུ་ནི་སུན་སྣང་གི་ཚུལ་དུ་གྱུར། ཐ་ན་ལམ་བར་གྱི་ཟམ་པའི་རིང་ཚད་དང་། ལམ་འགྲམ་གྱི་ཤིང་སྡོང་གི་གྲངས་ཚད། ལམ་དཀྱོགས་ཀྱི་རྒྱུགས་ཚད་སོགས་ངས་བློ་ངོས་ནས་འཇལ་ཐུབ་པའི་ཚོད་དུ་སྣང་། ཁ་དཔེ་ལ། ལམ་རིང་བ་གཏམ་གྱིས་ཆོད་ཟེར་བ་ལྟར། རླུང་འཕྲིན་དེ་ཉན་རྒྱུ་བྱུང་ལ་དེ་ནི་ངའི་ལམ་གྲོགས་གཅིག་པུ་དེ་རེད། མཐོང་མྱོང་མེད་པའི་མི་སྣ་དེ་དག་ཀྱང་ཕལ་ཆེར་རང་ཉིད་ཀྱི་གྲོགས་པོ་ངོ་ཤེས་ལྟ་བུའི་འདུ་ཤེས་འདུག
ཟླ་བ་༣པའི་ཚེས་༡༠ནས་བཟུང་བོད་མདོ་དབུས་ཁམས་གསུམ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེ་བརྙན་འཕྲིན་དང་། གསར་འགྱུར་བརྒྱུད་ལམ་གང་སར་མངོན་བྱུང་ལ། རང་ཉིད་ཀྱི་ལམ་གྲོགས་སུ་གྱུར་བའི་རླུང་འཕྲིན་ཁང་འདིས། རྒྱ་ནག་ཏུ་ས་ཡོམ་མ་བྱུང་བར་དུ་བོད་དོན་སྐོར་གྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་གཞན་ལས་ཀྱང་མང་པོི་ཞིག་བསྒྲགས་སྟབས། རང་ཉིད་ཀྱི་ལམ་ཁ་དེ་ཡང་ཐུང་དུ་ཕྱིན་པའི་ཚོར་སྣང་བྱུང་།
ཟླ་༥་ཚེས་༡༢་གཟའ་ཟླ་བའི་ཉིན་རང་ཉིད་ཀྱི་ལམ་གྲོགས་རླུང་འཕྲིན་ཁང་དེས། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་ཆེན་པོ་ཞིག་རྒྱབ་ཏེ་མི་མང་པོ་ཤི་ཡོད་པས་གནས་ཚུལ་བཏང་བ་མ་ཟད། རང་ཉིད་ཀྱི་གྲོགས་པོ་ངོ་ཤེས་ལྟ་བུའི་གསར་འགོད་པ་དེ། ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུ་ནང་ཡོད་པ་དང་སྐབས་འཁེལ་འདུག དེ་བརྟེན་ས་གནས་ས་ཐོག་གི་གནས་ཚུལ་བདེན་པ་མང་བོ་ཞིག་གོ་རྒྱུ་བྱུང་། སྐབས་དེར་རླུང་འཕྲིན་ཁང་འདི་ཕྱི་རོལ་དུ་གནས་ཚུལ་འབྱུང་ཁུངས་གཙོ་བོ་ཆགས་འདུག
ཁ་སྔོན་རླུང་འཕྲིན་ཁང་དེས་རྒྱ་ནག་ནང་དུ་མི་སྣ་བཅར་འདྲི་དང་གནས་ཚུལ་མཁོ་སྤྲོད་བྱས་དོན། ད་ལྟ་རྒྱ་ནག་ནང་རྣམ་རྟོག་ལ་ཡིད་ཆེས་བྱེད་མཁན་རྒན་རབས་ལས་གཞོན་རབས་མང་བོ་འདུག་ཟེར། ལྷ་མེད། ཆོས་མེད། དད་མེད་ལ་རྣམ་རྟོག་ཅིག་ཡོད་དམ། དངོས་གཙོ་རིགས་ལུགས་སུ་འབོད་པའི་སྲིད་གཞུང་ཞིག་ལ་དེ་བས་ཀྱང་ནམ་རྟོག་ཅིག་ཡོད་དམ། སྲིད་གཞུང་འདིས་གསོ་སྐྱོང་བྱས་པའི་དངོས་གཙོ་རིགས་ལུགས་སུ་འབོད་པའི་མི་རབས་འདི་ཚོ།
སེམས་སུ་རྣམ་རྟོག་གི་རྒྱུ་ཞིག་གང་ནས་སླེབས་པ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཡང་ཡང་འཁོར་སྟབས། འདས་བའི་རྒྱ་ནག་གི་གནས་ཚུལ་ཁ་ཤས་ལ་སླར་ཡང་དོ་སྣང་དང་གསལ་འདེབས་བྱེད་རྒྱུ་བྱུང་།
ཕྱི་ལོ ༢༠༠༨ ཟླ་༨ ཚེས ༨ ཆུ་ཚོད་༨ ནི་རྒྱ་ནག་གི་པེ་ཅིན་ཨོ་ལིམ་ཕུ་ཁུ་རྩེད་འགྲན་གྱི་མཛད་སྒོ་ཡིན་པ་དེ་སྔོན་ནས་ཤེས་ཡོད། ཟླ་ཚེས་དེ་གསལ་བསྒྲགས་བྱས་ནས་བཟུང་། ཨང་གྲངས་དེ་ལ་དོ་སྣང་དང་གོ་དོན་ཞིག་སྟོན་པ་ཡིད་ལ་འཁོར་མ་བྱུང་། སྤྱིར་ན་ཨང་གྲངས་༨ ནི་རྒྱ་ནག་གི་སྲོལ་རྒྱུན་ནང་བཀྲ་ཤིས་ཁ་བྲོ་ཡི་ཨང་གྲངས་ཤིག་རེད། ཡིན་ནའང་། ལྷ་མེད། ཆོས་མེད། དད་མེད། འདྲེ་མེད། དངོས་གཙོ་རིགས་ལུགས་སུ་འབོད་ པའི་སྲིད་གཞུང་ཞིག་ལ་རྣམ་རྟོག་ཅིག་ཡོད་པ་ནི་ཁྱད་མཚར་རེད། སྲིད་གཞུང་དེས་༢༠༠༨ཡིན་པ་སྟབས་འཁེལ། ད་དུང་ཨང་གྲངས་༨ ཅན་གསུམ་གདམ་ནས་༢༠༠༨་༨་༨ དུས་ཚོད་༨ ཐོག་པེ་ཅིན་ཨོ་ལིམ་ཕུ་ཁུ་འགྲན་ཚོགས་ཀྱི་མཛད་སྒོ་དེ་བཀྲ་ཤིས་ཁ་བྲོ་དང་སྤྲོ་སེམས་ལྡན་པའི་ངང་དགའ་སྟོན་ལ་རོལ་རྩིས་ཀྱི་ལོ་ཟླ་ཚེས་དུས་ཤིག་ཏུ་སེམས་འདུག དེ་འདྲ་ཞིག་མ་ཡོང་བ་ནི་གསལ་བོ་གསལ་རྐྱང་རེད།
ཟླ་བ་༣ ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མས་གྱེན་ལངས་བྱས་བར་རྒྱ་གཞུང་གིས་དམག་དཔུང་བཏང་ནས་དྲག་གནོན་བྱས་བ་ལ། འཛམ་གླིང་ཡོངས་སུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྕིས་མེད་བཏང་བར་སྐྱོན་བརྗོད་ཤུགས་ཆེན་བྱས་བ་དང་། དབྱིན་ཇིའི་སྲིད་བློན་དང་། ཧྥ་རིན་སིའི་སྲིད་འཛིན་གཙོ་བྱས་སྲིད་འཛིན་མང་བོ་དང་། སྐད་གྲགས་ལྡན་པའི་མི་སྣ་མང་པོ་ཞིག་གིས་པེ་ཅིན་ཨོ་ལིམ་ཕུ་ཁུ་མཛད་སྒོའི་སྒོ་འབྱེད་དུ་མི་ཞུགས་རྒྱུ་གསུངས་ཡོད། ༼མཛའ་མཐུན་གྱི་རྒྱང་སྐྱོད༽དུ་སེམས་པའི་པེ་ཅིན་ཨོ་ལིམ་ཕུ་ཁུའི་དཔལ་འབར་དེ་འཛམ་གླིང་ནང་གཞི་རྒྱ་ཆེ་བའི་ངང་བརྒྱུད་སྤྲོད་བྱས་པ་དེ་ཡང་། ཧ་ཅང་རྩོད་རྙོག་གི་གནས་སུ་གྱུར་བ་དང་། བྱེས་གྱར་བོད་མི་དང་། རང་དབང་དོན་གཉེར་ཅན། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ནས། པེ་ཅིན་ཨོ་ལིམ་ཕུ་ཁུ་ཡི་དཔལ་འབར་དེ་ངོ་ཚ་ཁ་སྐྱངས་སུ་བཟོས། ༢༠༠༤ ལོའི་ནོར་པེ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཨ་ཧྥི་རི་ཁུའི་ལྕམ་ཝང་ག་རི་མ་ཐེ་མཆོག་ནས་པེ་ཅིན་ཨོ་ལིམ་ཕི་ཁུ་ཡི་དཔལ་འབར་དེ་བརྒྱུད་སྤྲོད་གནང་རྒྱུ་སྔོན་འཆར་ཡོད་ཀྱང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་ནས་བོད་དུ་དྲག་གནོན་བྱས་རྗེས། དཔལ་འབར་དེ་ལ་ཕྱག་མི་འཆང་རྒྱུ་བྱས་འདུག ད་ལྟ་ས་ཡོམ་འདི་ལ་རྐྱེན་བྱས་རྒྱ་ནག་ནང་དུ་པེ་ཅིན་ཨོ་ལིམ་ཕུ་ཁུའི་དཔལ་འབར་བརྒྱུད་སྤྲོད་དེ་ཉིན་གསུམ་ལ་མཚམས་འཇོག་བྱས་ཡོད་པ་རེད།
ད་ལྟའི་ཛ་དྲག་ཤིན་ཏུ་ཆེ་བའི་ས་ཡོམ་འདིས་རྒྱ་ནག་གི་ལྟེ་བ་རུ་བརྡབ་གསིག་བྱུང་དེ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་། དམིགས་བསལ་ཟི་ཁྲོན་ཞིང་ཆེན་ནང་མི་མང་ཁྲི་ཚོ་ཡི་ཚེ་སྲོག་ཤོར་བ་། རང་བྱུང་ཁོར་ཡུག་གིས་གནོད་འཚེ་ལས་བྱུང་བའི་ཆགས་སྒོ་ཡི་གནས་ཚུལ་འདི་སུས་གོ་ཐོས་བྱུང་སྐབས་སེམས་ལ་སྡུག་བསྔལ་དང་། སྙིང་རྗེ་ཚད་མེད་ཅིག་སྐྱེས་ཡོང་། ༢༠༠༨་༨་༨ ཆུ་ཚོད་༨ ཐོག་པེ་ཅིན་ཨོ་ལིམ་ཕུ་ཁུ་ལུས་རྩལ་འགྲནཚོགས་ཀྱི་མཛད་རིམ་སྒོ་འབྱེད་གནང་དུས། མི་ཚོགས་ཀྱིས་སྤྲོ་སེམས་འཁོར་བའི་ངང་དགའ་སྟོན་ལ་རོལ་རྒྱུ་ནི་ཧ་ཅང་དཀའ་བའི་སྣང་བརྙན་ཞིག་རེད།
གོང་དུ་བརྗོད་པ་ལྟར། རྒྱ་ནག་གི་སྲོལ་རྒྱུན་ནང་བཀྲ་ཤིས་ཁ་བྲོ་ཡི་ཨང་གྲངས་༨ ལ་ལེགས་ཕྱོགས་སུ་རྣམ་རྟོག་ཅིག་འདུག་ལ། ཨང་གྲངས་༤ ལ་ངན་ཕྱོགས་ཀྱི་རྣམ་རྟོག་ཅིག་འདུག དེང་གི་འཕྲུལ་ཆས་ཀྱི་དུས་རབས་འདི་ལ་ཨང་གྲངས་བེད་སྤྱོད་ནི་ང་ཚོའི་ཉིན་རེའི་འཚོ་བ་དང་ཤིན་ཏུ་འབྲེལ་བ་ཡོད་། ཁ་པར་ཨང་གྲངས་དང་། མོ་ཊ་ཡི་ཨང་བྱང་། གནས་ཐོབ་ཀྱི་ཨང་གྲངས། དངུལ་ཁང་གི་ཨང་གྲངས། གསང་བའི་ཨང་གྲངས་སོགས་ཕལ་ཆེར་རང་ཉིད་ཀྱི་སྒེར་བའི་ཨང་གྲངས་འདི་དག་བརྗེད་པ་དང་གཞན་དག་གིས་ཤེས་ཚེ། ཅི་བྱ་གཏོལ་མེད་དང་རང་ཉིད་ཀྱི་འཚོ་བ་ལ་བརྡབ་གསིག་མི་ཡོང་བའི་ངེས་བ་མེད།
ངའི་ལམ་གྲོགས་དེ་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་གིས་རྒྱ་ནག་ནས་གནས་ཚུལ་ཞིག་བཏང་བ་དེ་། ད་ལྟ་ཡང་གསལ་བོ་དྲན་བཞིན་འདུག ཨང་གྲངས་༤ འདི་ཀློག་སྐབས་ “ཤི་” ཞེས་པའི་སྒྲ་གདངས་གཅིག་མཚུངས་ཐོན་སྟབས་ཨང་གྲངས་ ༤ ནི་ཆེས་རྣམ་རྟོག་གི་ཨང་གྲངས་ཤིག་རེད་ཟེར། མོ་ཊ་ཡི་ཨང་བྱང་ནང་ཨང་གྲངས་ ༤ བེད་སྤྱོད་མི་གཏོང་བ་འགྲིམ་འགྲུལ་ལས་ཁུང་ནས་ཐག་གཅོད་གནང་ཡོད་པ་འདྲ། ལྷ་མེད། ཆོས་མེད། དད་མེད། འདྲེ་མེད་དངོས་གཙོ་རིགས་ལུགས་སུ་འབོད་པའི་རྒྱ་ནག་གི་གཞོན་རབས་ཚོས་ཨང་གྲངས་༤ ལ་གཡོལ་གང་ཐབས་བྱེད་བཞིན་འདུག ཁོང་ཚོས་ཁ་པར་ཨང་གྲངས་དང་གློག་འཕྲིན་ཨང་བྱང་སོགས་བཀྲ་ཤིས་ཁ་བྲོ་རུ་སེམས་པའི་ཨང་གྲངས་ ༨ ཐོབ་པར་བརྩོན།
ཉེ་བའི་ལོ་རབས་འདི་དག་གི་ནང་། རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་དང་བསྟུན། བཟོ་སྐྲུན་དང་། ཚོང་ལས། ཁེ་གཉེར་བཟོ་གྲྭའི་ཐད་སྲིད་བྱུས་གུ་ཡངས་སུ་ཕྱིན་ནས། དཔལ་འབྱོར་འགྲན་རྩོད་ཀྱི་ཚ་རླབས་ཆེས་ཆེར་འཕེལ་བ་དང་། འཛམ་གླིང་གི་ཁྲོམ་ར་ནང་དེང་དུས་ཀྱི་འཕྲུལ་ཆས་རིགས་རྒྱ་ནག་ནང་བཟོ་སྐྲུན་བྱས་པ་ཤ་སྟག་ལས་རྒྱལ་ཁབ་གཞན་དུ་བཟོས་པའི་འཕྲུལ་ཆས་མཐོང་དཀོན་པའི་ཚུལ་དུ་གྱུར། ད་ལྟ་རྒྱ་ནག་ནང་དུ་གཞོན་སྐྱེས་ཨ་སྒོར་དུང་ཕྱིར་ཅན་མི་ཉུང་བ་ཞིག་ཐོན་བཞིན་འདུག ཁེ་གཉེར་བཟོ་གྲྭའི་འབྱོར་ལྡན་པ་དེ་དག་གིས་ཨང་གྲངས་ ༨ ཐོབ་ཐབས་བྱེད་པ་དང་། ཁོ་ཚོས་བཟོ་གྲྭའི་ཁ་པར་ཨང་གྲངས་༨༨༨༨༨༨༨༨ ཐོབ་ཆེད་རྒྱ་སྒོར་ས་ཡ་ཁ་ཤས་བཏང་ནས་ཉོ་དགོས། ཉུང་མཐར་ཡང་ཨང་གྲངས་༨༨༨༨༨ ཅན་གྱི་ལྔ་ཐོབ་ཆེད་རྒྱ་སྒོར་ས་ཡ་གཅིག་ཙམ་སྤྲོད་དགོས།
ཟླ་༥ ཚེས་༡༦ ཉིན་རྒྱ་ནག་སློབ་གསོ་གླེང་རྟགས་ཞེས་བའི་དྲ་གནས་ཤིག་གི་ཐོག་རོ་སྦར་སི་ཟེར་བ་ཞིག་གིས་“རྒྱ་ནག་གི་ས་ཡོམ་སྐོར་ལ་རྣམ་རྟོག” ཅེས་བའི་རྩོམ་ཡིག་ཅིག་བཀོད་འདུག སྤྱིར་ས་ཡོམ་དང་གོད་ཆགས་ཆེན་པོ་ཞིག་གི་རྗེས་སུ་མིའི་ཚོགས་སྡེ་དང་། སྲིད་གཞུང་། ལམ་ལུགས་སོགས་ལ་འཕོ་འགྱུར་ཆེན་པོི་ཞིག་ཡོང་བར་སྔ་ལྟོས་སུ་སེམས་པ་རིག་གཞུང་མང་པོ་ཞིག་གི་ནང་རྣམ་རྟོག་འདི་ཡོད་། ཁྱད་མཚར་བའི་རྣམ་རྟོག་ཅན་གྱི་རྒྱ་ནག་སྲིད་གཞུང་དེས ༢༠༠༨་༨་༨ དེ་རང་ཉིད་ཀྱི་སྲིད་གཞུང་ཐོར་ཞིག་ཏུ་འགྲོ་རྒྱུ་ལ་དུས་ཚོད་ངེས་ཅན་ཞིག་གདམས་པ་མིན་ནམ།
རྩོམ་ཡིག་དེའི་ནང་། “ ས་ཡོམ་དེས་ཁྱད་མཚར་ལྟེས་དབང་གི་རྐྱེན་རྩ་ཞིག་སློང་འདུག ཟླ་ ༥ ཚེས ༡༢ དེ་ (5.12) ངའི་གྲོགས་པོ་ཚོས་བསྟན་དོན། གལ་སྲིད་ཨང་གྲངས་རེ་རེ་སྡོམ་ཚེ། ( 5+1+2) ཐོབ་གྲངས་༨ རེད་། འདི་ལོ་རྒྱ་ནག་ནང་གངས་ཆར་བབས་པའི་ཉིན་ཐོག་མ་དེ་ཡང་ཟླ་༡ ཚེས་༢༥ དེ (1.25) དང་། བོད་མིའི་གྱེན་ལངས་ལ་དྲག་གནོན་བྱས་པ་ཟླ་༣ ཚེས་༢༣ (3.23) རེད། ” ས་ཡོམ་རྒྱབ་པའི་ཉིན་ནས་པེ་ཅིན་ཨོ་ལིམ་ཕུ་ཁུ་རྩེད་བར་རྩིས་རྒྱབ་ན་ཉིན་༨༨ ་ཡོད་པ་སོགས། ལྟོས་ཚོད་ལ་ཡང་རྣམ་རྟོག་ཅན་ཚོ་ཞེ་སྣང་དང་འཇིག་སྐྲག་ཅིག་ཡོང་མི་སྲིད་པ་མིན། བོད་མིའི་རང་དབང་སྒེར་ལངས་ཀྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་མེ་ལྕེ་དེ་ཡང་ཟླ་༣ ཚེས ༡༤ (3.14) ཉིན་མཆེད་ཡོད། རྩོམ་ཡིག་དེའི་ནང་ “ འདི་ལོའི་༢༠༠༨ ནང་། རྒྱ་མི་ཁ་ཤས་ཀྱིས་ཡིད་ཆེས་བ་ལ། སྡུག་རྩུབ་གཡོ་ཁྲེལ་གྱི་རྣམ་སྨིན་ཞིག་ཁོ་ཚོའི་མགོ་ཐོག་ཏུ་མཁོར་བཞིན་པ་རེད་། བཀྲ་ཤིས་པའི་ཨང་གྲངས་༨ དེ་ཤི་གོད་དང་གཏོར་ཕམ་གྱི་རྟགས་མཚན་ཞིག་གི་ནང་འགྱུར་བར་སྔ་ལྟས་སུ་སེམས” ད་དུང་ཆོས་མེད། དད་མེད། རྣམ་རྟོག་མེད་མཁན་ཚོས་“འདི་ལོའི་ད་བར་དུ་འབྱུང་བཞིན་པའི་གནས་ཚུལ་ལས། ད་ལོ་ནི་རྒྱ་ནག་ལ་བཀྲ་མི་ཤིས་བའི་ལོ་ཞིག་ཡིན་པ་དྲི་བ་འདྲི་མ་དགོས་བ་ཞིག་རེད ” ཟེར།
ཟླ་༥ ཚེས་༡༢་ཉིན་གྱི་ཕྱི་དྲོ་སྲིན་བློན་བིན་ཇ་པོ་མཁའ་བསྐྱོད་ཀྱིས་གོད་ཆགས་བྱུང་བའི་ས་ཁུལ་དུ་ཕྱིན་ནས། གནོད་སྐྱོན་ཕོག་པའི་གྲོང་སྡེ་དང་གྲོང་གསེབ་ཏུ་ལྟ་སྐོར་གནང་བ་དང་། ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེས་ངང་ཏང་དང་སྲིད་གཞུང་གིས་གོད་ཆགས་ཚབས་ཆེན་འདི་ལ་གདོང་ལེན་ཡང་དག་གནང་བར། ཆེད་དུ་བདུན་ཕྲག་ཆ་ཚང་གཅིག་ཟི་ཁྲོན་ཞིང་ཆེན་ནང་བསྐྱལ་འདུག སྐབས་དེར། མི་མང་བོ་ཞིག་བིན་ཇ་པོ་ཡི་མིང་འདི་ལ་རྣམ་རྟོག་ཅིག་ལངས་ཡོད་། བན་ནི་རྒྱ་སྐད་ནང་ནད་ཡོམ་ཞེས་གོ་དོན་ཞིག་ཡོད་ལ། ཇ་ནི་ཤུགས་སྣོན་དང་འཕར་བ། པོ་ནི་ཟི་ཁྲོན་ས་ཁུལ་གྱི་མིང་དུ་འབོད་། “ ཟི་ཁྲོན་ལ་ནད་ཡོམ་འཕར ” ཞེས་བའི་རྣམ་རྟོག་ཅིག་ལངས་ནས་ཁོང་མ་ཕེབས་པར་གནང་ཞུ་ཚུལ་ཡང་འདུག
མིའི་སྤྱི་ཚོགས་དང་རྒྱལ་ཁབ་གང་ཡིན་རུང་གནོད་འཚེ་དང་མིའི་ཚེ་སྲོག་ཤོར་དུས་མཉམ་འཛོམ་གྱིས་མྱ་ངན་ཞུ་བ་ནི་རྒྱུན་སྲོལ་རེད། ༢༠༠༡ ཟླ ༩ ཚེས ༡༡ ཉིན་ཨ་རི་ལ་དོན་རྐྱེན་བྱུང་རྗེས། ཨ་རིའི་རྒྱལ་ཡོངས་ཀྱིས་མྱ་ངན་བྱས། སྐབས་དེར་འཚོ་བཞུགས་གནང་པའི་ཨ་རིའི་སྲིད་འཛིན་རྣམས་གཙོ་བྱས་མི་མང་བོ་རྒྱལ་ཡོངས་ལྷ་ཁང་ཆེན་མོའི་ནང་འདུ་འཛོམས་ཀྱིས་མྱ་ངན་བྱས་བ་དང་། རྒྱལ་ཡོངས་སུ་མར་མེའི་མཆོད་འབུལ་དང་དཀོན་མཆོག་གིས་མགོན་སྐྱབས་མཛོད་རོགས་གནང་ཞེས་གསོལ་འདེབས་བསྐྱོན་ཡོད་། ལྷ་མེད། ཆོས་མེད། དད་མེད་། རྒྱ་ནག་དམར་བོའི་སྲིད་གཞུང་དེས་ཉིན་གསུམ་ལ་རྒྱལ་ཡོངས་ཀྱི་མྱ་ངན་ཞེས་བ་ཞིག་བརྩི་སྲུང་བྱས་འདུག སྐབས་དེར་པེ་ཅིན་ཐའེ་ཨན་མིན་ཐང་ཆེན་དུ་མི་མང་འདུ་འཛོམས་ཀྱིས་མྱ་ངན་བྱས་བ་དང་། སྐར་མ་གསུམ་ལ་ངག་བཅད་རྗེས་སེམས་སྟོང་དུ་གྱུར་བའི་རྒྱ་མི་གཞོན་རབས་ཚོས་ “རྒྱ་ནང་དར་སྤེལ་། རྒྱ་ནག་དར་སྤེལ། རྒྱ་ནག་ཁྲི་ལོ་ཤོག ” ཞེས་སྐད་འབོད་གནང་བ་དང་། ད་དུང་ཅི་བྱེད་འདི་བྱེད་མ་ཤེས་བར་མི་མང་བོས་ལོ་བཞི་བཅུ་དང་ལྔ་བཅུའི་ཡར་སྔོན་ནང་བཏང་བའི་གསར་བརྗེ་གླུ་དབྱངས་ལེན་པ་སོགས་མྱ་ངན་བྱས་འདུག། ཆོས་ལ་སྡང་ཞིང་དགེ་འདུན་ལ་འཚེ་བའི་དམར་བའི་སྲིད་གཞུང་འབར་མ་དང་རྒྱ་ནག་ནང་འདི་ལོ་རང་བྱུང་གི་རྐྱེན་ངན་གོད་ཆགས་ཚབས་ཆེན་བྱུང་བར་དེ་ཡོད་ཀྱི་མི་མང་ནས་རྣམ་རྟོག་ཅིག་ལངས་བཞིན་འདུག ད་དུང་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་ལོ་རྟགས་རྟ་ཡིན་ལ། འདི་ལོ་བྱི་བ་ཡིན་སྟབས་རྟ་དང་བྱི་བ་མི་མཐུན་པ་དང་འབྱུང་བ་འཁྲུག་པ་སོགས་རྣམ་རྟོག་གི་ཚ་རླབས་ནི་ཆེས་ཆེར་འཕྱུར་བའི་སྒང་རེད།