ཁམས་སྡེ་དགེ་རྫོང་གསར་ནས་ཆེད་དུ་ཕེབས་པའི་མཁྱེན་ལི་སྒྱུ་རྩལ་ཁང་གི་ལག་ཤེས་དབུ་ཆེན་རྒན་ཉི་མ་དང་སྒྱུ་རྩལ་འཆར་འགོད་པ་ཟླ་བ་གྲགས་པ་གཉིས་ཀྱིས་ཨ་རིའི་ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ལ་མཁྱེན་ལིའི་ལག་ཤེས་སྒྱུ་རྩལ་ཁང་ངོ་སྤྲོད་གནང་གི་ཡོད། ཚོགས་འདུར་ཐོ་འགོད་བྱེད་མི་དགོས། ཕེབས་རྐྱང་གནང་རོགས།
ཚོགས་འདུའི་ས་ཆ། ལ་རྩེ་དཔེ་མཛོད། (132 Perry Street, Suite 2b, New York, NY 10014)
འབྲེལ་བ་གནང་ས། ལ་རྩེ་དཔེ་མཛོད། བསྟན་འཛིན་དགེ་ལེགས། 1212-367-7380 ཡན་ལག་ཨང་གྲངས། 47
ཚོགས་འདུའི་དུས་ཚོད། རེས་གཟའ་མིག་དམར། 2016ཟླ་བ་8ཚེས་23། ཆུ་ཚོད། 7།
མཁྱེན་ལིའི་ལག་ཤེས་ནི། དུས་རབས་བཅུ་དགུའི་ནང་ལ་རྫོང་གསར་མཁྱེན་བརྩེ་སྐུ་འཕྲེང་དང་པོའི་དགོངས་པ་བཞིན། རྒྱུ་ལི་མ་ལས་གྲུབ་པའི་ནང་པའི་སྐུ་གསུང་ཐུགས་རྟེན་གྱི་འདྲ་སྐུ་དང་། མཆོད་རྫས། དེ་བཞིན་སྲོལ་རྒྱུན་གྱི་སྒྱུ་རྩལ་ཐོན་རྫས་བཟོ་བའི་ལག་ཤེས་ཀྱི་བརྒྱུད་པ་ཕུལ་དུ་བྱུང་བ་ཞིག་ཡིན། ད་ལྟ་མཁྱེན་ལིའི་སྒྱུ་རྩལ་ཁང་ནས། སྐུ་འདྲ་སྣ་ཚོགས་དང་། དེ་བཞིན་རྒྱན་ཆ་དང་འཚོ་བའི་ཉེར་སྤྱོད་ཀྱི་སྒྱུ་རྩལ་ཐོན་རྫས་སྣ་ཚོགས་བཟོ་བཞིན་ཡོད་པ་མ་ཟད། བོད་པའི་མི་རབས་གསར་པའི་ལག་ཤེས་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་གནང་བཞིན་ཡོད།
བགྲོ་གླེང་ཚོགས་འདུའི་ཐོག་ལ། མཁྱེན་ལིའི་ལས་བྱེད་རྣམ་པ་གཉིས་ནས་མཁྱེན་ལིའི་སྒྱུ་རྩལ་ཁང་གི་རྒྱབ་ལྗོངས་དང་། ཐུན་མོང་མ་ཡིན་པའི་མཁྱེན་ལིའི་ལག་ཤེས་ཀྱི་སྲོལ་རྒྱུན་དང་ཁྱད་ཆོས། དེ་བཞིན་ད་ལྟའི་མཁྱེན་ལིའི་སྒྱུ་རྩལ་གྱི་གནས་སྟངས་དང་ལས་གཞི་སོགས་ངོ་སྤྲོད་གནང་རྒྱུ་ཡིན།
དེ་ནི་བོད་ཀྱི་སྒྱུ་རྩལ་ལ་དོ་སྣང་ཡོད་པ་སྤྱི་དང་། ལྷག་པར་དུ། བོད་ཀྱི་སྐུ་གསུང་ཐུགས་རྟེན་དང་། སྡེ་དགེའི་སྒྱུ་རྩལ་སྐོར་ལ་དོ་སྣང་ཡོད་པའི་མཁས་པ། ཞིབ་འཇུག་པ། སློབ་མ། དེ་བཞིན་ས་གནས་བོད་མི་སོགས་ལ་མཚོན་ན་ཤིན་དུ་ནས་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པས། ཚང་མས་ཁྱབ་བསྒྲགས་འདི་གཞན་པར་རྒྱུད་སྐུར་གནང་རོགས་ཞུ།