རྭ་རྒྱ་བློ་དབང་།
རྩོམ་ཡིག་འདིའི་མགོ་སློང་སྐབས་ནས་སེམས་པ་འཚབ་འཚུབ་ཏུ་གྱུར་སོང་། ཉིན་རེ་འགའི་སྔོན་སྐུ་ཞབས་ཞོགས་དུང་བཀག་སྐྱིལ་བྱས་པའི་གནས་ཚུལ་ཐོན་མ་ཐག ཕྱི་ཡུལ་ན་ཡོད་པའི་ཤེས་ཡོན་པར་གྲགས་པ་རྣམས་དང་། ལྷག་པར་དུ་དྲ་ཐོག་གི་རྩོམ་པ་པོ་རྣམས་འུར་ཟིང་ངེར་སོང་ཞིང་། ཐམས་ཅད་ཀྱིས་སྐུ་ཞབས་ཞོགས་དུང་རླབས་ཆེན་ཡིན་ཚུལ་དང་། མི་མང་པོ་ཞིག་མཁྲེགས་བཟུང་དང་རྨོངས་འཐོམ་པ་ཡིན་ཚུལ་སོགས་ལས་འཕྲོས་ཏེ། སླར་ཡང་རང་བརླ་ཁྱི་ལ་སྟེར་བའི་སྣང་ཚུལ་ཞིག་ཀྱང་མགོ་བརྩམས་སོང་། དེ་བཞིན་དུ་ཨ་རིའི་རླུང་འཕྲིན་གྱིས་ཧོར་གཙང་འཇིགས་མེད་ལགས་ཆེད་ཞུས་ཀྱིས་<<གནམ་ས་གོ་འབྱེད།>>ཀྱི་བསྟན་དོན་དང་། སྐུ་ཞབས་ཞོགས་དུང་གི་བསམ་བློའི་སྐོར་ལ་བགྲོ་གླེང་བྱས་སོང་། གོ་སྐབས་དེ་བསྟུན་གྱིས་བོད་ནང་གི་ཡིན་ཟེར་མཁན་ཞིག་གིས། བོད་ནང་གི་མི་རྣམས་ཞོགས་དུང་ལ་མི་དགའ་བ་ནི། ཁོས་ཆོས་ལུགས་ལ་ངན་སྨྲས་བྱས་པས་ཡིན་ལ། ཁྱེད་ཚོ་བཙན་བྱོལ་ནས་ཞོགས་དུང་ལ་ལྟ་སྟངས་ཇི་འདྲ་འདུག་ཅེས་ཀྱང་ཟེར། བོད་ནང་གི་མི་རྣམས་སྐུ་ཞབས་ཞོགས་དུང་ལ་དགའ་མི་དགའ་མི་གཅིག་གིས་ཚབ་མཚོན་ཐོག་ནས་བཤད་ཐུབ་པ་ཞིག་མིན་ལ། སྐབས་འདིར་བཤད་དགོས་པ་ཞིག་ཀྱང་ག་ལ་ཡིན།
སྐུ་ཞབས་ཞོགས་དུང་གིས་ད་ལྟའི་བར་གླེང་སྟེ་འོང་བ་ནི། ཤེས་རིག་གི་སྣང་ཚུལ་ཞིག་གམ། བརྟན་ཆགས་སུ་གྱུར་པའི་རིག་གནས་སེམས་ཁམས་ཤིག་གི་ཤུགས་རྐྱེན་ལས་མཐོང་བའི་རང་སྣང་གི་དོན་སྤྱི་ཞིག་སྟེ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་བསྐྲུན་པའི་བོད་སྤྱི་ཚོགས་ཀྱི་སྣང་ཚུལ་སྐོར་དང་། སྣང་ཚུལ་དེ་ལས་ཇི་ལྟར་འདའ་དགོས་པའི་རང་སྣང་གི་བསམ་ཚུལ་དག་ཡིན། འདི་ལ་བོད་གཞིས་བྱེས་གཉིས་ཀར་རྣམ་པ་མི་འདྲ་བའི་གླེང་སློང་སྣ་ཚོགས་ཡོང་མྱོང་ལ། མུ་མཐུད་ཡོང་ངེས་ཤིག་རེད། སྐུ་ཞབས་ཞོགས་དུང་གི་བསམ་ཚུལ་དྲན་ཚུལ་གྱི་ལྡོག་ཕྱོགས་སུ་ལངས་མཁན་དག་རྣམ་པ་ཀུན་ཏུ་རྨོངས་འཐོམ་པར་བརྩི་བའི་འདུ་ཤེས་ནི་དངོས་གནས་རྨོངས་འཐོམ་ཞིག་རེད་མོད། སྐབས་འདིར་མང་པོ་གླེང་བས་ཅི་ཡོང་།
གང་ལྟར་ཀྱང་། ཁ་སང་དེ་རིང་གི་གླེང་སྲོལ་ཞིག་སྟེ། རྒྱ་ནག་གི་གནོན་ཤུགས་སམ་དམ་དྲག་གི་ཁ་ཕྱོགས་དེ་གྲོང་གསེབ་པ་ནས་ཤེས་ཡོན་པའི་ཐོག་ལ་བསྒྱུར་བ་ནི། བོད་ཀྱི་ཤེས་ཡོན་པ་རྩ་གཏོར་གཏོང་འདོད་ཀྱི་སྲིད་བྱུས་རེད་སོགས་ཟེར་བ་ནི། དྲང་མོ་དྲང་བཞག་གི་གླེང་སྟངས་ཤིག་ག་ནས་ཡིན་ཏེ་གཏན་ནས་མིན་ནོ། ། ད་ལྟ་དེ་ལྟའི་སྣང་ཚུལ་འབྱུང་བཞིན་པ་ནི་ཆེད་དུ་ཤེས་ཡོན་པ་རྩ་གཏོར་གཏོང་འདོད་མ་རེད་དེ། ད་ལྟའི་བར་གྲོང་ཁྱེར་ན་འཚོ་བའི་ཤེས་ཡོན་པ་དག་ཐད་ཀར་ཆབ་སྲིད་འཐབ་རྩོད་ཀྱི་མདུན་དུ་བུད་པ་ཆེས་ཉུང་བའམ་ཡང་ན་མེད་པས་རེད་ལ། ༢༠༠༨ ལོའི་རྗེས་ནས་བཟུང་རེ་བ་ཅན་གྱི་ཤེས་ཡོན་པ་ཚོས་ཀྱང་འཐབ་རྩོད་ཀྱི་ཕྱོགས་ལ་སྙུག་རྩེ་གཏོད་པ་དང་། སྐད་ཆ་བཤད་ཐུབ་སོང་བས་རེད། གང་ན་བོད་དོན་གྱི་འཐབ་རྩོད་ཡོད་ན་དེ་རུ་རྒྱ་གཞུང་གིས་ལག་བསྲིང་འོང་བ་ནི། ཁོ་རང་ཚོའི་དགོས་མཁོ་རེད།
ཁ་སང་དེ་རིང་འདང་ཕོག་དཀའ་བའི་དོན་གནད་གཞན་དག་ཀྱང་འདུག་སྟེ། ད་ལྟ་བཙོན་དོང་ན་སྡུག་བསྔལ་མྱོང་བཞིན་པའི་སྒྲོལ་མ་སྐྱབས་དང་། ཀུན་དགའ་ཚངས་དབྱངས། གཞན་ཡང་ནུབ་བྱང་སློབ་གྲྭ་ཆེན་མོའི་སློབ་མ་ཚོ་དང་། རྔ་བ་དང་རྨ་ཆུའི་དགེ་སློབ་ཚོ་ལྟ་བུ་ནི་རྦད་དེ་གླེང་ཕྱོགས་ལས་དོར་ཟིན་པ་དང། ཁོ་ཚོའི་སེམས་པ་དང་ལར་ཞེན་ནི་ཧ་ཅང་དཀྱུས་མ་ཞིག་གི་ཚོད་ལ་ལྷུང་། སྐུ་ཞབས་ཞོགས་དུང་ལགས་རྒྱ་གཞུང་གིས་བཀག་སྐྱིལ་བྱ་དགོས་དོན་ནི། རང་རིགས་མཆོག་དམན་ཀུན་གྱིས་རེ་ཞིང་སྨོན་པའི་རྨི་ལམ་སྟེ། བཙན་པོའི་རྒྱལ་རྒྱུད་ནས་འཕྲོ་ཆད་པའི་མདོ་དབུས་མཐོ་ལྗོངས་ཀྱི་རང་བདག་རྒྱལ་ཁབ་དེའི་སླད་དུ་ཡིན་ལ། འབངས་མི་ཕལ་བ་གྲྭ་བཙུན་ཚོ་དང་། སྒྲོལ་མ་སྐྱབས། ཀུན་དགའ་ཚངས་དབྱངས་སོགས་ཀྱང་གཅིག་གྱུར་གྱི་རེ་སྨོན་དེའི་སླད་དུ་བཙོན་ལ་ལྷུང་བ་རེད། སྐབས་འདིར། རང་ཅག་ནི་བསད་ཟིན་པ་དང་གསོད་བཞིན་པ་ཁོ་རང་ཚོའི་ཐུན་མོང་གི་རྒྱབ་རྟེན་ཉན་དགོས་པ་ལས། ཆེ་གེ་མོ་འདི་དང་གན་ཞེས་བདམ་གསེས་ཀྱི་ཕྱོགས་སུ་ལྷུང་ན་ངེད་ཚོས་ལོ་རྒྱུས་ཀྱི་སྐྱོ་གར་གཞན་ཞིག་བསུས་པ་ལས་ཅི་ཡང་མེད།
ད་དུང་སྐུ་ཞབས་ཞོགས་དུང་བཀག་སྐྱིལ་བྱས་པར་སྙིང་ཚིམ་སྟོན་པ་ལྟར་གྱི་མི་དེ་ཚོ་དང་། ཞོགས་དུང་འཛིན་བཟུང་བྱས་པ་དེ་ཆོས་ལུགས་དད་མོས་པའམ་ཡང་ན་རྨོངས་དད་པ་ཚོས་བྱས་པ་ལྟར་སྒྲོག་མཁན་སུ་ཡིན་ཀྱང་ལག་ཟུང་བྲང་ལ་བསྙེས་ནས་འདང་རྒྱག་རན་རེད། ད་ལྟ་ང་ཚོར་གཞོམ་གཞིག་བྲལ་བའི་མི་རིགས་ཀྱི་འདུ་ཤེས་ཤིག་ཆགས་བཞིན་ཡོད་ལ། འདུ་ཤེས་འདི་ནི་ལོ་ངོ་ལྔ་བཅུའི་དཀའ་སྡུག་ལྷུར་བླངས་པའི་རང་ཅག་ཐུན་མོང་གིས་བསྐྲུན་པ་དང་མ་འོངས་པར་ཡང་རང་ཅག་ཐུན་མོང་གིས་ཉར་ཚགས་རྒྱུན་མཐུད་བྱེད་དགོས་པ་ཞིག་ལས། སྣ་གཅིག་གི་ལངས་ཕྱོགས་དང་ཕྱོགས་གཅིག་གི་དགའ་ཁ་འཁྱེར་སྟངས་ཀྱིས་འཁྱོངས་པ་ཞིག་ག་ལ་ཡིན་ཏེ། འདི་ནི་ངེད་ཅག་ཐུན་མོང་གི་ཁེ་ཕན་ཞིག་ལ་དམིགས་པས་ཀྱང་ཚོད་ཐིག་པ་ཞིག་རེད།
མདོར་ན། སྐུ་ཞབས་ཞོགས་དུང་རྒྱ་མིས་བཀག་སྐྱིལ་བྱས་པ་ལས་བོད་ཀྱི་རྨོངས་དད་པ་ཚོས་བྱས་པ་མིན་ལ། སྐུ་ཞབས་ཞོགས་དུང་བོད་མིའི་ཁེ་དབང་དང་རེ་འདོད་ཀྱི་སླད་དུ་བཀག་སྐྱིལ་བྱས་པ་ལས། ཁོ་རང་གི་སྒེར་དོན་དུ་མིན་པའང་ཤེས་དགོས་པ་ཞིག་རེད། ཕྱོགས་འདི་གཉིས་ལ་བསམ་གཞིག་ལེགས་པོ་བྱུང་ན། ད་ལྟ་ང་ཚོའི་ཕྲག་ཏུ་ལྷུང་བའི་འགན་དབང་གང་ཡིན་དང་། ཇི་ལྟར་སྒྲུབ་དགོས་པར་ཡང་འདང་ཕོག་ངེས་ལས། ཞོགས་དུང་འཛིན་བཟུང་གི་དོན་རྐྱེན་དེ་རང་རེའི་ནང་འཁྲུགས་སློང་བྱེད་དུ་གྱུར་ན་གཏན་ནས་མི་རུང་ངོ་། །
2008/4/29 ཉིན།
དངོས་གནས་དྲང་གཏམ་རེད། བརྗོད་བྱ་འདི་་་ཀུན་སློང་དེ་འདྲ་ཞིག་གིས་བྱུང་ཡོད་ན་སྤྱི་ཚོགས་ལ་
ཕན་པའི་སྐད་ཆ་ངོ་མ་རེད། ཐུགས་རྗེ་ཆེ། ངེད་བོད་པ་ཚང་ལ་ད་སྐབས་མཁོ་བ་ནི་་་ཆ་སྙོམས་ཀྱི་བལྟ་བ།
ཆ་སྙོམས་ཀྱི་སེམས་སྐྱེད། ཆ་སྙོམས་ཀྱི་རྒྱབ་སྐྱོར་ ཆ་སྙོམས་ཀྱི་ལ་རྒྱ། ཆ་སྙོམས་ཀྱི་རིག་ཞེན་སོགས་
དུས་གཏན་དུ་ཁ་འབྲལ་མི་རུང་པའི་བསླབ་བྱ་ཉག་གཅིག་རེད་ཡ།།
ཞོགས་དུང་ལས་འཕྲོས་པའི་བསམ་གཞིག
ཆོས་པས་བོད་ཀྱི་ནང་ཆོས་ལ་ཁ་བཏང་ཙང་དམྱལ་བར་འགྲོ་འགོ་བཙུགས་པར་འདོད། རྒྱའི་ཆབ་སྲིད་པས་བོད་རང་བཙན་ཁ་བྲལ་གཏོང་འགོ་བཙུགས་ཙང་འཛིན་བཟུང་བྱས་པར་འདོད། ངས་ནི་ཁོང་རང་གི་ལས་དཀར་ནག་གི་འབྲས་བུ་མྱོང་འགོ་བཙུགས་པར་འདོད། ངན་འགྲོ་ལས་ཐར་དགོས་པ་དང་། བཙོན་ཁང་ལས་ཐར་དགོས་པ་དང་། ནག་ཉེས་ལས་ཐར་དགོས་པ་ནི་ང་ཚོ་ཚང་མའི་མཐུན་པས་དེ་དོན་སྨོན་ལམ་འདེབས་དགོས།
བོད་པ་འདི་ཚོ་ཡ་མཚར་།
ཆབ་སྲིད་ཀྱི་བཙོན་མཇུག་དང་།རིག་གཞུང་གི་ལྟ་བ་གཉིས་་ཡིན་པའི་ཁྱད་པར་ཡང་ཤེས་གིན་མི་འདུག།་དངོས་གནས་སྐྱོ་བོ་རེད་།
རྒྱ་ནག་ཉམས་ཞིབ་པ་ལགས། ཁྱེད་རང་ལ་ཁྱད་ཆོས་འགའ་ཤས་འདུག འདིར་མ་བཤད་ཐབས་མེད་བྱུང་སོང་། རྒྱུ་མཚན་ནི་ཁྱེད་རང་ཞེ་སྡང་དང་ཕྲ་དོག་གིས་ཡོངས་སུ་བཅིངས་ནས་བདེན་པ་དང་རྒྱུ་མཚན་མཐོང་ཐུབ་ཀྱི་མིན་འདུག མ་གཞི་ནས་ཚང་མས་ཁྱེད་རང་ཧོར་མིང་ཅན་ཡིན་པ་ཤེས་ཀྱི་ཡོད། འདིར་དོན་མེད་རང་ལ་མིང་ཤད་བཟོས་ནས་ཅི་བྱེད།
༡༽ ཁྱེད་རང་ཡིག་ནོར་གྱི་དབང་ཕྱུག་ཡིན་པ་མཁྱེན་དགོས་འདུག གོང་གི་ཚིག་གྲུབ་ཐུང་ཐུང་འདིའི་ནང་ཡིག་ནོར་ཤིན་དུ་མང་།
༢༽ ཁྱེད་རང་ལ་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ལོ་རྒྱུས་སོགས་ཀྱི་ཤེས་ཡོན་མེད་སྟབས། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གཞུང་ལུགས་དང་རྣམ་བཤད། ལྟ་བ་སོགས་ལ་གྲོས་བསྡུར་བྱེད་པའི་གནས་བབ་མིན་འདུག དེར་བརྟེན་ཞོགས་དུང་གི་རྣམ་དཔྱོད་ལ་བརྟག་པ་ནི་གྲོག་མས་གླང་ཆེན་འབུད་པ་ལྟར་རོ།
༣༽ སྐུ་ཉིད་ནས་དོན་མེད་རང་འཚང་བརྟོལ་བའི་མཛད་པ་འདི་བསྐྱུར་ནས། ཚང་མའི་སྙན་ལ་ལེགས་པའི་ཚིག་བཅད་རེ་གཉིས་བྲིས་ན་མི་ལེགས་སམ།
༤༽ སྐུ་ཉིད་གུས་པའི་བསམ་འཆར་འདིར་སེམས་བཟང་གི་ངག་ལ། སྙན་པོའི་གཏམ་མེད་ཟེར་བར་དགོངས་ནས་ཤ་ཚ་ཡོད་པ་འདི་མཁྱེན་པ་གནང་རོགས།
རྭ་རྒྱ་བློ་དབང་ལགས་ཀྱིས་ཞོགས་དུང་ལས་འཕྲོས་བའི་བསམ་གཞིགས་འདི་ལ་ངེད་ཀྱིས་ངོས་ནས་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད། ཞོགས་དུང་ལགས་སུ་བོད་གཞིས་བྱེས་གཉིས་ཀྱིས་ནང་དུ་ཤེས་ཡོན་ཅན་དང། ཡང་ན་གཞོན་སྐྱེས་མི་ཉུང་བ་ཞིག་གིས་གཞི་སྤོང་དགག་གསུམ་གྱིས་སྐྱོན་བརྗོད་དང་བསྔགས་བརྗོད་ངོ་བོ་དབྱེར་མ་མཆིས་བར་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་གྱིས་ཚང་མའི་མཁྱེན་གསལ་ལྟར། ཞོགས་དུང་ལགས་ཀྱིས་གདོད་མའི་དུས་རབས་ནས་བཟུང་བཙན་པོ་རྒྱུད་བརྒྱུད་ཀྱིས་བྱུང་རིམ། དུས་རབས་གསར་བའི་མི་རིགས་འདིའི་ལས་དབང་ལ་གཞི་བཅོལ་ནས་བསམ་ཞིབ་གནད་དུ་འཁེལ་བ་བྱས་འདུག་སྙམ། ལ་ལས་ཞོགས་དུང་ལགས་ནང་པ་སངས་རྒྱས་བའི་ཆོས་ལ་དད་པ་དང་ཡིད་ཆེས་མེད་མཁན་གྱིས་ལོག་ལྟ་བ་དང་རྒྱ་མིའི་རྒྱུགས་ཁྱི་རེད་ཟེར་བ་དང། འདིའི་རིགས་ད་དུང་རྨོངས་གཉིད་ལས་སད་མ་ཐུབ་པའི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བ་དོར་མ་ཐུབ་པའི་བག་ཆགས་ངན་པ་དེ་རེད་སྙམ། སྤྱིར་མི་རིགས་འདིའི་ལས་དབང་དང་ཉག་ཕྲ་བའི་ཀྱོག་མཚམས་འདི་ལ་ཕྲག་དོག་དང་ང་རྒྱལ། དམའ་འབེབས་དང་མཐོང་ཆུང། ཞེ་སྡང་དང་འཁོན་སེམས་འདི་དག་རིགས་སྤངས་ནས་དོན་དང་གནད་ལ་འཁེལ་བའི་མི་ཐད་དུ་བགྲོ་གླེང་ལྷུག་པོར་ཡོང་བའི་རེ་བ་ཡོད། དུས་ཚོད་ཀྱིས་དབང་གིས་དེ་ཙམ་གྱིས།