འབྲིང་བ་འཇིགས་མེད།
༄༅།། ཉེ་ལམ་ཨ་རིའི་གཟའ་མཇུག་སློབ་དེབ་སོགས་ལས་འཕྲོས་ཏེ་བརྡ་སྤྲོད་དང་སྐད་ཡིག་སྐོར་མང་པོ་གླེང་བཞིན་པ་ལྟར། སློབ་དེབ་ཀྱིས་མཚོན་པའི་ཡིག་ཆ་གང་ཡིན་ཡང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པར་འབྲི་དགོས་པ་ནི་སྐད་ཡིག་གི་འཆི་གསོན་ལ་ཐུག་པའི་གནད་དོན་གལ་ཆེན་ཞིག་ཡིན། ཡུལ་ལུང་སོ་སོའི་ཁ་སྐད་ལྟར་བྲིས་ཚེ་མི་རིགས་རིག་གཞུང་དང་བཅས་པ་བརླག་པའི་རྒྱུར་འགྱུར་བ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ། “རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན།
དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས།
གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་གཟབ་དགོས་པ་ལགས།” ཞེས་གསུངས་པ་ལྟར་ཡིན། དེས་ན་འདིར་དེང་སང་ཕལ་སྐད་དམ་ཁ་སྐད་ལ་བསྟུན་ཏེ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མི་མཐུན་པར་འབྲི་བཞིན་པའི་ཡིག་ནོར་དང་བརྡ་ནོར་རྒྱུགས་ཆེ་བ་འགའ་ཞིག་ལ་དག་བཅོས་རགས་ཙམ་བྱེད་རྒྱུར།
༡ ༼ཡིན་ནའི༽ ཁ་སྐད་ལ་འདི་ལྟར་འབྱུང་བ་བཞིན་དེང་སང་ཡིག་ཐོག་ཏུའང་འདི་ལྟར་འབྲི་བཞིན་པ་ནི་བརྡ་སྤྲོད་དང་འགལ་བའི་ཡིག་ནོར་ཏེ། འདི་ནི་ “ཡིན་ནའང་” ཞེས་པ་དེ་ཡིན་པར་དོགས་པ་མེད་པས། དེ་ལ་མི་མཐུན་པའི་ཚིག་རྒྱན་འང་སྒྲ་སྦྱོར་དགོས་པ་ལས་འབྲེལ་སྒྲ་སྦྱར་རྒྱུ་མིན་པ་ནི་བོད་ཀྱི་སུམ་རྟགས་ལ་སློབ་སྦྱོང་ཕྲན་བུ་བྱས་པ་ཡན་ཆད་ཀྱིས་ཤེས་ཐུབ་པ་ཞིག་ཡིན།
༢ ༼མཉམ་དུ༽ དཔེར་ན། བཀྲ་ཤིས་མཉམ་དུ་ཁྲོམ་ལ་ཕྱིན། ལྟ་བུར་བཀྲ་ཤིས་དང་མཉམ་དུ་ཞེས་དང་སྒྲ་ཞིག་སྦྱོར་དགོས་པ་འདི་བརྡ་སྤྲོད་རིག་པའི་འགྲོ་ལུགས་ཡིན་མོད། ཁ་སྐད་ལ་འདིར་དང་སྒྲ་མི་སྦྱོར་བ་ཡོད་པས་ཡིག་ཐོག་ཏུའང་དང་སྒྲ་མེད་པའི་ལུགས་འདི་དར་བཞིན་འདུག དེ་ཚིག་སྡུད་བྱས་པ་མ་རེད་དམ་ཟེར་ན། མིན་ཏེ། སྤྱིར་ཚིག་ཕྲད་ལ་བསྡུ་རྒྱུ་ཡོད་མེད་རིགས་གཉིས་ཡོད་པ་ལྟར་འདིའི་དང་སྒྲ་ནི་བསྡུ་རྒྱུ་མེད་པའི་རིགས་ཡིན། འདི་ནི། གྲོགས་དང་འགྲོགས། དགྲ་དང་འཐབ། ཟེར་བ་སོགས་ཀྱི་དང་སྒྲའི་འཇུག་ཚུལ་དང་གཅིག་ཡིན་པས་དེ་རིགས་ལ་གྲོགས་འགྲོགས། དགྲ་འཐབ་ཅེས་བསྡུ་སྟངས་མེད་པ་ལྟར་ཡིན། ལྷག་པར་དང་སྒྲ་ཡོད་མེད་ཀྱིས་སྐབས་དོན་སྟོན་ཚུལ་ལ་ཁྱད་པར་འབྱུང་སྟེ། དཔེར་ན། བུ་བཀྲ་ཤིས་ཨ་མ་དང་མཉམ་དུ་འགྲོ་ཞེས་པའི་སྐབས་མཉམ་དུ་འགྲོ་མཁན་བཀྲ་ཤིས་དང་མཉམ་འགྲོ་བྱེད་ཡུལ་ཨ་མ་ཡིན་པའམ། ཡང་ན་མཉམ་དུ་འགྲོ་མཁན་གཙོ་བོ་བཀྲ་ཤིས་ཡིན་པ་དང་མཉམ་འགྲོ་བྱེད་རོགས་ཨ་མ་ཡིན་པའི་གཙོ་ཕལ་གྱི་ཁྱད་པར་དེ་གསལ་པོར་སྟོན་ལ། བཀྲ་ཤིས་ཨ་མ་མཉམ་དུ་འགྲོ་ཞེས་དང་སྒྲ་མེད་ཚེ་བརྗོད་མི་བདེ་བའི་ཁར་གོ་བའང་ཕལ་ཆེར་བཀྲ་ཤིས་དང་ཨ་མ་གཉིས་མཉམ་དུ་འགྲོ་བར་གོ་དགོས་པ་ལྟ་བུ་ལས་ངེས་གསལ་མེད་པར་མ་ཟད། གོང་སྨོས་གཙོ་ཕལ་གྱི་ཁྱད་པར་དེ་དེ་བས་ཀྱང་སྟོན་མི་ཐུབ། དེས་ན་འདིའི་རིགས་ཡུལ་ལུང་རེ་ཟུང་གི་ཁ་སྐད་ལ་དང་སྒྲ་ཡོད་མེད་ཀྱིས་དོན་ཐ་དད་པར་འགྲོ་བ་མེད་ཀྱང་ཡིག་ངོའི་དོན་སྟོན་ཚུལ་ལ་ཁྱད་པར་ཡོད་པས། ཡིག་སྐད་ནང་དུ་བརྡ་སྤྲོད་དང་མཐུན་པར་དང་སྒྲ་སྦྱར་ན་ལེགས།
༣ ༼གྱི་བརྒྱུད༽ དཔེར་ན། མཚོ་འགྲམ་བརྒྱུད་ནས་འགྲོ། དྲུང་ཡིག་བརྒྱུད་ནས་ཞུས། ལྟ་བུར་མཚོ་འགྲམ་གྱི་བརྒྱུད་ནས་འགྲོ། དྲུང་ཡིག་གི་བརྒྱུད་ནས་ཞུས། ཞེས་འབྲེལ་སྒྲ་ཞིག་མི་དགོས་བཞིན་དུ་སྦྱོར་བཞིན་པའང་ཁ་སྐད་ལ་བསྟུན་པའི་སྐྱོན་ཏེ། འདིའི་འབྲེལ་སྒྲ་ལ་གོ་རྒྱུ་གང་ཡང་མེད་ཅིང་བརྡ་སྤྲོད་དང་འགལ་བས་འབྲེལ་སྒྲ་འདི་དོར་དགོས།
༤ ༼མེད་བརྟེན། ཡོད་བརྟེན། གསུངས་བརྟེན། ཤར་བརྟེན་སོགས༽ དཔེར་ན། ཟམ་པ་མེད་བརྟེན་འགྲོ་མ་ཐུབ། མི་མང་པོ་ཡོད་བརྟེན་གཟབ་དགོས། མི་ཆོག་གསུངས་བརྟེན་བྱེད་མཚམས་བཞག དབྱར་ཤར་བརྟེན་དྲོད་འཕེལ། ལྟ་བུར་རིམ་པ་བཞིན་མེད་པར་བརྟེན་དང། ཡོད་པར་བརྟེན། གསུངས་པར་བརྟེན། ཤར་བར་བརྟེན་ཞེས་ “པར་” དང་ “བར་” གྱི་སྒྲ་རེ་སྦྱར་དགོས་པ་སྤྱི་སྲོལ་ཡིན་ཀྱང་འགའ་ཞིག་གིས་དེ་དག་མི་སྦྱོར་བར་བསྡུས་པའི་ཚུལ་གྱིས་འབྲི་བཞིན་པ་ནི། ཟམ་པ་མེད་སྟབས་འགྲོ་མ་ཐུབ་ལྟ་བུའི་ “སྟབས་” ཀྱི་སྦྱོར་ཚུལ་དེས་རིགས་འགྲེ་བྱས་པ་ཡིན་སྲིད་ཀྱང་དེ་གཉིས་རྒྱུ་མཚན་སྟོན་པར་མཚུངས་ནའང་སྦྱོར་ཚུལ་མི་མཚུངས་པ་ནི། ཁ་ལ་བརྗོད་བདེ་མིན་གྱིས་ཤེས་ཐུབ་པར་མ་ཟད་མཁས་པ་ཚད་ལྡན་དག་གི་གསུང་རྩོམ་ལ་གཟིགས་པས་ཀྱང་ཤེས་ཐུབ་པར་བརྟེན། འདིའི་རིགས་ལ་ “པར་” དང་ “བར་” གང་རུང་ཞིག “་བརྟེན་” གྱི་སྔོན་དུ་སྦྱར་དགོས།
༥ ༼རང་མི་རིགས༽ དཔེར་ན། ཁོང་གིས་རང་མི་རིགས་ཀྱི་དར་རྒུད་གླེང། འདི་ནི་རང་མི་རིགས་ཀྱི་གཟི་བརྗིད་རེད། ལྟ་བུ་ལ་རང་གི་མི་རིགས་ཞེས་འབྲེལ་སྒྲ་ངེས་པར་དགོས་ཀྱང་དེ་མི་སྦྱོར་བར་ འབྲི་བཞིན་པ་འདི་ནི་རྒྱ་སྐད་ཐད་བསྒྱུར་བྱས་པའི་སྐྱོན་ལས་བྱུང་བར་མངོན་ལ། དེ་མིན་རང་གི་རྒྱལ་ཁབ་ལ་རང་རྒྱལ་དང། རང་གི་ཕ་ཡུལ་ལ་རང་ཡུལ་ཞེས་ཚིག་བསྡུའི་ལམ་ནས་འབྲི་བ་ལྟར་བྱས་པ་ཡིན་ཚེ། རང་གི་མི་རིགས་ལ་རང་རིགས་ཞེས་འབྲི་དགོས་པ་ལས་རང་མི་རིགས་ཞེས་འབྲི་བ་ནི་ཚིག་སྡུད་བྱེད་ལུགས་དང་འགལ་ཞིང་བོད་སྐད་ཀྱི་བརྗོད་ཚུལ་དང་མི་མཐུན།
༦ ༼འབོད་པ༽ དཔེར་ན། བཀྲ་ཤིས་འབོད་པའི་སློབ་མ་ཞིག ལྷ་ལྡན་འབོད་པའི་གྲོང་ཁྱེར་ལ། ལྟ་བུ་ཡང་ཡང་མཐོང་རྒྱུ་ཡོད་པ་ནི་སྦྱོར་ཚུལ་ནོར་བ་ཞིག་རེད། སྤྱིར་ “ཟེར་བའི་” ཚབ་ལ་ “འབོད་པ་” ཞེས་སྦྱར་སྲོལ་ཡོད་ནའང་སྦྱར་སྟངས་འདི་འདྲ་མིན་ཏེ། བཀྲ་ཤིས་ཟེར་བ་དང་ལྷ་ལྡན་ཟེར་བ། ཡང་ན་བཀྲ་ཤིས་ཞེས་པ་དང་ལྷ་ལྡན་ཞེས་པ་ཞེས་ “ཟེར་” དང་ “ཞེས་” ནི་ཐད་ཀར་སྦྱར་བ་འགྲིགས་ཀྱང། དེ་ལ་ “འབོད་པ་” སྦྱོར་ཚེ། བཀྲ་ཤིས་སུ་འབོད་པའི་སློབ་མ་ཞིག ལྷ་ལྡན་དུ་འབོད་པའི་གྲོང་ཁྱེར་ལ། ཞེས་དང། ཡང་ན། བཀྲ་ཤིས་ཞེས་འབོད་པའི་སློབ་མ་ཞིག ལྷ་ལྡན་ཞེས་འབོད་པའི་གྲོང་ཁྱེར་ལ། ཞེས་ “འབོད་” ཀྱི་སྔོན་དུ་ལ་དོན་ཞིག་གམ་ཡང་ན་ཚིག་ཕྲད་ཅིག་ངེས་པར་སྦྱོར་དགོས། དེ་ལ་ཚིག་སྡུད་རྒྱག་རྒྱུའང་མེད།
༧ ༼མིག་སྔར་གྱི༽ དཔེར་ན། མིག་སྔར་གྱི་འཚོ་བ་བཟང། མིག་སྔར་གྱི་གནས་ཚུལ་ཛ་དྲག་རེད། ལྟ་བུ་ལ་བོད་ཡིག་གི་འགྲོ་སྟངས་ཇི་བཞིན་བྱས་ན་མིག་སྔའི་འཚོ་བ་དང་མིག་སྔའི་གནས་ཚུལ་ཞེས་ར་སྒྲའི་ཚབ་ཏུ་འབྲེལ་སྒྲ་སྦྱོར་བ་ཡིན་ཀྱང། ཡུལ་སྐད་ཅིག་གི་ཤན་ཤོར་བ་ཡིན་ནམ་གང་ལྟར་རྣམ་དབྱེ་གཉིས་བརྩེགས་བྱས་པ་ནི་བརྡ་སྤྲོད་ཀྱི་གཞུང་དང་འགལ་བས་མིག་སྔའི་ཞེས་འབྲི་དགོས།
༨ ༼ཡོག་རེད༽ དཔེར་ན། བོད་ལ་ལོ་རྒྱུས་རིང་པོ་ཡོག་རེད། ནུབ་ཕྱོགས་སུ་བོད་མི་མང་པོ་ཡོག་རེད། ཅེས་ཁ་སྐད་ལྟར་བྲིས་པ་འདི་ནི་ཤེས་བཞིན་དུ་ཡིག་ནོར་བྲིས་པ་ཞིག་སྟེ། “ཡོག་”ཅེས་འབྲི་རྒྱུ་མིན་པར་ “ཡོད་” ཅེས་འབྲི་དགོས་པ་མ་ཤེས་པ་ག་ལ་ཡིན། ཤེས་བཞིན་དུ་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པར་འབྲི་བ་ནི་བརྡ་སྤྲོད་ལ་དབང་ཟ་བར་ཟད་དོ།།
༩ ༼གྱི་ལྷན་དུ༽ དཔེར་ན། སློབ་བུ་བློ་བཟང་གིས་སློབ་གྲོགས་ཕུན་ཚོགས་ཀྱི་ལྷན་དུ་རི་མོ་བྲིས། བུ་བཀྲ་ཤིས་ཀྱིས་ཕ་མ་གཉིས་ཀྱི་ལྷན་དུ་ཞོགས་ཇ་འཐུང། ལྟ་བུར་ཕུན་ཚོགས་དང་ལྷན་དུ། ཕ་མ་གཉིས་དང་ལྷན་དུ་ཞེས་དང་སྒྲ་སྦྱོར་དགོས་པ་ལས་འབྲེལ་སྒྲ་སྦྱོར་བ་ནི་བརྡ་སྤྲོད་དང་གཏན་མི་མཐུན་པ་ཞིག་ཡིན་ནའང། ཡུལ་སྐད་མ་དག་པའི་རྗེས་སུ་འབྲངས་ཏེ་གང་མང་སྦྱོར་བཞིན་པ་འདི་རིགས་ནི་བོད་ཀྱི་སྐད་ཡིག་གི་ཞིང་ས་ལ་གནོད་པའི་རྩྭ་ལྡུམ་ཚེར་མ་ཅན་དུ་འགྱུར་རོ།།
༡༠ ༼བདེན་མཐའ་སེལ།༽ བོད་དོན་བདེན་མཐའ་གསལ་ཞེས་པའི་ཚིག་འདིའི་གསལ་ལ་བསལ་དང་སེལ་འབྲི་མཁན་ཁ་ཤས་ཡོང་གི་འདུག
འདིའི་འཁྲུལ་གཞི་ནི་ཕལ་ཆེར། བོད་རྒྱའི་དཀའ་རྙོག་སེལ་ཞེས་པ་དང། བོད་དོན་འཐབ་རྩོད་ཀྱི་དཀའ་ངལ་སེལ། བོད་ཀྱི་གནད་དོན་སེལ་ཞེས་པ་འདི་ཚོ་ལ་བརྟེན་ནས་འཁྲུལ་གྱི་ཡོད་པ་འདྲ། འདི་དག་གི་མཐའ་མའི་སླེབས་ས་ནི་གཅིག་ཡིན་པས་དོན་ལ་འགལ་བ་ཆེར་མེད་པ་ལྟ་བུ་ཡིན་ནའང། ཚིག་ཐ་དད་ལ་འགྲེལ་བཤད་ཀྱང་ཐ་དད་དུ་ཡོད།
དེས་ན་བདེན་མཐའ་གསལ་ཞེས་པའི་གོ་དོན་ནི། ལོ་རྒྱུས་དང་དངོས་དོན་གཉིས་ཆ་ནས་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བདེན་པ་ཡིན་ནའང་། རྒྱ་ནག་གིས་དཔུང་སྟོབས་ཀྱི་ཐོག་ནས་བོད་བཙན་བཟུང་བྱས་པར་མ་ཟད། བོད་ཀྱི་བདག་དབང་ནི་སྔ་མོ་ནས་རྒྱ་ནག་ལ་ཡོད་ཚུལ་བཤད་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་ཀྱང་དེ་ལ་ངོས་ལེན་བྱས། དེར་བརྟེན། བོད་མི་རྣམས་ལ་བདེན་པ་ཡོད་ནའང་བདེན་པ་དེ་འཛམ་གླིང་ཐོག་གསལ་པོ་བཟོ་མ་ཐུབ་པས་ད་ཆ་བོད་མི་རྣམས་དཀའ་ངལ་འོག་ཚུད་ཡོད། འོན་ཀྱང་བདེན་པ་ལ་ནམ་ཡང་འགྱུར་བ་མེད་པས། ང་ཚོས་བདེན་པ་བདར་ཏེ་རྩོད་པ་བྱས་ན་ཉིན་ཞིག་ང་ཚོའི་བདེན་པའི་གནས་ཚུལ་འདི་གསལ་པོ་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་ད་ལྟ་རྩོད་བཞིན་པའི་བདེན་པའི་འཐབ་རྩོད་འདི་ལ་མཐའ་གསལ་རྒྱུ་ཞིག་ཡོང་ངེས་ཡིན་ལ། བདེན་པའི་འཐབ་རྩོད་ཀྱི་མཐའ་གསལ་བའི་ཉིན་མོར་ང་ཚོར་རང་ཡུལ་རང་ལ་དབང་བ་ཡོང་གི་རེད། མདོར་ན། བདེན་པ་རང་ལ་ཡོད་པ་འདི་བདེན་པའི་འཐབ་རྩོད་འདིའི་མཐའ་མཇུག་ཏུ་གསལ་པོ་ཆགས་ཞེས་པ་ནི་བདེན་མཐའ་གསལ་ཞེས་པའི་གོ་དོན་རེད། བདེན་པའི་གནས་ཚུལ་ལ་མང་པོ་བགྲང་དུ་ཡོད་པ་ལྟར་ཚང་མ་བགྲང་ཆོག་ཀྱང་གཙོ་བོ་བདག་དབང་གི་བདེན་པ་འདི་ཡིན།
གསལ་བའི་དོན་ནི་དཔེར་ན། ཉི་མ་སྤྲིན་གྱིས་བསྒྲིབས་སྐབས་ཉི་མ་ཡོད་ནའང་མི་གསལ། སྤྲིན་པ་དྭངས་རྗེས་ཉི་མ་གསལ་པོར་ཆགས་ཡོང་བ་ལྟར། ད་ཆ་རྒྱ་མིའི་འཁྱོག་བཤད་དང་དཔུང་སྟོབས་ཀྱི་སྤྲིན་པས་བོད་དོན་བདེན་པའི་ཉི་མ་བསྒྲིབས་ཡོད་པས་འཛམ་བུ་གླིང་པ་རྣམས་ཀྱིས་བདེན་པའི་ཉི་མ་གསལ་པོར་མཐོང་གི་མེད། སྤྲིན་པ་འདི་ལས་གྲོལ་སོང་ན་བདེན་པའི་ཉི་མ་གསལ་པོར་མཐོང་ཡོང། འདི་འདྲ་ཞིག་རེད། བདེན་མཐའ་བསལ་ཞེས་བ་བསལ་དུ་བྲིས་ན། དེའི་གོ་དོན་ཡང་གཞན་ཞིག་ཏུ་འགྱུར་འགྲོ། དེ་ནི་བདེན་པའི་འཐབ་རྩོད་ཀྱི་མཐའ་འབྲས་མེད་པར་བཟོས་པའི་དོན་ཏེ། མཐའ་མཇུག་གང་ཡང་རག་རྒྱུ་ཐོབ་རྒྱུ་མེད་པའི་དོན་དུ་གོ་འགྲོ། དེ་ནི་ང་ཚོར་མི་དགོས་པ་ཞིག་མ་ཡིན་ནམ།
སྤྱིར་གསལ་བ་ནི་མངོན་པར་གྱུར་པའམ་ཡོད་པར་གྱུར་པའི་དོན་དང། བསལ་བ་ནི་མེད་པར་བཟོ་བའི་དོན་ཡིན་པས་གོ་དོན་ལྡོག་ཕྱོགས་སུ་གྲུབ། ཡང་ན་སྔ་མ་ལ་ཚུར་ཐོབ་པའི་རྣམ་པ་དང་ཕྱི་མ་ལ་ཕར་དོར་བའི་རྣམ་པ་ཞིག་ཡོད་པས། བོད་དོན་གྱི་བདེན་པ་ལ་སྦྱར་ནས་བཤད་ན། ང་ཚོ་ལ་དགོས་པ་ནི་ཚུར་ཐོབ་པ་དེ་ཡིན་པ་ལས་ཕར་དོར་བ་དེ་ག་ལ་ཡིན་ཏེ་མ་ཡིན་པས་ན། བདེན་མཐའ་གསལ་བའི་གསལ་ལ་རྣམ་པ་ཀུན་ཏུ་ག་གསལ་འབྲི་བར་མཛོད་ཅིག།།
༡༡ ༼ལབ་ཙེ། ལབ་རྩེ། ལབ་བཙས། ལ་རྩེ།༽ ངས་བལྟས་ན་འདིའི་དག་ཆ་མ་ནོར་བ་ནི་ལ་བཙས་ཞེས་པ་འདི་རེད། རྒྱུ་མཚན་ནི།
དང་པོ་ཚིག་འདིའི་སྒྲ་གདངས་ཀྱི་ཆ་ནས། ད་ལྟའི་ཨ་མདོའི་འབྲོག་སྐད་དུ་ལ་བཙས་ཞེས་པའི་ཚིག་འདི་ག་རང་ཐོན་བཞིན་པ་མངོན་སུམ་མྱོང་གྲུབ་རེད། དེའང་བཙས་ཀྱི་སྔོན་འཇུག་གི་སྒྲ་དག་པར་ཀློག་པའི་དབང་གིས་སྔོན་འཇུག་བ་དེ་སྔ་མའི་རྗེས་འཇུག་གི་ཚུལ་དུ་གྱུར་ཏེ་ལབ་ཙས་ཞེས་བརྗོད་པ་ལྟ་བུར་གོ་བ་ནི། ཁ་མཆུ་ལ་ཁམ་ཆུ་དང། ན་བཟའ་ལ་ནབ་ཟ་ཞེས་བརྗོད་པར་གོ་བ་དང་གཅིག་མཚུངས་ཏེ། དོན་དངོས་སུ་ཁམ་ཆུ་དང་ནབ་ཟ་ཞེས་རྗོད་ཀྱི་ཡོད་པ་ཞིག་མིན་པར་ཁ་མཆུ་དང་ན་བཟའ་ཞེས་རྗོད་ཅིང་འབྲི་བ་ཡིན་ལ། ཕྱི་མའི་སྔོན་འཇུག་སྔ་མའི་རྗེས་འཇུག་གི་ཚུལ་དུ་ཐོན་པ་འདི་རིགས་ནི་ཨ་མདོའི་འབྲོག་སྐད་ལ་སྔོན་རྗེས་ཀྱི་སྒྲ་ཟུར་ཕྱིན་པར་འབྱུང་བའི་ཁྱད་ཆོས་ཤིག་ཡིན། དེས་ན་ལབ་ཙེ་དང་། ལབ་རྩེ། ལབ་བཙས་སོགས་སུ་བྲིས་པ་ནི་ལ་བཙས་ཀྱི་སྒྲ་ལས་འཁྲུལ་བ་སྟེ། ཁ་མཆུ་ལ་ཁམ་ཆུ་ཞེས་ནོར་བར་བྲིས་པ་དང་འདྲ།
གཉིས་པ་འདིའི་གོ་དོན་གྱི་ཆ་ནས་བཤད་ན། བོད་རྒྱ་ཚིག་མཛོད་ཆེན་མོར་ཚིག་འདིའི་དོན་ནི། ལ་རྩེའི་བརྩེགས་ཐོ་དར་ལྕོག་ཅན་ཞེས་འཁོད་འདུག་པ་དང། ཡང་འདི་ལ་གོ་བ་གཞན་ཞིག་སྟེ། ལ་ཡི་ཤོ་ཁྲལ་ལ་གོ་བའི་སྟེང་ནས་བལྟས་ནའང་གོ་རྒྱུ་ཞིག་ཡོད་བཟོ་འདུག་སྟེ། ཆུ་བརྒལ་ནས་འགྲོ་སྐབས་གྲུ་གླའམ་གྲུ་བཙས་དགོས་པ་ལྟར་ལ་བརྒལ་ནས་འགྲོ་སྐབས་ལ་ཁྲལ་ལམ་ལ་བཙས་དགོས་པས། གནའ་སྔ་མོ་ཁྲལ་དེ་རིགས་ལེན་མཁན་གྱི་ཤོ་གམ་པ་ནི་དམག་མི་ཡིན་པ་བཤད་མ་དགོས་པར་བརྟེན། དམག་མི་ཚོས་རང་གི་མཚོན་ཆ་རྣམས་དེ་གར་སྤུངས་ནས་བཞག་པ་ནི་ལ་བཙས་པའམ་ཤོ་གམ་པའི་མཚོན་རྟགས་ལྟ་བུར་གྱུར་པས་དེ་ལའང་ལ་བཙས་ཞེས་ཐོགས་པའམ། ཡང་ན། ལ་བཙས་པ་དམག་མི་ཚོས་རང་ལ་དགོས་པའི་མཚོན་ཆའི་རིགས་གླ་ཁྲལ་དུ་བླངས་ཏེ་སྤུང་གསོག་བྱས་པ་དེ་ནི་ལ་བཙས་ཏེ་ལ་ཁྲལ་རང་ཡིན་པས་དེར་ཡང་ལ་བཙས་ཞེས་ཐོགས་པ་ཡིན་སྲིད། དེ་གཉིས་གང་ཡིན་ཀྱང་ཕྱིས་སུ་རིམ་པས་ལ་ཐོའམ་ལ་ཁའི་ས་རྟགས་ལྟ་བུར་གྱུར་པར་མ་ཟད། དེ་ལ་ཡུལ་ལྷ་གཞི་བདག་གི་གནས་བཅས་ཏེ་བསྟོད་སྲོལ་དར་བ་ཞིག་ཡིན་སྲིད་སྙམ། དེ་ཡིན་ན་ད་ལྟའི་ལ་བཙས་འདིའི་མིང་དོན་གཉིས་ཀའི་འབྱུང་ཁུངས་ནི་སྔོན་གྱི་ལ་བཙས་ཏེ་ལ་ཁྲལ་ཡིན་ཞིང་། དེའི་གནས་གཞི་ནི་ལ་རྩེ་སྟེ་ལ་ཡི་རྩེ་མོའམ་ལ་ཁ་སོགས་ཡིན་ནའང་། རྟེན་ལ་རྩེ་དང་བརྟེན་པ་ལ་བཙས་གཉིས་ལ་རྟེན་དང་བརྟེན་པའི་ཁྱད་པར་དང་། སྒྲ་ཡི་ཁྱད་པར། དོན་གྱི་ཁྱད་པར་བཅས་ཡོད་པས། ལ་བཙས་བསྟོད་ཅེས་པར་ལ་རྩེ་བསྟོད་ཅེས་སོགས་སུ་འབྲི་བ་ནི་མ་དག་པར་མངོན་ནོ།།
༡༢ ༼དགེན།༽ འདི་ནི་དགེ་བའི་བཤེས་གཉེན་ནམ་དགེ་རྒན་ལ་སྦྱོར་བཞིན་པ་སྟེ། དཔེར་ན། དགེན་བློ་བཟང་བསྟན་པ། དགེན་བཀྲ་ཤིས་རྒྱ་མཚོ་ཞེས་པ་ལྟ་བུ། འོན་ཀྱང་དེ་ལ། རྒན་བློ་བཟང་བསྟན་པ། རྒན་བཀྲ་ཤིས་རྒྱ་མཚོ་ཞེས་འབྲི་བ་ཡོད་ལ། དགེ་བློ་བཟང་བསྟན་པ། དགེ་བཀྲ་ཤིས་རྒྱ་མཚོ་ཞེས་འབྲི་བའང་ཡོད།
དང་པོ་དགེན་ཞེས་པ་འདི་ནི། དགེ་རྒན་ཞེས་པའི་སྐུང་ཚིག་ཡིན་ཚེ། འབྲི་བའི་ཚེ་ན་བསྐུངས་ཏེ་བྲིས་ཀྱང་ཀློག་པའི་ཚེ་ན་དགེ་རྒན་ཞེས་སྐུང་ཕུད་ནས་ཀློག་དགོས་པ་ནི། དཔེར་ན། བཀྲིས་ལྷུན་པོ་ལ་བཀྲ་ཤིས་ལྷུན་པོ་ཞེས་ཀློག་པ་ལྟར་ཡིན་ཀྱང་དེ་ལྟར་ཀློག་གི་མེད་པ་འདྲ། ཀློག་པའི་ཚེ་ནའང་དགེན་ཞེས་ཚིག་འབྲུ་གཅིག་ཏུ་ཀློག་ཚེ་དགེ་རྒན་ཞེས་པའི་སྐུང་ཚིག་ཏུ་མི་འགྱུར། དེས་ན་འདི་དགེ་རྒན་ཞེས་པ་དང་དོན་གཅིག་པའི་ཐ་སྙད་གསར་པ་ཞིག་ཡིན་ཟེར་རྒྱུ་ཙམ་ལས་སྔོན་གྱི་དག་ཡིག་སོགས་ཀྱི་ཁུངས་གང་ཡང་མེད་པའི་རང་བཟོ་ཙམ་དུ་ཟད་པས་མི་འཐད།
གཉིས་པ་རྒན་ཞེས་པ་ནི་རྒན་གཞོན་གྱི་ཟླས་ཕྱེ་བའི་རྒན་པ་ཙམ་ལ་གོ་བ་ལས་དགེ་རྒན་ལ་གོ་དཀའ། དགེ་རྒན་ཞེས་པའི་མིང་གི་ཆ་ཤས་གཙོ་བོའང་ “དགེ་” ཡིན་པ་ལས་ “རྒན་” མིན་པ་ནི། དགེ་རྒན་འོས་སྦྱོང་ལ་དགེ་འོས། དགེ་རྒན་དང་སློབ་མ་ལ་དགེ་སློབ། དགེ་རྒན་གྱི་མིང་ལ་དགེ་མིང་། ཞེས་སོགས་ཚིག་སྡུད་ཀྱི་སྐབས་ཚིག་གི་ཆ་ཤས་ཕལ་པ་བསྡུ་བའི་འགྲོ་སྟངས་འདི་དག་གིས་ཤེས། དེས་ན་དགེ་རྒན་བློ་བཟང་བསྟན་པ་ལ་རྒན་བློ་བཟང་བསྟན་པ་ཞེས་བྲིས་ཚེ་ཚིག་སྡུད་བྱེད་སྟངས་ནོར་ཞིང་ཞེ་འདོད་ཇི་བཞིན་མི་སྟོན་པས་དེའང་འཐད་དཀའ།
གསུམ་པ་དགེ་ཞེས་པ་ནི། བཤད་མ་ཐག་པ་ལྟར་དགེ་རྒན་ཞེས་པའི་མིང་གི་ཆ་ཤས་གཙོ་བོ་ཡིན་པས་བསྡུ་མི་རུང་བ་ལྟར། དགེ་བློ་བཟང་བསྟན་པ་ཞེས་བྲིས་ཚེ་ཚིག་སྡུད་ཀྱི་འགྲོ་ལུགས་དང་མཐུན་ཞིང་། ༸རྒྱལ་བའི་ཡོངས་འཛིན་༸སྐྱབས་རྗེ་རྣམ་པ་སོགས་ཀྱི་ཕྱག་བྲིས་དངོས་ཀྱི་ནང་དུའང་དེ་ལྟར་བྲིས་འདུག་པ་མཇལ་དུ་ཡོད་པ་དང་། འདིའི་ཁུངས་དབུས་སྐད་ལ་བརྟགས་ནའང་དགེན་དང། རྒན། དགེ་གསུམ་ལས་དགེ་ཞེས་འབྲི་བ་འདི་འཐད་ལྡན་དུ་སྣང་།
༡༣ ༼ཀྱི་གི་གྱི་་་་ཀྱིན་གིན་གྱིན་༽ དཔེར་ན། འབྲི་གི་ཡོད། ཟ་གི་ཡོད། འགྲོ་གི་ཡིན། ཉོ་གི་མིན། ལྟ་གི་མེད། ཅེས་སོགས་མཐའ་མེད་ཀྱི་མཐར་གི་སྒྲ་སྦྱོར་བ་ཤིན་ཏུ་མང་ཞིང། འདི་རིགས་ནི། ཇ་འཐུང་གི་ཡོད། སྤོས་བདུག་གི་ཡོད། ཆང་སྤང་གི་ཡིན། ཡོང་གི་མིན། ཞེས་པ་སོགས་ཀྱི་གི་སྒྲ་དང་འདྲ་བར་རྩི་བཞིན་ཡོད་ནའང་དེ་མི་འདྲ་སྟེ། ཇ་འཐུང་གི་ཡོད་དང་རི་མོ་འབྲི་གི་ཡོད་ཅེས་པ་གཉིས་ཡི་གེར་མ་ཕབ་གོང་ངག་ནས་བརྗོད་སྐབས་གི་ཡིག་སྔ་ཕྱིའི་སྒྲ་གདངས་ཅུང་ཟད་མི་འདྲ་བ་ནི་དབུས་སྐད་ཨམ་སྐད་གང་ལ་བརྟགས་ཀྱང་གསལ་པོ་ཡིན་པ་འདིས། གི་ཡིག་ཕྱི་མ་ནི་དོན་གྱིས་ཡི་ཡིག་ཡིན་པར་བསྟན་ཅིང་ཡི་ཡིག་གི་སྒྲ་ཅུང་ཟད་འགྱུར་ཡོད་པའང་གསལ།
གཞན་ཡང་། འདི་རིགས་ནི་ཨི་ལྡན་གྱི་རྣམ་དབྱེའི་ཐོབ་ཐང་དང་འདྲ་བར་སྦྱར་དགོས་པས། མཐའ་མེད་ཀྱི་མཐར་ཡི་སྒྲ་མ་གཏོགས་གི་སྒྲ་མི་ཐོབ།
ཡང་དེ་དག་གི་མཐར། འབྲི་གིན་ཡོད། འཐུང་གིན་ཡོད། ཅེས་གིན་སྒྲ་སྦྱོར་བའང་མཐོང་མོད། དེ་དག་ལ་གིན་སྒྲ་མི་ཐོབ་པར་མ་ཟད། གི་དང་གིན་གཉིས་ལའང་ཁྱད་པར་ཆེ་སྟེ། དཔེར་ན། འཐུང་གི་ཡོད། འཐུང་གིན་བཤད། ཅེས་པའི་སྔ་མ་ནི་ཇ་སོགས་འཐུང་བའི་བྱ་བ་བྱེད་བཞིན་པ་ཙམ་དང་། ཕྱི་མ་ནི་ཇ་འཐུང་ཞོར་དུ་སྐད་ཆ་བཤད་པ་སྟེ་བྱ་བ་གཉིས་ལྷན་ཅིག་ཏུ་བྱེད་པ་སྟོན་པས་ཁྱད་ཆེ། ཕྱི་མ་ནི་ད་དུང་དཔེར་ན། ཇ་འཐུང་གིན་འཐུང་གིན་སྒྲུང་གཏམ་ཤོད་ཀྱིན་ཤོད་ཀྱིན་བྱས། ལྟ་བུ་དང་། ལུས་ཀྱིས་ཕྱག་འཚལ་གྱིན་ངག་ནས་གསོལ་བ་འདེབས། ཞེས་པ་ལྟ་བུ་སོགས་མང་སྟེ། མདོར་ན། ལམ་རིམ་ཆེན་མོར། སྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན་ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། ཅེས་གསུངས་པའི་སྦྱོར་ཚུལ་འདིས་མཚོན་ནོ།།
དེ་དང་དེ་འདྲ་བའི་དག་བཅོས་བྱེད་དགོས་པ་མང་ནའང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱ། འགྲེལ་བཤད་དེ་དག་ལས་རེ་ཟུང་ནི་སྔར་དྲ་ཐོག་ཏུ་རྩོམ་གྱི་ཚུལ་དང་མཆན་གྱི་ཚུལ་དུ་སྤེལ་ཟིན་ནའང་འདིར་གལ་ཆེ་བས་བསྐྱར་བཅོས་གང་འོས་བགྱིས་ཏེ་ཕྱོགས་གཅིག་ཏུ་བཀོད་པའོ།།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༧ ལ།
འབྲིང་བ་འཇིགས་མེད་ལགས། བཀའ་དྲིན་ཆེ།
བཀའ་དྲིན་ཆེ། འབྲིང་བ་འཇིགས་མེད་ལགས། ད་དུང་ཤུགས་རྒྱོབས་དང་། རང་རེའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གང་ལེགས་དང་། འཐུས་ཚང་ཡོང་བར་བསམ་སྦྱོར་གཉིས་ཀྱིས་སྒོ་ནས་ཞབས་འདེགས་ཞུ་འདོད་ན། དངོས་གནས་གོང་གི་གནད་འགག་དེ་དང་དེ་འདྲ་དག་ལའང་སྣང་མེད་དུ་མི་གཏོང་བར་ངོས་འཛིན་ངེས་པར་ཐུབ་དགོས་ལ། མངོན་པར་བསྟོད་དགོས་པའང་ལོས་ཡིན།། 🙏🏽🙏🏽🙏🏽
ཡག་པོ་བྲིས་འདུག བཀའ་དྲིན་ཆེ།
བརྡ་སྤྲོད་ཚིག་རྒྱན་སྙན་སུམ་་རྟགས་འཇུག་སོགས་།
མཁས་པའི་རྣམ་དཔྱོད་མི་དམངས་རྟོགས་པར་དཀའ་།
ཤེས་ཡོན་སློབ་གསོའི་མདུན་ལམ་ཡངས་པོ་རུ་།
རང་རིགས་ན་གཞོན་ཁོག་ཏུ་ཆུབ་ལ་ཟབ་།
འབྲིང་བ་འཇིགས་མེད་ལེགས་ཀྱིས་བརྡ་སྤྲོད་དང་མི་མཐུན་པའི་ཚིག་བརྗོད་མང་པོ་ཞིག་བྲིས་པར་དགའ་བསུ་ཞུ།
ཤེས་བྱ་དུས་དེབ་ཏུ་༧གོང་ས་མཆོག་གིས་བཀའ་སློབ་སྩལ་བ། ཞེས་དང་། བགྲོ་གླེང་ཐེངས་གཉིས་པ། ཞེས་དང་། ཤེས་ཡོན་རྐྱང་པས་འདང་གི་མེད། ཅེས་པ་དག་མ། སྩོལ་གྱི་འདས་ཚིག་སྩལ་བ་དང་། འདང་། ཐེངས་ཞེས་པ་རྣམས་ དག་པ་ཡིན་ནམ། མ་ཡིན་ན། གང་ལ་བརྟེན་ནས་བྱུང་ངམ། ཞེས་དྲི་བ་ལགས་སོ།
ཅེས་པ་དག་མ། ཞེས་པ་དེ། ཅེས་པ་ལས ཞེས་ཞུས་དག་བྱས་སོ།།
འབྲིང་བ་འཇིགས་མེད་མཆོག་ལ་ཐུགས་རྗེ་ཆེ་ཞུ། བློ་སྐྱེད་རང་དུ་འདུག ད་དུང་ཡང་འདི་འདྲའི་རིགས་མང་ཙམ་སྤེལ་བའི་རེ་འདུན་ཞུ། དེང་སང་གནད་འགག་འདི་དང་འདི་འདྲ་གླེང་སློང་ཧ་ཅང་མཁོ་བ་ཞིག་ཆགས་ཡོད།
གོང་གི་བཤད་བཤད་བྲིས་བྲིས་བོ་ཚང་མ་ལ་བདེན་ཁ་སྟེར་མི་ཐུབ་ཀི། རྡོ་རྗེ་གཅོད་པའི་སྒྲུང་ཟེར་བ་ཞིག་གོ་ཨེ་ཡོད། དེ་འདྲ་འདྲ་བ་ལ། ཧ་ཧ་ཧ།
འབྲིང་བ་འཇིགས་མེད་ལགས་ཀྱིས།
་
༡ ཡིན་ནའི་མ་རེད། ཡིན་ནའང་རེད།
༢ བཀྲ་ཤིས་མཉམ་དུ་ཁྲོམ་ལ་ཕྱིན།་ལ། བཀྲ་ཤིས་དང་མཉམ་དུ་་་་་་
༣ དྲུང་ཡིག་བརྒྱུད་ནས་ཞུས། ལ། དྲུང་ཡིག་གི་བརྒྱུད་ནས་ཞུས།
༤ ཟམ་པ་མེད་བརྟེན་འགྲོ་མ་ཐུབ། ལ།ཟམ་པ་མེད་བརྟེན་འགྲོ་མ་ཐུབ
༥ ཁོང་གིས་རང་མི་རིགས་ཀྱི་དར་རྒུད་གླེང། ལ། ཁོང་གིས་རང་གི་མི་རིགས་ཀྱི་དར་རྒུད་གླེང།
༦ བཀྲ་ཤིས་འབོད་པའི་སློབ་མ་ཞིག ལ། བཀྲ་ཤིས་སུ་འབོད་པའི་སློབ་མ་ཞིག
༨ ཡོག་རེད། ལ། ཡོད་རེད།
༩ ། སློབ་བུ་བློ་བཟང་གིས་སློབ་གྲོགས་ཕུན་ཚོགས་ཀྱི་ལྷན་དུ་རི་མོ་བྲིས།
༡༠ ༼བདེན་མཐའ་སེལ།༽ བོད་དོན་བདེན་མཐའ་གསལ་ཞེས་པའི་ཚིག་འདིའི་གསལ་ལ་བསལ་དང་སེལ་འབྲི་མཁན་ཁ་ཤས་ཡོང་གི་འདུག
༡༢ ༼ དགེན།༽ འདི་ནི་དགེ་བའི་བཤེས་གཉེན་ནམ་དགེ་རྒན་ལ་སྦྱོར་བཞིན་པ་སྟེ། ་་་་་་། རྒན། དགེ་གསུམ་ལས་དགེ་ཞེས་འབྲི་བ་འདི་འཐད་ལྡན་དུ་སྣང་།
་
འདི་ཡི་བར་ལ། རྒྱབ་སྐྱོར་ཡོད།
་
༡༣ ༼ཀྱི་གི་གྱི་་་་ཀྱིན་གིན་གྱིན་༽ ་་་་་་་་་་་ འདི་ལ་རྒྱབ་སྐྱོར་བྱེད་འདོད་མེད། ངས་དེ་རིང་འདིར་སྣང་མེད་བཞག་དགོས་བྱུང་།
ངས་དེ་རིང་འདིར་སྣང་མེད་བཞག་དགོས་བྱུང་།
འདི།
ངས་དེ་རིང་འདིར་སྣང་མེད་དུ་བཞག་དགོས་བྱུང་།
རྒྱུ་མཚན་ནི། གི་ཀྱི་གྱི་ཡི་འི། བགྱིད་དང་བགྱི། གིན་ཀྱིན་གྱིན་ཡིན་འིན་ལ། བགྱིན་གཅིག་གིས་མཐུས་དགོས་པར་གསར་གཏོད་དགོས་པས་སོ།། །།
དེང་སང་གཞུང་འབྲེལ་(ཤེས་བྱ།)ཚགས་ཤོག་ལ་ཡིག་ནོར་མང་པོ་འདུག
ལྷག་པར་ནང་དོན་རིག་པའི་ནང་བརྡ་ཆད་མང་པོ་ཞིག་ལ་མ་ཤེས་བཞིན་དུ་ཕབ་པ་མང་།
༣ ༼ཀྱི་གི་གྱི་་་་ཀྱིན་གིན་གྱིན་༽ དཔེར་ན། འབྲི་གི་ཡོད། ཟ་གི་ཡོད། འགྲོ་གི་ཡིན། ཉོ་གི་མིན། ལྟ་གི་མེད། ཅེས་སོགས་མཐའ་མེད་ཀྱི་མཐར་གི་སྒྲ་སྦྱོར་བ་ཤིན་ཏུ་མང་ཞིང། འདི་རིགས་ནི། ཇ་འཐུང་གི་ཡོད། སྤོས་བདུག་གི་ཡོད། ཆང་སྤང་གི་ཡིན། ཡོང་གི་མིན། ཞེས་པ་སོགས་ཀྱི་གི་སྒྲ་དང་འདྲ་བར་རྩི་བཞིན་ཡོད་ནའང་དེ་མི་འདྲ་སྟེ། ཇ་འཐུང་གི་ཡོད་དང་རི་མོ་འབྲི་གི་ཡོད་ཅེས་པ་གཉིས་ཡི་གེར་མ་ཕབ་གོང་ངག་ནས་བརྗོད་སྐབས་གི་ཡིག་སྔ་ཕྱིའི་སྒྲ་གདངས་ཅུང་ཟད་མི་འདྲ་བ་ནི་དབུས་སྐད་ཨམ་སྐད་གང་ལ་བརྟགས་ཀྱང་གསལ་པོ་ཡིན་པ་འདིས། གི་ཡིག་ཕྱི་མ་ནི་དོན་གྱིས་ཡི་ཡིག་ཡིན་པར་བསྟན་ཅིང་ཡི་ཡིག་གི་སྒྲ་ཅུང་ཟད་འགྱུར་ཡོད་པའང་གསལ།
གཞན་ཡང་། འདི་རིགས་ནི་ཨི་ལྡན་གྱི་རྣམ་དབྱེའི་ཐོབ་ཐང་དང་འདྲ་བར་སྦྱར་དགོས་པས། མཐའ་མེད་ཀྱི་མཐར་ཡི་སྒྲ་མ་གཏོགས་གི་སྒྲ་མི་ཐོབ།
བསམ་འཆར། འབྲི་གི་ཡོད། ཟ་གི་ཡོད། འགྲོ་གི་ཡིན། ཉོ་གི་མིན། ལྟ་གི་མེད། གོང་གི་གི་སྒྲ་དེ་དག་ནི་ཁོ་བོ་ལྟར་ན་བྱ་ཚིག་གི་ཚིག་གྲོགས་ཙམ་ལས་བརྡ་སྤྲོད་པའི་གཞུང་དུ་ཨི་ལྡན་གྱི་ཕྲད་འཇུག་པའི་སྒོ་གསུམ་གང་ཡང་མིན་པས་ཨི་ལྡན་གྱི་ཕྲད་སྦྱོར་ཚུལ་འདིར་འཁྱེར་མི་དགོས་སོ།། ཨི་ལྡན་གྱི་ཕྲད་འཇུག་པའི་སྒོ་གསུམ་ནི་འབྲེལ་སྒྲ་དང་། བྱེད་སྒྲ། མི་མཐུན་པའི་ཚིག་རྒྱན་བཅས་ཡིན།
གང་ལྟར་བྱེད་ཀྱི་ཡོད། སྤོས་བདུག་གི་ཡོད་ཅེས་སོགས་ཀྱི་སྲོལ་འདི་ཚོ་ཡང་བརྡ་སྤྲོད་པའི་གཞུང་ནང་མེད་པ་ནི་གསལ་པོ་རེད། དེ་ལས་སྤྱི་ལ་ཁྱབ་པའམ་བརྗོད་བདེ་བའི་དབང་དུ་བྱས་ནས་ཡོད་པ་འདི་དག་བཞག་ན་ལེགས་སྙམ་མོ།།
མདང་ ངས་ ཇ་ འཐུང་པ་ ཡིན།
དེ་རིང་ ངས་ ཇ་འཐུང་བགྱིད་ ཡོད།
སང་ཉིན་ ངས་ ཇ་ འཐུང་བགྱི་ ཡིན།
་
ཁྱོད་ཀྱིས་ ཇ་ འཐུང་པ་ རེད། འདས་པ།
ཁྱོད་ཀྱིས་ ཇ་ འཐུང་བགྱིད་ འདུག ད་ལྟ་བ།
ྱཁྱོད་ཀྱིས་ ཇ་ འཐུང་བགྱི་ རེད། མ་འོངས་པ།
་
ཁོས་ ཇ་ འཐུང་པ་ རེད།
ཁོས་ ཇ་ འཐུང་བགྱིད་ འདུག
ཁོས་ ཐཇ་ འཐུང་བགྱི་ རེད།
་
ཅེས་སོགས་བྲིས་ན། དེང་གི་སྐད་ལུགས་གཞན་ལྟར། ཁ་སྐད་ཀྱི་བོད་ཡིག་ཡི་གེ་གཟུགས་ཀྱིས་ཀྱང་། དུས་གསུམ་སྟོན་པ་ལ་ཕན་ཐོགས་ཡོད་རེད།
དེ་མིན། འགའ་ཞིག་གིས།
་
ང་འགྲོ་གི་ཡིན།
ང་འགྲོ་ཡི་ཡིན།
ང་འགྲོ་ཀི་ཡིན།
་
ང་འགྲོ་གྱི་ཡིན།
ང་འགྲོ་ཀྱི་ཡིན།
་
མི་རབས་གསར་པར་ཁུངས་གང་ལ་བཅོལ་ནས་སློབ་དགོས་རེད། ཀུན་གྱིས་ཐང་མ་གཅིག་ཙམ་མ་ཡིན་པར། ལན་མང་བསམས་ནས་རྟོག་དཔྱོད་བགྱིས་ན་ངས་འབྲི་སྟངས་དང་། ཤོད་སྟངས་འདི་ལ་ཁུངས་ཀྱང་མཐོང་ངེས། དོན་ལ་ཡང་ཕན་ཐོགས་མི་ཆེའམ། ལགས།
་ངས་འབྲི་སྟངས
འདི།
་ངའི་འབྲི་སྟངས
ཀ་རྡོ་གཉེར་ཕྱག་པ་ལགས།
གི་དང་གིན་སོགས་ཀྱི་ཚབ་ལ་བགྱི་དང་བགྱིད་དང་བགྱིན་འབྲི་སྲོལ་མེད། གི་དང་གིན་སོགས་ནི་ཚིག་ཕྲད་ཡིན་ལ། བགྱི་དང་བགྱིད་ནི་བྱ་ཚིག་ཡིན་པས་གཏན་ནས་མི་འདྲ། བགྱིན་ཟེར་བ་ཞིག་བོད་ཡིག་ནང་མེད།
ཇ་འཐུང་ལྟ་བུའི་འཐུང་གི་དུས་གསུམ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་ན་འདས་པར་བཏུངས། ད་ལྟ་བར་འཐུང་། མ་འོངས་པར་བཏུང་། སྐུལ་ཚིག་ལ་འཐུངས་ཞེས་འབྲི། དེ་ནི་འཐུང་མཁན་ང་དང་ཁྱོད་དང་ཁོ་སྟེ་གང་ཟག་དང་པོ་གཉིས་པ་གསུམ་པ་སུ་ལ་སྦྱར་ཡང་ཁྱད་མེད།
གོང་དཀར་ངག་རྣམ་ལགས།
འབྲི་གི་ཡོད། ཟ་གི་ཡོད། སོགས་ལ་གི་དང་ཡི་གང་སྦྱོར་དགོས་མིན་བརྡ་སྤྲོད་གཞུང་དུ་མེད་ཅེས་མུ་མཐུད་ནོར་བ་རྒྱུན་འབྱམས་སུ་བྲིས་ན་ག་ལ་འགྲིག སྐད་ལ་ཞིབ་འཇུག་བྱས་ནས་མ་ནོར་བ་ཞིག་འབྲི་ཐུབ་ཐབས་ལ་འབད་དགོས་པ་ནི་ང་ཚོ་ཀུན་གྱི་ལས་འགན་ཡིན། གཞན་ཡང་། བུམ་པ་ནི་མི་རྟག་པ་ཡིན་གྱི། རྟག་པ་མ་ཡིན་ནོ། ཞེས་པའི་གྱི་སྒྲ་འདི་རིགས་སུམ་ཅུ་པའི་རྩ་བར་དངོས་སུ་གསུངས་མེད་ཀྱང་འགྲེལ་མཛད་རྣམས་ཀྱིས་ཨི་ལྡན་གྱི་རྣམ་དབྱེའི་སྐབས་ཁ་སྐོང་གི་ཚུལ་དུ་གསུངས་ཡོད་པ་ལྟར་དགོས་ངེས་རྣམས་ཁ་སྐོང་བྱས་ནའང་སྐྱོན་མེད་སྙམ། གྲོགས་པོ་ལགས།
ལགས་རེད།
ཁོ་བོ་ནི་བདེན་གྱི་གཞན་གྱི་རྫུན་ནོ་ཞེས་པ་ཨི་ལྡན་མི་མཐུན་པའི་རྒྱན་དུ་འཇུག་པ་ནི་བཀའ་བསྟན་གྱི་གཞུང་ཆེན་མོ་རྣམས་སུ་གྲགས་པ་ཞིག་མུ་ཏིག་ཕྲེང་མཛེས་སོགས་སུ་བཀོད་པ་ཙམ་རེད་མ་གཏོགས་ཞིབ་འཇུག་གཏིང་ཟབ་གནང་ནས་ཕྱིས་ཀྱི་བརྡ་སྤྲོད་པའི་བྱས་རྗེས་གང་ཡང་མ་རེད་སྙམ། གཅིག་བྱས་ན་ཐོན་མིའི་གཞུང་དྲུག་བརླགས་པ་དེ་ཚོའི་ནང་འདིའི་སྐོར་ཡོད་ཤས་ཆེ།
འོན་ཏེ། (འབྲི་གི་ཡོད། ཟ་གི་ཡོད། འགྲོ་གི་ཡིན། ཉོ་གི་མིན། ལྟ་གི་མེད། )འདི་ཚོ་ནི་བཀའ་བསྟན་སྤྱི་དང་བོད་ཀྱི་མཁས་པ་ཚད་ལྡན་རྣམས་ཀྱི་གཞུང་ནང་འཐོན་རྒྱུ་མེད་པའི་རྒྱུན་སྤྱོད་ཀྱི་འབྲི་སྲོལ་ཤུགས་ཆེ་བ་ཞིག་རེད།
བྱས་ཙང་འདི་ཚོ་མཐའ་གཅིག་ཏུ་ནོར་བ་རྒྱུན་འབྱམས་རེད་ཅེས་ལབ་མི་ཐུབ་སྙམ། ལར་ནས་དེང་སང་གི་སུམ་རྟགས་ལ་སྐོར་ལ་འབྲི་མཁན་དེ་ཚོས་འདི་ཚོར་གསལ་བཤད་དང་དོ་སྣང་བྱེད་ཀྱི་མི་འདུག ངས་བྱས་ན་འདི་ཚོ་གལ་ཆེན་པོ་རེད། ངས་ནི་བརྗོད་བདེ་བ་དང་ཁ་ལ་འཇགས་ཤུགས་ཆེ་བའི་འབྲི་སྲོལ་དེ་ཚོ་ཡང་གལ་ཆེར་བརྩི་གི་ཡོད།
#17 འཇིགས་མེད། ་ལགས་ཀྱིས་སྤེལ་དོན།:
August 30th, 2016 at 11:12 am
ཀ་རྡོ་གཉེར་ཕྱག་པ་ལགས།
གི་དང་གིན་སོགས་ཀྱི་ཚབ་ལ་བགྱི་དང་བགྱིད་དང་བགྱིན་འབྲི་སྲོལ་མེད། པ་དེ་ང་ཆུང་དུས་ནས་ཤེས། འབྲི་སྲོལ་དགོས་པ་ངས་ཉམས་མྱོང་བསགས་ནས་ལེགས་བསྐྱེད་དུ་ཕུལ་བ་ཡིན། ལེགས་བཤད་དུ་ག་མ་ཨ་ར་པ་ཙ་མང་འདོན་ན་ཤེས་ཀྱང་སྲིད།
མདང་ ངས་ ཇ་ འཐུང་པ་ ཡིན།
དེ་རིང་ ངས་ ཇ་འཐུང་བགྱིད་ ཡོད།
སང་ཉིན་ ངས་ ཇ་ འཐུང་བགྱི་ ཡིན།
་
ཁྱོད་ཀྱིས་ ཇ་ འཐུང་པ་ རེད། འདས་པ།
ཁྱོད་ཀྱིས་ ཇ་ འཐུང་བགྱིད་ འདུག ད་ལྟ་བ།
ྱཁྱོད་ཀྱིས་ ཇ་ འཐུང་བགྱི་ རེད། མ་འོངས་པ།
་
ཁོས་ ཇ་ འཐུང་པ་ རེད།
ཁོས་ ཇ་ འཐུང་བགྱིད་ འདུག
ཁོས་ ཐཇ་ འཐུང་བགྱི་ རེད།
བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་དེབ་གླེང་གཞི་ཅན་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ཟེར་བས་ཁོང་གི་ངོ་དེབ་ཏུ་གཤམ་གྱི་རྩོམ་འདི་སྤེལ་འདུག འདི་ལ་དགོངས་ཚུལ་ཅི་ཡོད།
༼ད་རེས་ཕྲན་གྱི་ངོ་དེབ་དེ་བརྒྱུད་ནས་གསལ་བཤད་ཅིག་ཞུ་འདོད་བྱུང་། གང་ཡིན་ཞེ་ན། ཁ་སེང་རེས་གཟའ་
ལྷག་པར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་ལགས་ནས་ཉེ་ཆར་བྱང་ཨ་མེ་རི་ཀའི་
རེས་གཟའ་ཉི་མའི་གཟའ་མཇུག་གི་བོད་ཡིག་སློབ་དེབ་གསུམ་དངོས་སུ་དཔར་འགྲེམས་བྱས་པའི་གནད་དོན་གྱི་
ཐོག་ལ་ཁོང་སྐུ་སྒེར་གྱི་དགོངས་ཚུལ་ཞིག་གསུངས་གནང་སོང་། སློབ་དེབ་དེ་རྣམས་གཙོ་བོ་ཕྲན་ནས་རྩོམ་སྒྲིག་
འགན་ཁུར་བྱས་པ་ཞིག་ཡིན་ཀྱང་། དེ་མཉམ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འབྲེལ་ཡོད་དགེ་རྒན་མི་ཉུང་
བ་ཞིག་ནས་སློབ་ཁྲིད་དངོས་ཀྱི་ནང་དུ་བེད་སྤྱོད་དང་། བསྐྱར་ཞིབ་རིམ་པ་ཞིག་གནང་ནས་ཐུགས་གཏན་འཁེལ་
བ་ཞིག་ཡིན་པ་མ་ཟད། ལྷག་དོན་དབུས་ཤེས་རིག་ལས་ཁུངས་ནས་ཐུགས་འགན་བཞེས་ནས་བསྐྱར་ཞིབ་དང་
གཏན་འབེབས་ཚོགས་ཆུང་ཞིག་དམིགས་བསལ་བཙུགས་གནང་ནས་མཐའ་མའི་དཔར་འགྲེམས་ཞུས་པ་ཞིག་
རེད། གཏན་འབེབས་ཚོགས་ཆུང་དེའི་ནང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་གངས་ཅན་བོད་ཀྱི་སྐད་
དང་ཡི་གེར་སྐུ་ཚེའི་རིང་ཕྱག་ལས་དང་སློབ་ཁྲིད་གནང་མྱོང་ཡོད་པའི་མཁས་པ་མི་བརྒྱད་ནས་ཞུ་དག་གནང་
ནས་ཐོན་པའི་སློབ་དེབ་ཅིག་ཆགས་ཡོད་པ་རེད།
དེ་བཞིན་རྩོམ་སྒྲིག་པ་རང་ཉིད་གཙོས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་ཁག་རྩོམ་སྒྲིག་གནང་མཁན་
གྱི་འབྲེལ་ཡོད་མཁས་དབང་དང་དགེ་རྒན་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ང་ཚོའི་མི་རབས་རྗེས་མ་དེ་
ཚོར་བོད་ཀྱི་སྐད་དང་ཡི་གེའི་སྐོར་ངོ་སྤྲོད་ཁ་གསལ་ཞིག་བྱེད་རྒྱུར་འགན་འཁུར་ཡོད་པ་སྙིང་བཅངས་ཀྱིས་རྩོམ་
སྒྲིག་གི་ལས་ཀ་དྭང་བླངས་ཐོག་ཏུ་བྱས་དང་བྱེད་བཞིན་ཡོད་པ་རེད།
ཕྲན་ནི་དེ་སྔ་བོད་དུ་ཡོད་སྐབས་ནས་དགེ་རྒན་ཞིག་ཡིན་ལ། འདས་པའི་མི་ལོ་བཅོ་ལྔ་ཙམ་གྱི་རིང་དུ་ཨ་རིའི་
གཙུག་ལག་སློབ་གྲྭ་ཀོ་ལུམ་སྦི་ཡཱ་སློབ་གྲྭ་ཆེན་མོའི་(Columbia University) ནང་དུ་བོད་ཕྲུག་དང་བོད་པ་
མིན་པའི་ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་རང་རེའི་བོད་ཀྱི་སྐད་དང་ཡི་གེ་སློབ་ཁྲིད་བྱས་པའི་ཉམས་མྱོང་ཕྲན་བུ་ཡོད་
པ་ཞིག་ཡིན། སློབ་དེབ་དེ་རྣམས་ཀྱང་སློབ་ཁྲིད་ཀྱི་ཉམས་མྱོང་དངོས་ལ་གཞི་བཞག་ནས་རྩོམ་སྒྲིག་བྱས་པ་ཞིག་
ཆགས་ཡོད། ཡིན་ན་ཡང་། དེའི་ནང་དུ་སྐྱོན་ཆ་གཏན་གཏན་་ཡོད་སྲིད།
སྐབས་སུ་བབས་པའི་གནད་དོན་ཞིག་ལ་གསལ་བཤད་ཞུ་འདོད་ཡོད་པ་ནི། རྡོ་རྗེ་ཚེ་བརྟན་ལགས་ནས་སྔོན་
འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་ལ་སྐྱོན་ཆ་མེད་པ་ཞིག་གསུངས་པ་དང་། ཡིན་ནའང་། འཛིན་རིམ་
གཉིས་པའི་སློབ་དེབ་ཀྱི་ཤོག་གྲངས་ ༤༧ ནང་དུ་རྗོད་པ་ཚིག་གྲུབ་ཀྱི་དུས་གསུམ་ངོ་སྤྲོད་བྱེད་པའི་སྐབས་སུ།
ཁོང་ནས་ཚིག་ཐག་ཆོད་པོའི་ངང་ནས་བྱེད་སྒྲའི་ཕྲད་ “ས་” དེ་ངེས་པར་དུ་རྗོད་པ་ཚིག་གྲུབ་ཅིག་གི་དུས་ད་ལྟ་
བ་དང་། དུས་མ་འོངས་པ། དུས་འདས་པ་བཅས་ཀྱི་ཚིག་གྲུབ་ཚང་མར་ཡོད་དགོས་པ་བོད་ཀྱི་བརྡ་སྤྲོད་ནང་
དུ་གསལ་བ་གསུངས་ཤིང་། རྗོད་པ་ཚིག་གྲུབ་ “ང་ཁ་པར་གཏང་གི་ཡིན།” དང་། “ང་ཁ་པར་གཏོང་གི་ཡོད།”
“ངས་ཁ་པར་བཏང་བ་ཡིན།” བཅས་དཔེ་ལ་བཞག་ནས་གོང་གི་རྗོད་པ་ཚིག་གྲུབ་གསུམ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་
གཞུང་དང་མི་མཐུན་པ་གསུངས་སོང་།
སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་དེབ་གང་དུ་གཟིགས་ཀྱང་རྣམ་དབྱེ་གསུམ་པ་བྱེད་སྒྲ་བཤད་པའི་སྐབས། བྱེད་སྒྲའི་ཕྲད་
“ས་” དེ་དག་བྱེད་པ་པོས་བྱ་བ་གང་ཞིག་བྱས་ཚར་བ་སྟོན་ཞིང་། ཚིག་གྲུབ་བམ་དཔེར་བརྗོད་དེའི་ནང་གི་བྱ་
ཚིག་དེ་ཡང་དུས་འདས་པའི་བྱ་ཚིག་འབྲི་སྲོལ་ཡོད་པ་སྟེ། དཔེར་ན། བླ་མས་གསུངས། རས་ཀྱིས་བཏུམས།
གཡག་གིས་བརྡུངས་ལྟ་བུ་བྱ་ཚིག་ཚང་མ་དུས་འདས་པ་རེད། ད་བར་ཕྲན་ནས་བརྡ་སྤྲོད་ཀྱི་དེབ་ཐེར་དེ་ཚོའི་
ནང་དུ་རྗོད་པ་ཚིག་གྲུབ་ཅིག་གི་དུས་མ་འོངས་པ་དང་དུས་ད་ལྟ་བའི་བྱེད་པ་པོའི་རྗེས་སུ་ངེས་པར་དུ་བྱེད་སྒྲའི་
ཕྲད་ “ས་” འབྲི་དགོས་པ་མཐོང་མ་བྱུང་། གལ་སྲིད་བརྡ་སྤྲོད་ཀྱི་དེབ་དེ་འདྲ་ཞིག་ཡོད་ན། ཕྲན་ལ་ངོ་སྤྲོད་
གནང་རོགས། དེ་བཞིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྐྱོན་བཙུགས་གནང་བའི་རྗོད་པ་ཚིག་གྲུབ་དེ་རྣམས་ལ་ཆ་
བཞག་ན། “ང་ཁ་པར་གཏང་གི་ཡིན། ང་ཁ་པར་གཏོང་གི་ཡོད། ངས་ཁ་པར་བཏང་བ་ཡིན་” ཞེས་པའི་
དུས་མ་འོངས་པ་དང་། དུས་ད་ལྟ་བའི་ཚིག་གྲུབ་གཉིས་ལ་མཐའ་གཅིག་ཏུ་བྱེད་སྒྲའི་ཕྲད་ “ས་” སྦྱོར་དགོས་
མེད། ཡིན་ནའང་། སྐབས་རེ་འདྲི་བའི་ཚིག་ལ་བསྟུན་ནས་བྱེད་སྒྲའི་ཕྲད་ “ས་” སྦྱོར་དགོས་པའི་གནས་
སྟངས་ཤིག་དང་། སྦྱོར་མི་དགོས་པའི་གནས་སྟངས་རིགས་གཉིས་ཡོད་པ་སྟེ།
གལ་སྲིད་མི་གཉིས་ཕན་ཚུན་ཁ་བརྡ་བྱས་ནས་ཕ་རོལ་པོའི་མི་དེས་འདྲི་བའི་ཚིག་གྲུབ་དེ་ལྟར་ཞིག་བཤད་
སྐབས། གོང་གི་རྗོད་པ་ཚིག་གྲུབ་དེར་བྱེད་སྒྲའི་ཕྲད་ “ས་” སྦྱོར་དགོས་དོན་མེད།
འདྲི་བ། སང་ཉིན་ཁྱེད་རང་ག་རེ་བྱ་གི་ཡིན་པཱ།
ལན། སང་ཉིན་ང་(བོད་ལ་)ཁ་པར་གཏང་གི་ཡིན།
འདྲི་བ། ད་ལྟ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་པཱ།
ལན། ད་ལྟ་ང་(བོད་ལ་)ཁ་པར་གཏོང་གི་ཡོད། ཞེས་འདྲི་བ་དྲི་མཁན་ནས་ཚིག་གྲུབ་དེའི་ནང་གི་བྱེད་
པ་པོ་དེ་སུ་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད་པས། བྱེད་པ་པོའི་རྗེས་སུ་བྱེད་སྒྲའི་ཕྲད་ “ས་”སྦྱོར་བའི་
དགོས་པ་མེད།
གལ་སྲིད་མི་གཉིས་ཕན་ཚུན་ཁ་བརྡ་བྱས་ནས་ཕ་རོལ་པོའི་མི་དེས་འདྲི་བའི་ཚིག་གྲུབ་དེ་ལྟ་བུ་ཞིག་བཤད་སྐབས།
གོང་གི་རྗོད་པ་ཚིག་གྲུབ་དེར་བྱེད་སྒྲའི་ཕྲད་ “ས་” ངེས་པར་དུ་སྦྱོར་དགོས་ཡོད་པ་རེད།
འདྲི་བ། སང་ཉིན་སུས་(བོད་ལ་)ཁ་པར་གཏང་གི་ཡིན་པཱ།
ལན། སང་ཉིན་ངས་(བོད་ལ་)ཁ་པར་གཏང་གི་ཡིན།
འདྲི་བ། ད་ལྟ་སུས་(བོད་ལ་)ཁ་པར་གཏོང་གི་ཡོད།
ལན། ད་ལྟ་ངས་(བོད་ལ་)ཁ་པར་གཏོང་གི་ཡོད། ཞེས་འདྲི་བ་དྲི་མཁན་ནས་ཚིག་གྲུབ་དེའི་ནང་གི་བྱེད་
པ་པོ་དེ་སུ་ཡིན་མིན་གསལ་པོ་མ་ཤེས་པའི་གནས་སྟངས་འོག་ཏུ་བྱེད་སྒྲའི་ཕྲད་ “ས་” སྦྱར་ནས་བྱེད་
པ་པོ་དེ་སུ་ཞིག་ཡིན་མིན་གསལ་པོ་མངོན་དགོས་ཡོད་པ་རེད།
གོང་གསལ་གྱི་ཚིག་གྲུབ་དེ་གཉིས་ལ་བྱེད་སྒྲའི་ཕྲད་ “ས་” ཡོད་མེད་ཀྱི་ཁྱད་པར་དེ་དག་བོད་ཀྱི་བརྡ་སྤྲོད་གཞུང་
ལ་འགྲེལ་བཤད་གསལ་པོ་རང་མེད། ཡིན་ནའང་། བྱ་ཐབས་དེ་ལ་མངོན་པར་བྱེད་པའི་ཕྲད་ (to emphasize
the subject) ཅེས་ནུབ་ཕྱོགས་ཀྱི་སློབ་ཕྲུག་ཚོར་དེ་ལྟར་འགྲེལ་བཤད་རྒྱག་དགོས་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་ཞུས་ན། བྱང་ཨ་རིའི་གཟའ་མཇུག་གི་སློབ་དེབ་དེ་རྣམས་རྩོམ་སྒྲིག་བྱེད་རྒྱུའི་དམིགས་
ཡུལ་གཙོ་བོ་ནི་ཐོག་མར་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་འཚར་ལོངས་བྱས་དང་བྱེད་བཞིན་པའི་བོད་ཕྲུག་
ཚོས་བོད་སྐད་གཙང་མ་ཞིག་རྒྱག་ཐུབ་ཐབས་དང་། དེ་ནས་རིམ་བཞིན་བོད་ཡིག་ལ་ལྟ་ཀློག་ཡོང་ཐུབ་པ་བྱེད་
རྒྱུ་དེ་རེད། བྱས་ཙང་། སློབ་དེབ་རྣམས་དེང་སྐབས་ཀྱི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཁ་སྐད་དང་གང་ཐུབ་ཐུབ་
བསྟུན་ཐབས་བྱས་ཡོད།
རྡོ་རྗེ་ཚེ་བརྟན་ལགས་ནས་གསུངས་པ་ལྟར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་རྩ་འཛིན་བྱེད་རྒྱུ་དེ་དངོས་གནས་
གལ་ཆེན་པོ་རེད། ཡིན་ན་ཡང་། བོད་ཀྱི་བརྡ་སྤྲོད་ལ་ངོ་སྤྲོད་དང་སློབ་ཁྲིད་བྱེད་སྟངས་ཐད་བསྒྱུར་བཅོས་
ཕྲན་བུ་ཞིག་བྱེད་དགོས་པ་ཡང་མཐོང་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ་བྱེད་སྒྲའི་ཕྲད་ “ས་” བེད་
སྤྱོད་བྱེད་རྒྱུར་འདོད་མོས་ཆེ་དྲགས་ནས། རྒྱུན་ལྡན་ཕན་ཚུན་སྐད་ཆ་བཤད་སྐབས་བོད་པ་མི་ཉུང་བ་ཞིག་ནས་
རྗོད་པ་ཚིག་གྲུབ་ནང་གི་བྱེད་པ་པོ་དེར་བྱེད་སྒྲའི་ཕྲད་གཉིས་ཟུང་དུ་འབྲེལ་ནས་སྤྱོད་པ་དཔེར་ན།
ངས་གིས་ཁ་པར་བཏང་བ་ཡིན། ལྟ་བུ་བྱེད་སྒྲའི་ཕྲད་ “ས་” དང་ “གིས་” གཉིས་མཉམ་དུ་བེད་སྤྱོད་བྱེད་སྲོལ་
ཡོད་པ་དེ་དང་། གཞན་ཞིག་ནི་ཚིག་གྲུབ་ཅིག་གི་དུས་གསུམ་བྱ་ཚིག་དེ་དག་ཏག་ཏག་ཅིག་བེད་སྤྱོད་མ་བྱས་
པ་མ་ཟད། ཕྲད་ “པ་” དང་ “བ་” གཉིས་རྩ་བ་ནས་བེད་སྤྱོད་མེད་པ་བཟོས་པ་དཔེར་ན།
ངས་བོད་ལ་འགྲོ་ཡིན། (ངས་བོད་ལ་ཕྱིན་པ་ཡིན།) ངས་ལས་ཀ་བྱེད་ཡིན། (ངས་ལས་ན་བྱས་པ་ཡིན།)ལྟ་བུ་བོད་ཀྱི་ཡུལ་
ལུང་གང་ཞིག་གི་སྐད་ལ་མེད་པའི་སྐད་ཆ་བཤད་སྟངས་དེ་རིགས་ནི་དངོས་གནས་བོད་ཀྱི་བརྡ་སྤྲོད་གཞུང་ལ་
བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ངན་པ་ཞིག་ཡིན་པ་མཐོང་། དེའི་ཐད་མི་རེ་ངོ་རེས་ཡིད་གཟབ་
གནང་རྒྱུ་གལ་ཆེན་པོ་རེད་སྙམ།༽
སྣང་གསལ་བསྟན་འཛིན་ནོར་བུས་གཟའ་བཤད་སྨྱོ་བཤད་ལུང་པ་བཀང་བཤད་འདུག མ་གཞི་ཁོས་སུམ་རྟགས་ཡག་པོ་ཞིག་སྦྱངས་མྱོང་མེད་པ་འདྲ། དགེ་རྒན་ལོ་མང་བྱེད་པ་ལ་ཧ་ལས་པ་ག་རེ་ཡོད། གཙོ་བོ་སློབ་སྦྱོང་གི་ཚད་གཞི་ལོན་དགོས་བ་རེད་མ་གཏོགས་ཨ་རིའི་སློབ་གྲྭ་ག་གེ་མོ་ཞིག་ནས་བོད་སྐད་ཡིག་ཁྲིད་པ་ལ་ཡ་མཚར་བ་དང་ཧ་ལས་བ་གང་ཡང་ཡོད་པ་མ་རེད། ཕྱི་གླིང་བར་སྐད་ཡིག་ཁྲིད་པ་ལ་སློབ་ཆུང་སློབ་མ་ཞིག་ཡིན་ནའང་འཐུས་གི་རེད། མ་གཞི་ཁྱོད་དྲ་སྟེང་ན་ཡོད་ན་ངས་ཁྱོད་ལ་སྐད་གཏོང་གི་ཡོད། ཚུར་ཤོག་དང་ངས་ཁྱོད་ལ་སུམ་རྟགས་ཙམ་གྱི་ཤེས་ཚད་ཙམ་ཞིག་་ཡོད་མེད་བལྟ་དགོས་འདུག
གོང་དཀར་ངག་རྣམ་གྱིས། “དོ་སྣང་བྱེད་ཀྱི་མི་འདུག་” ཅེས་ “ཀྱི་” ཡིག་བྲིས་པ་འདིས་ཁྱེད་རང་གིས་ཀྱང་ཨི་ལྡན་གྱི་རྣམ་དབྱེའི་ཐོབ་ཐང་ལྟར་སྦྱོར་བཞིན་པ་གསལ་བས། ད་ནི་མཐའ་མེད་ལ་”ཡི་” སྦྱར་ན་ཐོབ་ཐང་སོགས་མང་པོ་ཞིག་དང་མཐུན་པས་འགྲིག་འདུག གཞན་མང་པོ་མི་བཤད། དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ། ཀ་རྡོ་གཉེར་ཕྱག་པས་བློ་སྐྱེད་གནང་བ་ཡང་ཐུགས་རྗེ་ཆེ། ད་མུ་མཐུད་བྲིས་ན་རྩོད་པ་ཙམ་དུ་འགྱུར་བ་ལས་དགོས་པ་མ་མཐོང་། བདེ་མོ།
་་་་་་་་ ཀ་རྡོ་གཉེར་ཕྱག་པས་བློ་སྐྱེད་གནང་བ་ཡང་ཐུགས་རྗེ་ཆེ། ད་མུ་མཐུད་བྲིས་ན་རྩོད་པ་ཙམ་དུ་འགྱུར་བ་ལས་དགོས་པ་མ་མཐོང་། བདེ་མོ། ་་་་་་་
་་་་་་་་་ ངས་གིས་ཁ་པར་བཏང་བ་ཡིན། ་་་་་་་་་ འདི་ནི་ནོར་བ་ཆེན་པོ་རེད།
ངས་བྱས་ན། འདི་ལྟར་དགོས་སྟེ།
་
དྲི་བ། སང་ཉིན་ཁྱེད་རང་ག་རེ་བྱ་བགྱི་ཡིན་པེ།
ལན། སང་ཉིན་ང་(བོད་ལ་)ཁ་པར་བཏང་བགྱི་ཡིན།
་
དྲི་བ། ད་ལྟ་ཁྱེད་རང་ག་རེ་བྱེད་བགྱིད་ཡོད།
ལན། ད་ལྟ་ང་(བོད་ལ་)ཁ་པར་གཏོང་བགྱིད་ཡོད།
་
དྲི་བ། སང་ཉིན་སུས་(བོད་ལ་)ཁ་པར་བཏང་བགྱི་ཡིན་པེ།
ལན། སང་ཉིན་ངས་(བོད་ལ་)ཁ་པར་བཏང་བགྱི་་ཡིན།
་
དྲི་བ། ད་ལྟ་སུས་(བོད་ལ་)ཁ་པར་གཏོང་བགྱིད་ཡོད་རེད།
ལན། ད་ལྟ་ངས་(བོད་ལ་)ཁ་པར་གཏོང་བགྱིད་ཡོད།
སྣང་གསལ་བསྟན་འཛིན་གྱིས་ལྷ་སའི་ཁ་སྐད་དུ་ “ང་” ལ་ད་ལྟ་བ་དང་མ་འོངས་པའི་སྐབས་བྱེད་སྒྲ་མི་སྦྱོར་ཚུལ་གསུངས་པ་ནི་བདེན། འོན་ཀྱང་སྤྱིར་བརྡ་སྤྲོད་གཞུང་དུའང་དེ་ལྟར་ཡིན་ཚུལ་གསུངས་པ་ནི་ནོར་བ་རང་རེད། དེ་ནི། སི་ཏུའི་འགྲེལ་ཆེན་ནང་གི་དཔེར་བརྗོད། བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ། ཅེས་པ་འདི་གཅིག་པུས་ཀྱང་ཤེས། དེས་ན་ཁ་སྐད་སློབ་སྐབས་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་སློབ་པ་ལས་བོད་ཀྱི་སྤྱི་སྐད་སློབ་པ་མིན་པས་ཡུལ་ལུང་གང་ཡིན་དེའི་ཁ་སྐད་དང་བསྟུན་ནས་བསླབ་རྒྱུ་ལས་མེད། ཡིག་སྐད་སློབ་སྐབས་བོད་ཀྱི་སྤྱི་སྐད་སློབ་པ་ཡིན་པས་བརྡ་སྤྲོད་དང་མཐུན་པར་བསླབ་དགོས་པ་ལས་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་དང་བསྟུན་མི་རུང་བ་ནི་གནད་ཀྱི་དོན་པོར་མཐོང་། ཨ་རིའི་གཟའ་མཇུག་སློབ་དེབ་ནི་དོན་དངོས་སུ་ལྷ་སའི་ཁ་སྐད་སློབ་དེབ་ཅིག་ཡིན་པ་འདྲ་མོད། ཁ་སྐད་སློབ་དེབ་བཟོས་ན་ཕན་ལས་གནོད་ཆེ་ཚུལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ཡིན་པས། སློབ་དེབ་དེ་བརྡ་སྤྲོད་དང་མཐུན་པར་བཅོས་ན་ལེགས་སོ།།
་་་་་་་་་ ངས་གིས་ཁ་པར་བཏང་བ་ཡིན། ་་་་་་་་་
འདི།
ངས་ ཁ་པར་ བཏང་པ་ ཡིན།
ང་ཡིས་ ཁ་པར་ བཏང་པ་ ཡིན།
་
་་་་་་་་་ ངས་གིས་ཁ་པར་བཏང་བ་ཡིན། ་་་་་་་་་ འདི་ལ་ནོར་འཁྲུལ་གསུམ་འདུག་གདའ།