རྩོམ་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།
དང་པོ། བོད་དང་བོད་སྐད་ཀྱི་དབྱེ་བ།
དེ་ཡང་བོད་དང་བོད་སྐད་ཅེས་པ་ནི་མདོ་དབུས་ཁམས་གསུམ་གྱི་བསྡུས་པའི་བོད་མི་ཡོངས་དང་དེའི་ཡུལ་མི་ཡོངས་ཀྱི་སྐད་ཆ་ཡོད་ཚད་ལ་ཟེར་ཞིང་། དེ་ཡང་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་དང་མདོ་ལ་གཉིས་ཀྱི་མིང་གཅིག་ཏུ་བསྡོམས་པའི་མན་ཆད་ལ་འཚོ་སྡོད་བྱེད་པའི་ཨ་མདོ་པ་སྟེ་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཕུད་པའི་ས་ཆ་གཞན་དག་དང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་དང་སུ་ཁྲོན་ཞིང་ཆེན་གྱི་རྔ་བ་སོགས་པའི་བོད་རིགས་རྣམས་དང་། དེའི་ཡུལ་མིའི་སྐད་ཆ་དང་ད་ལྟའི་མཚོ་སྔོན་གྱི་ཡུལ་ཤུལ་དང་ཡོན་ནན་གྱི་བདེ་ཆེན་དང་སུ་ཁྲོན་གྱི་དཀར་མཛེས་དང་བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ་སོགས་ཀྱི་ས་ཆར་འཚོ་སྡོད་བྱེད་པའི་ཁམས་པ་དང་དེའི་ཡུལ་མིའི་སྐད་ཆ་དང་། ད་ལྟའི་མངའ་རིས་དང་གཞིས་རྩེ་དང་ལྷོ་ཁ་ལྷ་ས་ཉིང་ཁྲི་སོགས་ལ་འཚོ་སྡོད་བྱེད་པའི་དབུས་པ་དང་དེའི་ཡུལ་མིའི་སྐད་ཆ་དང་བཅས་བ་ནི་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་གདངས་མི་གཅིག་པའི་སྐད་ཆ་རིགས་གསུམ་ཡིན་ལ། དེ་ལས་དབུས་ནི་དཀྱིལ་སྙིང་གི་དོན་དང་ཁམས་ནི་མཐའ་མཚམས་དང་མདོ་ནི་སྨད་ཀྱི་དོན་ཡིན་ལ་ཨ་མདོ་དང་ཁམས་པ་གཉིས་ནི་དབུས་པ་ལས་ཟུར་དུ་ཕུད་པའི་མཐའ་མཚམས་ཀྱི་དོན་ཡིན་ལ། བཤད་རྒྱུན་ལ་ལར་སྔོན་བཙན་པོའི་དུས་སྐབས་ཀྱི་མཐའ་མཚམས་སྲུང་མཁན་གྱི་དམག་དཔོན་གྱི་རྒྱུད་ལས་མཆེད་འཕེལ་འོངས་བའི་དམག་དཔུང་གི་རིགས་ཤིག་ཡིན་ལ་དུས་ད་ལྟའང་རྐང་སྣམ་མ་ཕུལ་བར་ཉལ་སྲོལ་ཡོད་པ་ནི་དམག་འཁྲུག་རྒྱག་པར་སྟབས་བདེ་བའམ་ཡང་ན་སྟ་གོན་ལ་ཉེ་བར་ཕྱོགས་པའི་རྟགས་མཚན་རེད་ཟེར་མཁན་ཡང་ཡོད།
དེ་མིན་འབྲུག་ཡུལ་དང་བལ་ཡུལ་ལ་དྭགས་སོགས་པའི་རྒྱལ་ཁབ་མང་པོ་ཞིག་ན་བོད་རིགས་ཡོད་རུང་དེ་དག་ཀྱང་ཨ་མདོ་པ་དང་ཁམས་པ། དབུས་གཙང་པ་གང་རུང་གི་ཁོངས་ནས་ཐོན་པའི་བོད་ཀྱི་བྱེ་བྲག་པ་ཡིན་པས་དེ་དག་གི་སྐད་ཆའང་མདོ་དབུས་ཁམས་གསུམ་གང་རུང་གི་སྐད་ལ་མ་གཏོགས་པ་ཞིག་མེད་ལ་དེ་དག་གིས་ཀྱང་ཨ་མདོ་བས་ཨམ་སྐད་དང་ཁམས་པས་ཁམས་སྐད། དབུས་གཙང་པས་དབུས་སྐད་རྒྱག་པ་ལས་བོད་སྤྱི་ཡི་སྐད་ཆ་ཞིག་རྒྱག་ཤེས་ཀྱི་མེད་པ་རེད། ཡིན་ནའང་ཕྱི་ཡུལ་ན་ཁོ་ཚོ་རིགས་གྲངས་ཧ་ཅང་ཉུང་བ་དང་ཁོ་ཚོས་ཕན་ཚུན་འབྲེལ་གཏུགས་མང་བའི་དབང་གིས་ཨ་མདོ་པ་ཡིན་ཡང་དབུས་སྐད་བཤད་ཤེས་ལ་ཁམས་སྐད་ཀྱང་གོ་ཡི་ཡོད་པ་རེད། དེ་བཞིན་དུ་ཁམས་པ་ཡིན་ཡང་ཨམ་སྐད་རྒྱག་ཤེས་ལ་དབུས་གཙང་སྐད་ཀྱང་གོ་ཐུབ་པ་ཞིག་ཏུ་སྣང་བ་དང་ཁོ་ཚོ་ནི་བོད་མདོ་དབུས་ཁམས་གསུམ་རང་རང་གི་ཡུལ་དུ་འཚོ་སྡོད་བྱས་པའི་བོད་པ་ཞིག་དང་བསྡུར་ན་ཡོན་ཏན་མང་བ་དང་སྐད་གསུམ་ཤེས་པས་ཅུང་དགོས་མཚན་ཆེ་བ་དང་། སྐད་ཆའང་བོད་སྤྱི་སྐད་ཕྱོགས་ལ་ཉེ་བར་ཕྱོགས་པ་ཞིག་ཡིན་ཡང་བོད་ཀྱི་སྤྱི་སྐད་ངོ་མ་ཞིག་ཏུ་གྲུབ་མེད། རྒྱུ་མཚན་ནི་ཁོ་ཚོའི་བོད་ཡིག་ཀློག་སྟངས་ཐད་ལ་གཅིག་གྱུར་གྱི་སྒྲ་གདངས་ཞིག་གཏན་འཁེལ་མེད་ལ། ཨ་མདོ་བས་ཨ་མདོ་བས་ཀློག་སྟངས་ལྟར་ཀློག་པ་དང་། ཁམས་པས་ཁམས་སྐད་ཀྱི་ཀློག་སྟངས་ལྟར་ཀློག་པ། དབུས་གཙང་པ་རྣམས་ཀྱིས་དབུས་གཙང་སྐད་ལྟར་ཀློག་བཞིན་ཡོད་པ་རེད།
དེ་བཞིན་དུ་ཁམས་ཕྱོགས་སུ་ཡོད་པའི་ཨ་མདོ་བ་དང་དབུས་ཕྱོགས་ཕྱོགས་སུ་ཡོད་པའི་ཨ་མདོ་བ་དང་དབུས་ཕྱོགས་སུ་ཡོད་པའི་ཁམས་པ་དང་ཨ་མདོ་ཕྱོགས་ན་ཡོད་པའི་ཁམས་པ་ལ་སོགས་ཀྱིས་ཀྱང་ཕན་ཚུན་གྱི་སྐད་བཤད་ཤེས་ལ་གོ་འང་ཐུབ་ཀྱི་ཡོད་མོད། འོན་ཀྱང་ཁོ་ཚོ་ལའང་གཅིག་གྱུར་ཡི་གེ་ཀློག་སྟངས་ཤིག་མེད་པས་རང་རང་གི་སྐད་དང་རང་རང་གི་ཀློག་སྟངས་ལྟར་ཀློག་པ་ལས་བོད་ཀྱི་སྤྱི་སྐད་ལྟ་བུ་ཞིག་གྲུབ་མེད་པ་རེད། དེ་བས་ཀྱང་བོད་མདོ་དབུས་ཁམས་གསུམ་རང་རང་གི་ཡུལ་དུ་འཚོ་སྡོད་བྱེད་པའི་བོད་པ་ཞིག་ལ་མཚོན་ན། རང་རང་སོ་སོའི་སྡོད་སའི་ཡུལ་གྲུ་དེའི་སྐད་མ་གཏོགས་ཨ་མདོ་བས་དབུས་སྐད་དང་ཁམས་སྐད་མི་གོ་པ་དང་དབུས་གཙང་པས་ཨམ་སྐད་དང་ཁམས་སྐད་མི་གོ་བ། ཁམས་པས་ཨམ་སྐད་དང་དབུས་སྐད་མི་གོ་བས་རང་རང་གི་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ་ཙམ་ལས་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་རྒྱུས་ལོན་མེད་པའི་གནས་ཚུལ་འོག་ཡུལ་གྲུ་གང་གི་སྐད་གདངས་དག་པ་དང་གང་ལ་དགོས་མཚན་ཡོད་པ་ནི་ཧ་ཅང་རྟོགས་དཀའ་བའི་གནད་ཅིག་ཡིན་ནོ།།
གནས་ཚུལ་འདི་འདྲའི་འོག་ནས་ཨ་མདོ་བས་ཨམ་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ་དང་། ཁམས་པས་ཁམས་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ། དབུས་གཙང་པས་དབུས་གཙང་སྐད་ཀྱི་དགོས་མཚན་དང་ཆེ་བ་བརྗོད་པ་ཙམ་ལས་ཡུལ་གྲུ་གང་གི་སྐད་ལ་དགོས་མཚན་མང་བ་དང་ཡུལ་གྲུ་གང་གི་སྐད་གདངས་གསལ་ཆ་དོད་པ། ཡུལ་གྲུ་གང་གི་ཡི་གེ་ཀློག་ཚུལ་ཡང་དག་ཡིན་པ་སོགས་གཏན་ནས་ཧ་གོ་བཞིན་ཡོད་པ་མ་རེད། གོང་གསལ་གྱི་སྣང་ཚུལ་དེ་དག་ནི་བོད་སྐད་གཅིག་གྱུར་གྱི་བཀག་རྡོ་ཆེན་པོ་ཡིན་པས་བོད་སྐད་གཅིག་གྱུར་ཡོང་བར་བྱེད་དགོས་ན་ངེས་བར་དུ་གནད་དོན་དེ་དག་གཙང་སེལ་བྱེད་དགོས།
གཉིས་པ། བོད་སྐད་གདངས་གཅིག་གྱུར་ནི་བོད་སྤྱི་སྐད་ཀྱི་བླ་སྲོག་ཞིག་ཏུ་འདོད་པ།
ང་རང་ལ་མཚོན་ན་ལོ་ངོ་དུ་མ་ཞིག་ལ་དབུས་ཀྱི་ལྷ་ས་དང་གཞིས་རྩེ་སོགས་ནས་བསྡད་མྱོང་བ་དང་གྲོགས་ཁམས་པ་དང་ཡུན་རིང་འགྲོགས་པ་སོགས་ཀྱི་རྐྱེན་གྱིས་མདོ་དབུས་ཁམས་གསུམ་གྱི་སྐད་ལས་གང་ཞིག་ལེགས་པ་དང་གང་ཞིག་ཡང་དག་པ་སོགས་ཀྱི་ཆ་ཕྱོགས་ཙམ་རྟོགས་ལ་འདིར་དགོས་དབང་གི་ཆེད་དུ་ཅུང་ཙམ་བརྗོད་ན་འདི་ལྟ་སྟེ། དབུས་སྐད་མི་ཤེས་པའི་ཨ་མདོ་པ་ཞིག་གི་ལྷ་སའི་སྐད་ཐོག་མར་རང་ཉིད་ཀྱི་རྣ་བར་ཐོས་དུས་རྒྱ་གར་གྱི་སྐད་ལྟར་སྐད་གདངས་ཧ་ཅང་དམའ་བ་དང་། ལྷ་ས་བ་ཞིག་གི་ཨ་མདོ་བའི་སྐད་ཐོག་དང་པོ་རང་ཉིད་ཀྱི་རྣ་བས་གོ་དུས་ཁོང་ཁྲོ་ལངས་བ་ལྟ་བུའི་སྐད་ཀྱི་གདངས་མཐོ་བ་དང་ཡི་གེ་ཀློག་དུས་ཀྱང་སྔོན་རྗེས་མིང་གསུམ་གྱི་སྒྲ་གསལ་བོར་ཐོན་པ་དང་གྱི་དང་འགྱོ། མྱི་ལ་སོགས་པའི་བརྡ་རྙིང་གི་སྐོར་མང་བ་དང་། དེ་བཞིན་དུ་དབུས་པ་ཞིག་གིས་རྗེས་འཇུག་གི་ཡི་གེ་རྣམས་བཀླག་པའི་ཚེ་ན་སྒྲ་ཧ་ཅང་ཞན་པས་མེད་པ་ལྟ་བུར་སྣང་བ་དང་ཁ་ག་དང་ཆ་ཇ། ཕ་བ་སོགས་སྒྲ་གདངས་གཅིག་ལྟ་བུར་ཀློག་པ་དང་འབྱེད་སྡུད་གམ་སོགས་ཀྱི་ཚབ་ཏུ་པས་འཇོག་པ། ཕེབས་དང་གསོལ། བཞེས། མི་འདུག་དང་བཞེངས། བཞུགས་ལ་སོགས་པའི་ཞེ་ཚིག་གིས་སྦྱར་བའི་ཐ་སྙེད་མང་བ་དང་། རེད་མི་འདུག་དང་ཡོད་མི་འདུག་དང་། མ་རེད་བཞག། རེད་མི་གདའ། བྱས་ཙང་ལ་སོགས་པའི་མིང་ཚིག་ཕྲད་གསུམ་ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་དུ་མ་བསྟན་པ་མང་པོ་ཞིག་ཡོད་པ་དང་། དེ་བཞིན་དུ་གཙང་པ་ཞིག་གི་རང་ཉིད་བུ་དང་བུ་མོར་ཁྱིམ་གཞི་སྒྲིག་ནས་ཕྲུ་གུ་སྐྱེས་པ་ཡིན་ན་ཁྱིམ་ཚང་དེའི་བུ་དང་བུ་མོ་ཡང་ཕ་མ་ཆགས་ནས་ཕ་མ་དང་བུ་ཕྲུག་བཟའ་ཟླ་སོགས་ཀྱི་དབྱེ་འབྱེད་མེད་པར་བུའི་ཕས་ཀྱང་རང་ཉིད་ལ་བུ་ཕྲུག་ལ་ཕ་འབོད་པ་དང་བུ་མོའི་མ་ཡིས་ཀྱང་རང་ཉིད་ཀྱི་བུ་མོ་ལ་མ་འབོད་ལ་རང་ཉིད་ཀྱི་བཟའ་ཟླའམ་ཐ་ན་རང་ཉིད་ཀྱི་རང་ཉིད་ལའང་ཕ་འམ་མ་འབོད་པ་དང་། ཁྱད་པར་དུ་རང་གི་ཤ་ཉེ་སྤུན་མཆེད་སོགས་ལྷན་དུ་འཛོམས་ཚེ་ཕ་མ་མང་པོ་བྱུང་ནས་རང་མིས་མ་གཏོགས་ཕ་ངོ་མ་སུ་ཡིན་དང་མ་ངོ་མ་སུ་ཡིན་དབྱེ་འབྱེད་དཀའ་བའི་སྣང་ཚུལ་དགོད་བྲོ་བ་མང་པོ་ཡོད་པ་འདི་དག་ཀྱང་མདོར་བསྡུས་ནས་བཤད་ན་མིང་ཚིག་དང་སྐད་གདངས། ཡི་གེ་ཀློག་ཚུལ་སོགས་གཅིག་གྱུར་མེད་པ་མཚོན་ཡོན་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་པོ་ལ་རང་རང་སོ་སོའི་སྐད་གདངས་རེ་རེ་དང་ཀློག་སྟངས་རེ་རེ་ཡོད་པའང་གསལ་སྟོན་བྱས་ཡོད་པ་རེད།ཡི་གེ་གཅིག་ལ་ཀློག་སྟངས་མི་འདྲ་བའི་སྒྲ་གདངས་དུ་མ་ཡོད་པ་འདི་ནི་སྐད་ཆ་གཅིག་གྱུར་གྱི་འགག་རྒྱ་ཆེན་པོ་ཞིག་ཡིན་ལ་དེ་ལྟ་བུའི་སྐད་གདངས་གཅིག་གྱུར་གྱི་འགག་རྡོ་ཆེན་པོ་དེ་ཉིད་སེལ་བར་བྱེད་དགོས་ན་བོད་ཡིག་ཀློག་པའི་སྒྲ་གདངས་གཅིག་གྱུར་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་མར་བསམ།
ཡིན་ནའང་མདོ་དབུས་ཁམས་གསུམ་ལས་གང་ཞིག་གི་སྐད་ཡང་དག་པ་དང་སུམ་རྟགས་གྱི་གཞུང་དང་མཐུན་མིན་ཧ་ཅང་བཤད་དཀའ་བ་དང་། ཁྱད་པར་དུ་མདོ་དབུས་ཁམས་གསུམ་པོ་ལ་རང་རང་གི་སྐད་ཀྱི་ཁྱད་ཆོས་རེ་ཡོད་ཕྱིར་ན་གང་གིས་ཡི་གེ་ཀློག་སྟངས་འགྲིག་མིན་དེ་བས་ཀྱང་བཤད་དཀའ་བ་རེད། དེ་བས་ཨ་མདོ་བས་ཨམ་སྐད་ཁོ་ན་ཙམ་བཤད་ནས་མི་འདུག་པར་དབུས་སྐད་དང་ཁམས་སྐད་སློབ་པ་དང་། ཁམས་པས་ཀྱང་ཁམས་སྐད་ཁོ་ན་མི་བཤད་པར་ཨམ་སྐད་དང་དབུས་སྐད་སྦྱང་བ། དབུས་བས་ཀྱང་དབུས་སྐད་ཁོ་ན་ཙམ་མི་འཆད་པར་ཨམ་སྐད་དང་ཁམས་སྐད་སློབ་ནས་སྐད་གདངས་གསུམ་གྱི་རྩ་བའི་རྨང་གཞི་དང་རྩ་བའི་རྣམ་བཞག་གསལ་བོར་ཤེས་དགོས་པ་མ་ཟད། དེ་དག་གི་དགོས་སྐྱོན་སོགས་ཀྱང་ཡང་དག་པར་ཤེས་དགོས། དེ་དག་གི་རང་རང་སོ་སོའི་སྐད་ཀྱི་སྒྲ་གདངས་དང་དགོས་སྐྱོན།ཀློག་སྟངས་སོགས་ཤེས་ན་གཞི་ནས་མདོ་དབུས་ཁམས་གསུམ་གྱི་རང་རང་སོ་སོའི་སྐད་ཀྱི་རིན་ཐང་དང་དགོས་སྐྱོན་རྟོགས་ཐུབ་པ་དང་སྐད་གདངས་མི་མཐུན་པའི་ཨམ་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ་དང་། ཁམས་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ།དབུས་སྐད་ལ་སྐྱོན་དང་དགོས་པ་གང་ཞིག་ཡོད་པ་སོགས་གསལ་བོར་རྟོགས་ནུས།
དེ་གསུམ་གྱི་དགོས་སྐྱོན་དང་ཀློག་གདངས་ལ་སོགས་པ་གསལ་བོར་རྟོགས་ན་ད་གཟོད་དེ་གསུམ་ལས་གང་ཞིག་ལ་དགོས་མཚན་མང་བ་དང་གང་ཞིག་འཆད་བདེ་བ། གང་ཞིག་སྐད་གདངས་གསལ་བ། གང་ཞིག་གི་ཀློག་ཚུལ་ཡང་དག་པ་སོགས་ལ་རང་བཞིན་གྱིས་གསལ་བོར་ཤེས་ཡོང་། དེ་གསུམ་གྱི་རང་རང་སོ་སོའི་སྐད་གདངས་ཀྱི་དྲག་ཞན་དང་སྐད་ཆ་ཡི་རིན་ཐང་སོགས་གསལ་བོར་ཤེས་ན་དེ་གསུམ་ལས་གང་ཞིག་བོད་སྤྱི་སྐད་ལ་འོས་མིན་དེ་ཡང་རང་བཞིན་གྱིས་རྟོགས་ཐུབ་ལ། དེ་གསུམ་ལས་དགོས་མཚན་ཆེས་མང་བ་དང་སྐད་གདངས་ཆེས་གསལ་བ། ཀློག་ཚུལ་ཆེས་ཡང་དག་པ་ཞིག་བོད་སྤྱིའི་སྐད་གདངས་ལ་གཏན་འཁེལ་ཐོག་བརྙན་འཕྲིན་དང་རྒྱང་སྒྲོགས་སོགས་ནས་སྐད་དེ་ཉིད་གཙོ་བོར་བཞག་ཏེ་ཐད་གཏོང་བྱས་ན་ད་བཟོད་སྐད་གདངས་གཅིག་གྱུར་བྱེད་ཐུབ་ལ། སྐད་གདངས་གཅིག་གྱུར་ནི་བོད་སྤྱི་སྐད་ཀྱི་བླ་སྲོག་ལྟ་བུར་ཡིན་པར་འདོད།
གསུམ་པ། མིང་ཕྲད་ཚིག་གསུམ་གཞུང་ལྟར་གཅིག་གྱུར་བྱེད་པ་ནི་སྤྱི་སྐད་ཀྱི་རྩ་བའི་རྨང་གཞི་ཡིན་པར་འདོད་པ།
ཨམ་སྐད་དང་ཁམས་སྐད་དབུས་སྐད་སོགས་པ་ལ་རང་རང་གི་ཡུལ་སྲོལ་གོམས་སྲོལ་དང་མཐུན་པའི་ཁྱད་ཆོས་ཞིག་ཡོད་པ་ནི་སྨྲོས་མེད་ཅིག་ཡིན་མོད། འོན་ཀྱང་གནའ་ནས་ད་བར་དུ་དེ་དག་ལ་ཞིབ་འཇུག་བྱེད་པའི་མཁས་པ་མ་བྱུང་བའི་དབང་གིས་དེ་དག་ལས་གང་ཞིག་སྐད་ཡང་དག་པ་དང་གང་ཞིག་ཐོན་མིའི་བརྡ་སྤྲོད་པའི་གཞུང་དང་མཐུན་མིན། གང་ཞིག་བརྗོད་བདེ་བ། གང་གི་སྒྲ་གདངས་གསལ་བ་དང་གང་ལ་དགོས་མཚན་མང་བ་སོགས་ཧ་ཅང་བརྗོད་དཀའ་བའི་གནད་ཅིག་ཡིན་ལ། ཁྱད་པར་དུ་རང་རེའི་བོད་པ་རྣམས་ནི་ཡུལ་ལུང་ཐ་ཐོར་དུ་གནས་པ་དང་དང་སྐད་གདངས་འདྲ་མིན་ཡོད་པ། གོམས་སྲོལ་ཐ་དད་ཡིན་པའི་དབང་གིས་མདོ་དབུས་ཁམས་གསུམ་ལས་གང་ཞིག་གི་སྐད་སྤྱི་སྐད་ལ་རུང་མིན་དང་གང་ཞིག་གི་སྤྱི་སྐད་ལ་འོས་མིན་ནི་དེ་བས་ཀྱང་ཤིན་ཏུ་རྟོགས་དཀའ་བའི་ལྐོག་གྱུར་གྱི་གནད་ཅིག་རེད། ཡིན་ཡང་ང་ཚོ་བོད་ལ་གཅིག་གྱུར་ཡི་གེ་ཞིག་ཡོད་པ་འདི་ཡིས་སྐད་ཆ་གང་ཞིག་ཡང་དག་པ་དང་གང་ཞིག་གཞུང་གི་བརྡ་སྤྲོད་དང་མཐུན་པ། གང་ཞིག་ལ་ལེགས་ཆ་མང་པོ་ཡོད་པ་སོགས་རྟོགས་ཐུབ་པ་རེད། དེ་བས་ཡི་གེ་གཞིར་བཞག་ཐོག་མིང་ཚིག་དང་ཕྲད་སྐད་ཆ་ལ་སོགས་པ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་མིང་ཚིག་དང་ཕྲད་སྐད་བརྡ་སོགས་གཅིག་གྱུར་ཡོང་བར་བྱེད་པ་ནི་བོད་སྤྱི་སྐད་ཀྱི་ཆེས་ཐོག་མའི་རྨང་གཞི་རེད།
མིང་ཚིག་དང་ཕྲད་སྐད་ཆ་ལ་སོགས་པ་གཅིག་གྱུར་ཡོང་བ་བྱེད་དགོས་ན་ཐོག་མར་བོད་མདོ་དབུས་ཁམས་གསུམ་ལས་གང་ཞིག་གི་སྐད་སློབ་དཔོན་ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་མང་པ་དང་། གང་ཞིག་གི་སྐད་མི་མཐུན་པ་དང་སྐད་གདངས་གང་ཞིག་ལེགས་པ་དང་གང་ཞིག་མི་ལེགས་པ། གང་ཞིག་གི་སྐད་གདངས་གསལ་བོ་ཡོད་པ་སོགས་ལ་ལྟ་རྒྱུ་ཤིན་ཏུ་གལ་ཆེ་བ་སྟེ། དཔེར་ན་ཨ་མདོ་ཡུལ་གྱི་ཞིང་འབྲོག་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་པའི་མིང་ཚིག་ག་ཚོད་ཡོད་མིན་དང་ཕྲད་ག་ཚོད་ཡོད་མིན་དང་། ཁམས་ཕྱོགས་ཀྱི་ཞིང་འབྲོག་མང་ཚོགས་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་མཐུན་པའི་མིང་ཚིག་ག་ཚོད་ཡོད་མིན་དང་ཕྲད་ག་ཚོད་ཡོད་མིན་དང་། དབུས་པའི་མང་ཚོགས་དཀྱིལ་མ་ཞིག་གི་ཁ་བརྡ་ལས་སུམ་རྟགས་དག་གསུམ་གྱི་གཞུང་མཐུན་པའི་མིང་ཚིག་ག་ཚོད་མིན་དང་ཕྲད་ག་ཚོད་ཡོད་མིན་སོགས་ལ་ཞིབ་འཇུག་གིས་བརྡར་ཤ་བཅད་མཐར། དེ་གསུམ་ལས་སུམ་རྟག་དག་གསུམ་གཞུང་དང་མཐུན་པ་མང་པའི་སྐད་གདངས་ཞིག་གདམས་ཐོག་འབྱེད་སྡུད(ལྷ་སའི་སྐད་རང་ཡིན་པས)་པས་སྒྲ་ཅན་དང(ཨམ་སྐད་ནམ་ཡོང་ནས)་ནས་སྒྲ་ཅན། ཨ་མདོ་སྐད་ཀྱི་བརྡ་རྙིང་མྱི་གྱི་འགྱོ་སོགས་དོར་ནས་བརྡ་གསར་དང་མཐུན་པའི་བོད་ཀྱི་ཡིག་འབྲུ་གཅིག་ལ་སྒྲ་གདངས་གཅིག་དང་ཀློག་སྟངས་གཅིག་གི་རྨང་གཞི་འོག་བོད་མི་སྤྱི་ཡོངས་ཀྱི་གོ་ཐུབ་པའི་བོད་སྐད་ཞིག་གཏན་ལ་ཕབ་ནས་བོད་སྤྱི་སྐད་དུ་བྱས་ན་འོས་ཤིང་འཚམས་པར་འདོད། དེ་ལྟ་བུའི་བོད་སྤྱི་སྐད་ཅིག་གཏན་ལ་འཁེལ་ཐོག་བརྙན་འཕྲིན་ནས་སྟོན་པ་དང་རྒྱང་བསྒྲགས་ནས་སྒྲོག་པ། སློབ་གྲྭ་ནས་སློབ་པ་སོགས་གཙོ་བོར་བཟུང་ནས་ཕྱོགས་ཡོངས་ནས་གཅིག་གྱུར་བྱེད་པར་ནམ་འབད་དགོས་པར་འདོད།
བཞི་བ། མཇུག་དོན་བསྡུས་པ།
དེ་ལྟར་བོད་ཁམས་ཡོངས་ཀྱི་མིང་བརྡ་ཡི་བཀོལ་ལུགས་གཅིག་དང་ཚིད་ཕྲད་ཀྱི་སྦྱོར་ཚུལ་གཅིག།ཡིག་ཀློག་གི་སྐད་གདངས་གཅིག་གི་རྨང་གཞིའི་འོག་ནས་བོད་ཡིག་ཀློག་ཚུལ་གྱི་སྒྲ་གདངས་གཅིག་གྱུར་བྱས་ནས་སློབ་དཔོན་ཐོན་མིའི་བརྡ་སྤྲོད་པའི་གཞུང་དང་མི་མཐུན་པ་རྣམས་དོར་མཐུན་པ་རྣམས་བླངས་ནས་བོད་མི་སྤྱི་ཡོངས་ཀྱི་གོ་ཐུབ་པའི་བོད་སྤྱི་སྐད་ཅིག་གཏན་འབེབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བསམ་མོ།།
མགོ་ནས་ཅུང་ཙམ་བཀླགས་ཏེ་ཉོབ་སོང་། གང་ལྟར་སྤྱི་སྐད་དགོས་བ་ལ་སྒྲ་གདངས་གཅིག་གྱུར་དགོས་བ་དེ་བདེན་པ་རེད། འོ་ན་སྒྲ་གདང་གཅིག་གྱུར་བྱེད་པ་ལ་དབུས་བའི་མོ་སྐད་འདི་ང་ཚོ་ཚང་མར་སྟབས་བདེ། བཤད་བདེ། ལོབས་བདེ། དེ་ཡང་ཡི་གེ་སྦྱོར་ཀློག་ནས་མགོ་བཙུགས་ཏེ་སྒྲ་གདང་གཅིག་གྱུར་ཞིག་བཟོ་ཐུབ་ན་སྤྱི་སྐད་ཅིག་ཆགས་པར་རེ་བ་ཡོད་རེད།
སྔོན་དུས་སྔོན་འཇུག་རྗེས་འཇུག་དག་གསལ་པོར་འབོད། མདོའི་སྔོན་འཇུག་མ་ཡིག་དེ་ཡང་འབོད་པ་ལ་འབོད་མ་ཤེས་པ་ལས་ཨམ་མདོ་ཞེས་བྱུང་བར་དགེ་ཆོས་ཀྱིས་བཤད། ལ་དྭགས་གཤམ་ཕྱོགས་དང་། སྦལ་ཏི་ཞེས་པའི་དབེན་ཡུལ་དག་གི་སྐད་དེ་དག་སྔར་བོད་ཡིག་བཟོ་དུས་ཀྱི་སྐད་དང་མཐུན་པ་མང་། དེ་བཞིན་དབུས་གཙང་མདོ་ཁམས་བཅས་ཀྱི་དབེན་ཡུལ་འབྲོག་ཡུལ་སོགས་སུ་ཡོད་ངེས་སྙམ།
ངའི་ཁ་སྐད་དུ། ད་ལྟ་ལ། དག་ས་ཟེར། ལོ་མངས་ནས་དེ་ཉིད་ཇི་ལྟར་བྱུང་སེམགས་བཞིན་ཡོད་པ་ན། ཉེ་དུས་ཞག་གཅིག་གི་སྔོན་དུ། མདོ་མཛངས་བླུན་ན། ད་གཟོད། ཞེས་པ་གྱུར་ནས། དག་ས། ཞེས་བྱུང་བར་སེམས་སོ།
སྤྱི་སྐད་ཀྱི་མིང་ཚིག་རྣམས་བཀའ་བསྟན་རྙིང་པ་དང་གང་མཐུན་མཐུན་བྱས་ནས། དིང་དུས་གསར་ཐོན་སྐད་ཡིག་རྣམས་གསར་བསྣན་གང་ཐུབ་ཀྱིས་གྲུབ་དགོས་རེད།
རྩོམ་འདི་བོད་ཀྱི་དངོས་ཡོད་གནས་ཚུལ་དང་རྩ་བ་ནས་མ་མཐུན་པའི་སྨྱོ་གཏམ་ཞིག་རེད། ད་ལྟ་ཕ་ཡུལ་ལ་ཕྱི་མི་བསླེབས་ནས། ཡུལ་སྐད་དང་འདྲེ་སྐད། ལོག་སྐད་ལྟ་ཅི། བོད་ཅེས་པའི་ངོ་བོ་དེ་ཡང་འཇིག་ཉེན་ལ་བསླེབས། ཁྱེད་ཀྱིས་དེ་ཇི་ལྟར་ཟེར། ངས། ལྟས་ངན་ལྐུགས་པ་ཁྱོད་གང་ལ་མགོ་བོ་བཅུག་ནས་མ་ཐོས་སམ། ད་ལྟ་ལྷ་ས་ཁུལ་དང་ཨ་མདོར་རྒྱ་གཞུང་གིས་ཆོག་མཆན་ཡོད་པའི་བྱིས་གཉོར་ཁང་ཚང་མའི་ནང་ལ་རྒྱ་སྐད་གཙོ་བོར་བཀོལ་བའི་ལས་འགུལ་སྤེལ་ཟིན། ༢༠༡༤ཡི་རྗེས་ལ་སྐྱེས་པའི་བྱིས་པ་རྣམས་དང་དེའི་གོང་ལ་སྐྱེས་པའི་ཡུལ་གྲུ་དེ་གཉིས་ནང་ལ་འཚར་ལོངས་བྱུང་བའི་ཕྲུ་གུའི་བོད་སྐད་བསྡུར་དང་། ད་གཟོད་ཁྱོད་ཀྱིས་ངས་གང་ཞིག་བཤད་ཀྱི་ཡོད་པ་ཤེས་ཐུབ།
སྤྱི་སྐད་མི་དགོས་ལ་དགོས་པའི་དབང་དུ་བཏང་ཡང་ང་ཚོར་དུས་ཚོད་མིན་འདུག ད་ལྟ་རང་རེའི་ཡུལ་གྲུ་སོ་སོར་སྐད་གང་ཡོད་ག་ཚོད་ཐུབ་ཐུབ་སློབས། སྣང་བ་སྐྱིད་པོ་མ་བྱེད། བོད་མིས་བོད་སྐད་ཤོད་པའི་བསྐལ་བ་དེར་དུས་ཚོད་བཟོས་ཟིན། ལོ་མང་པོ་མ་རེད། དཔང་རྟགས་ངས་སྤྲོད་ཆོག བོད་སྐད་སྦྱོངས་ཟེར་མཁན་གྱི་མཁས་དབང་དེ་ཚོའི་ཕྲུ་གུས་བོད་སྐད་མི་ཤེས་པ་མི་བདེན་ནམ། ནང་ཆོས་སློབས་ཟེར་མཁན་གྱི་བླ་མ་དེ་ཚོའི་ཕྲུ་གུ་དང་སློབ་མ་དེ་ཚོས་ནང་ཆོས་མ་དོར་རམ། བོད་པ་གཙང་མར་ཉོར་ཟེར་མཁན་གྱི་མི་རིགས་རིང་ལུགས་པ་དེ་ཚོའི་ཕྲུ་གུ་ཚོས་ཕྱི་རྒྱལ་ལ་མ་སྤོས་སམ། ད་སོམས། ལྟས་ངས་འཕྱར་དགོས་ན་ངས་འཕྱར་འོང་།
འདི་ནས་ཕར་རྒྱལ་བ་རིན་པོ་ཆེ་ཡང་དགོང་ལོ་ཇེ་རྒན་རེད། ཁོང་ལས་གཞན་པའི་མགོ་ནག་བོད་པ་མང་ཆེ་བའི་བཀུར་བའི་བླ་མ་དང་དཔོན་ཞིག་ང་ཚོར་མེད་ལ། འདི་ནས་མཐའ་མ་རེད། ད་ལྟ་རྒྱལ་བ་རིན་པོ་ཆེ་མཇལ་དུས། འོ་ད་འདི་མགོ་ནག་བོད་མི་ཚང་མའི་སྤྱི་ལ་བཀུར་བའི་བླ་མ་མཐའ་མ་འདི་རེད་སོམས།
འདི་ནས་སྤྱི་ལ་བཀུར་བའི་བླ་མ་ཞིག་ཡོང་མི་ཐུབ། ས་སྐྱ་གོང་མ་ནི་དགོང་ལོ་མཐོན་པོར་ཕེབས་ཟིན། ཁོང་གི་ཕྲུ་གུ་དེ་ཚོ་དང་བདག་ཁྲི་རིན་པོ་ཆེའི་ཕྲུ་གུའི་དབར་ལ་ཁྲི་འཛིན་ལོ་གྲངས་གསུམ་བགོས་ནས་བསྐྱང་རྒྱུ་བྱས་མ་སོང་ངམ། ད་ས་སྐྱར་སྔར་ཡོད་སྒྲོལ་ཕུན་གཉིས་ལས། ལོ་བཅུའི་ནང་ལ། སྒྲོལ་མ་ཕོ་བྲང་། སྒྲོལ་མ་ཕོ་བྲང་ཆེ་བ། སྒྲོལ་མ་ཕོ་བྲང་ཆུང་བ། ཕུན་ཚོགས་ཕོ་བྲང་ཆེ་བ། ཕུན་ཚོག་ཕོ་བྲང་ཆུང་བ། བདག་ཁྲི་རིན་པོ་ཆེའི་སྤྲུལ་སྐུའི་ཕོ་བྲང་། བདག་ཆེན་རིན་པོ་ཆེའི་སྤྲུལ་སྐུའི་ཕོ་བྲང་བཅས་ས་སྐྱ་བ་རྣམས་ཀྱི་ཁག་འདུ་མར་དབྱེ་རྒྱུ་གཏན་འཁེལ་རེད། བོད་སྤྱི་པའི་བླ་མ་ས་སྐྱས་བྱེད་པའི་བསྐལ་པ་སྟོངས་ཟིན། ཚན་རིག་སྦྱོངས་དང་། ལོ་རྒྱུས་སྦྱོངས། གཞི་ནས་ཤེས་འོངས།
རྒྱལ་བ་ཀརྨ་པ་ནི་ཀམ་ཚང་ནང་གི་ཞ་དམར་ཕྱོགས་ནས་ཁས་མི་ལེན། འབྲུག་པ་བཀའ་བརྒྱུད་དང་འབྲི་གུང་བཀའ་བརྒྱུད་ནི་ཆོས་ལུགས་སྒེར་པ་ཁྲིམས་མགོ་རང་ཐོན་བྱས་ཟིན། ཆོས་ལུགས་གཞན་གྱི་ནང་ལ་ཆོས་ལུགས་བྱེ་བྲག་པ་གཅིག་གི་དབང་ཤུགས་ཡོང་ཐབས་མེད།
དགེ་ལུགས་པ་ལ་ནི་དགའ་ལྡན་ཁྲི་པ་ཡོད། ཆོས་ལུགས་གཞན་གྱི་བླ་ཆེན་འོག་ལ་མི་འགྲོ། དོལ་རྒྱལ་བ་ཚོས་རྒྱལ་བ་རིན་པོ་ཆེར་མ་སྒུར་བར་ཆོས་ལུགས་གཞན་ཞིག་གི་བླ་མ་ནི་བཀུར་ཨེ་སྲིད།
རྙིང་མ་པ་ལ་གཅིག་འོག་གཅིག་ལ་མི་བསྡུ་བའི་བླ་ཆེན་དྲུག་བདུན་ཙམ་འདུག དེ་དག་ནི། རྙིང་མ་ནང་ཁུལ་མཐུ་གཅིག་ལས་གཅིག་ཆེ་བ་ཤ་སྟག་རེད། རྙིང་མའི་བླ་མ་ཞིག་གིས་བོད་སྤྱི་ལ་བཀུར་བའི་བླ་ཆེན་བྱེད་པའི་བསྐལ་བ་འདི་ནས་སྟོངས་སོང་།
ད་ང་ཚོར་ཐུན་མོང་གིས་བརྩི་བའི་བླ་མ་ཞིག་མེད། འདི་ནས་ཡོང་མི་སྲིད། དེ་ལས་གནས་སྐབས་བོད་པའི་ངོ་བོ་ཏོག་ཙམ་ཡོད་པའི་སྐབས་ལ། རང་རེ་བོད་པ་གཅིག་པ་ཡིན་པའི་འདུ་ཤེས་འབྲས་རྡོག་གཅིག་ཙམ་ཡོད་པ་དེ་ཁྱེར་ནས། རྒྱལ་བ་རིན་པོ་ཆེར་བོད་སྤྱི་པའི་བླ་མར་འདུ་ཤེས་ཞོག བོད་ཀྱི་སུམ་རྟགས་དེ་བོད་སྤྱི་པའི་སྐད་ཡིན་པའི་འདུ་ཤེས་ཞོག བོད་ཆོལ་གསུམ་གྱི་ས་ཆ་དེ་དག་སྔོན་མ་བོད་པ་ཤ་སྟག་གིས་བཟུང་བར་འདུ་ཤེས་ཞོག བོད་པའི་ཆོས་ལུགས་མི་འདྲ་བའི་བླ་མ་དང་རྗེས་བྲང་རྣམས་ནང་པ་ཡིན་པའི་འདུ་ཤེས་ཞོག སེམས་པ་སྐྱིད་དུས་གླུ་འདྲ་བླངས་ནས་བོད་ཀྱི་མེས་པོ་རྣམས་ལ་བཀའ་དྲིན་སོམས།
ཕྲག་མདོག་བསླེབ་ན། འོ་ད་ལྟ་རྒྱ་ནག་དང་རྒྱ་མིས་ཐམས་ཅད་བཟུང་ཟིན། ང་ཚོའི་བོད་པའི་ས་དང་མི་ཚང་མ་ཁོང་ཚོའི་ལག་འོག་ཤོར་ཟིན། ད་གསོན་པོར་སྡོད་སྐབས་སྨོན་ལམ་གཅིག་ལས་མ་བྱུང་རུང་བོད་སྤྱི་པར་ཕན་པའི་སྨོན་ལམ་ཞིག་བརྒྱབ། བོད་པ་གཞན་ཞིག་ཐུག་ན། འོ་ད་ང་ཚོའི་སྐད་འདི་ཤེས་མཁན་མི་རབས་ཐ་མ་ཞིག་རེད། སླར་ནས་འདི་ལྟ་བུའི་བོད་སྐད་ཤོད་མཁན་མི་ཡོང་ཐག་ཆོད་རེད་བསམ་ནས། སྐད་ཆ་ཚིག་བཟང་བ་གང་ཐུབ་ཤོད། བོད་པ་བསོད་ནམས་ཅན་ཞིག་དཔལ་འབྱོར་གྱི་ལེགས་འབྲས་ལ་རོལ་ན། འོ་ད་བོད་པ་ཞིག་གིས་རྒྱ་དང་འདྲ་འདྲ་བྱས་ནས་དཔལ་འབྱོར་གྱི་ལོངས་སྤྱོད་རོལ་བ་ཐ་མ་ཡིན་སྲིད། ད་དེ་ལ་དགའ་བ་སྒོམས་བསམ་པའི་འདུ་ཤེས་བཟུང་།
འདི་བསླབ་བྱ་རྣལ་མ་ཞིག་ཡིན། ད་ལྟ་འདི་ཐུབ་ན་ལེགས། སྤྱི་སྐད་ལས་འདི་གལ་ཆེ། ཨ་མདོའི་ས་ཆ་གོང་འོག་གཉིས་ལ་སྤྱི་སྐད་མི་ཡོང་ཐག་ཆོད། ཡུལ་ཞེན་ཆེ་དྲག་པས་སོ། ཁམས་འབྲི་ཆུ་ཡས་མས་ལ་སྤྱི་སྐད་མི་ཡོང་ཐག་ཆོད། ཆོས་ལུགས་འཐེན་འཁྱེར་ཤུགས་ཆེ་བས་སོ། དབུས་གཙང་གཉིས་ལ་སྤྱི་སྐད་མི་ཡོང་། བོད་པ་གཅིག་པ་ཡིན་པའི་འདུ་ཤེས་ཆུང་བས་སོ། རྒྱ་གར་ནང་ལ་ཆོས་ལུགས་མི་གཅིག་པའི་བོད་པའི་བླ་ཆེན་ཁག་གི་དབར་ལ་སྤྱི་སྐད་ཕར་ཞོག ནང་པ་གཅིག་གི་འདུ་ཤེས་མེད། བོད་པ་གསར་འབྱོར་དང་གཞིས་ཆགས་དབར་ལ་སྤྱི་སྐད་གཅིག་ཡོང་ཐབས་མེད། ཕན་ཚུན་མཐོང་ཆུང་ཆེ་བས་སོ།
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་རྒྱ་རི་བློ་གྲོས་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། ས་སྐྱ་ཕུན་ཚོགས་ཕོ་བྲང་དང་་སྒྲོལ་མ་ཕོ་བྲང་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། ཀརྨ་ཞ་དམར་ནག་གཉིས་ཀྱི་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། དགེ་ལུགས་པ་དང་དོལ་རྒྱལ་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། རྙིང་མ་དང་བོན་པོའི་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། ང་དང་ཁྱོད་གཉིས་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད། བོང་རྫི་དང་བོང་བུ་ཚོའི་དབར་ལ་སྤྱི་སྐད་གཅིག་བྱུང་མྱོང་མེད།
ང་ཚོར་མགྱོགས་མྱུར་སྤྱི་སྐད་གཅིག་དགོས་ན། བོད་ནང་ལ་རྒྱ་སྐད་ཡོད། ཕྱི་ལ་དབྱིན་སྐད་ཡོད། སྐད་ཡིག་གོ་བརྡ་མ་འཕྲོད་པའི་སྡུག་བསྔལ་ང་ཚོར་མེད། སྐད་ཡིག་ཡག་པོ་མ་ཤེས་ན། དེ་དག་བསྲེས་ནས་རྒྱོབས། གོ་བརྡ་འཕྲོད་བཞིན་པ་རེད།
བོད་ཀྱི་ལོ་རྒྱུས་རྒྱ་ཡིག་ནང་ལ་འདུག བོད་ཀྱི་ནང་ཆོས་བཀའ་བསྟན་དབྱིན་ཡིག་ནང་ལ་འདུག བོད་ཀྱི་བུ་མོ་ཨ་རིའི་ནང་ནས་རྙེད། ང་ཚོར་བོད་སྐད་དགོས་པ་མིན་འདུག སྤྱི་སྐད་དེ་བས་ཅི།
སྤྱི་སྐད་ཀྱི་དགོས་པ་མིན་འདུག རྒྱུ་མཚན་གོང་ལ་སྤྲད་ཟིན། ངས་ཚན་རིག་དང་མཐུན་པའི་སྒོ་ནས་སྐད་ཆ་ཤོད་བཞིན་ཡོད། ངས་རྨོངས་དད་ཤོད་ཀྱི་མེད། ངས་ཕྱོགས་རིས་བྱེད་ཀྱི་མེད། ངས་དུས་རབས་དང་མཐུན་པའི་ཚན་རིག་དང་རིགས་ལམ། རྒྱུ་མཚན། དེ་བཞིན་བཟང་སྤྱོད་ཀྱི་ཐོག་ནས་ཤོད་བཞིན་ཡོད། ད་དུང་ང་རང་ཤ་ཡང་བཟའ་ཡི་མེད་ལ། ངས་བཟའ་ཡི་མེད་ཅེས་འབྲི་བཞིན་ཡོད། བཟའ་གི་མེད་བྲིས་མེད།
བར་ལ་ད་སྔོན་འཇུག་ཡོད་པའི་རྒྱ་མཚན་དངོས་མ་ཞིག་ཡོད་དམ། བར་དོ་ཐོས་གྲོལ་དང་ ། བར་དུ་གཞུང་ལུགས་གདམས་པར་འཆར། བོད་སྐད་དུ་བྲིས་པའི་དཔེ་རྙིང་དག་ན་དབར་ཞེས་བྲིས་ཡོད་པ་ཞིག་མཐོང་མ་མྱོང་། འདི་ལ་ཁུངས་ཤིག་གསུང་གྲོགས་།་ ལི་ཤི་གུར་ཁང་ན། དབྲག་ནི་བར། ཞེས་པ་འདུག དེ་ཉིད་ཀྱི་རྗེས་འཇུག་མེད་པར་སོང་། ར་སྟ་རྗེས་འཇུག་ཆགས་པ་ཡིན་ནམ།
རྒྱུ་མཚལ་ལ་རྒྱ་མཚན་ཤོར་པ་བོད་སྐད་ཉམས་རྒུད་རྟགས་ཡིན་པས། གཟབ་དགོས།
་་་་་་་་་ ད་དུང་ང་རང་ཤ་ཡང་བཟའ་ཡི་མེད་ལ། ངས་བཟའ་ཡི་མེད་ཅེས་འབྲི་བཞིན་ཡོད། བཟའ་གི་མེད་བྲིས་མེད། ་་་་་་་་་་ ཟེར།
མཁས་བ་ལ་དྭགས་པའི་གསུང་བ་བཞིན་ཐ་སྙད་འདི་ཁོ་བོའི་མིག་ལའང་མ་བདེ་བ་བྱུང་། བཙན་བྱོལ་ན་འདི་འདྲ་ཞིག་འབྲི་བ་མ་གཏོགས་བོད་ནང་གི་དུས་དེབ་དང་བོད་ཡིག་སྤྱོ་སྒོ་མཐའ་དག་ལ་བར་གྱི་ཚབ་ཏུ་དབར་བྲིས་བ་ཞིག་མཐོང་མ་མྱོང་། འོན་ཏེ་དབྲལ་གྱི་རྗེས་འཇུག་དོར་སྟེ་ར་བཏགས་ཀྱིས་རྗེས་འཇུག་བྱེད་པ་འདི་ལ་རྒྱུ་མཚན་ཡོད་པ་ཞིག་མཐོང་མ་སོང་། སྐད་བརྡ་རིག་པའི་ཁུངས་་ལུང་རེ་ཡོད་ན་ཅི་ཆ། ཁོ་བོས་རྨོངས་ཚོད་ཀྱིས་དཔྱད་ན། གལ་ཏེ་ཚིག་གྲུབ་་་་དགོན་པ་སྟོང་བར་ལུས།་་་་་་་འདི་འདྲ་ཞིག་བྲིས་བའི་དབང་དུ་བཏང་ན་འདིའི་སྐབས་སུ་བར་འདི་སྟོང་གི་ཚིག་གྲོགས་རེད་དམ་ཡང་ན་མཚམས་ཀྱི་མིང་ཚབ་རེད། ཤིན་ཏུ་མགོ་ཉོག་པོ་མ་རེད་དམ། རྒྱུ་མཚན་འདི་ལ་བརྟེན་ནས་དབར་དང་བར་གྱི་ཁྱད་པར་ཞིག་འབྱེད་པ་མིན་ནམ་སྙམ་ཞིང་དཔྱོད་པར་འཚལ།
མི་གཉིས་ཀྱི་བར་ལ། ཞེས་པ་འདི་ཡིག་སྐད་དང་། མི་གཉིས་ཀྱི་དབར་ལ། ཟེར་བ་འདི་ཁ་སྐད་དུ་ཡོད་རེད།
མི་ཚང་མ་ཕྱིན་ནས། ཁང་པ་སྟོང་པར་ལུས། ཞེས་འདི། ཨ་མདོ་བ་མང་ཆེ་བ་པ་ཡི་ཚབ་ཏུ་བ་བྲིས་དྲགས་པ་ལས་སྐྱོན་ལས་གཞན་ཅང་མེད།
ང་ཤ་ཟ་ཡི་མེད། ཅེས་བྲིས་ན། འདི་འབྲེལ་སྒྲ་ནོར་ཉེན་ཆེ་བ་དང་། ད་དུང་ཕྲད་གཞན་དབང་ཅན་གྱི་བག་ཆགས་ངན་པ་འདི་ལ་དགའ་བ་རེད། དེས་ན། ང་ ཤ་བགྱིད་ མེད། ཅེས་བྲིས་ན་ཕན་ཐོགས་ཆེའོ།།
དེ་བཞིན་དུ།
ང་ འགྲོ་གི་ ཡིན། འབྲི་མཁན་ཚོས། སྒྲ་གདངས་གཙོབ་ོར་བྱས་པ་རེད།
ང་ འགྲོ་ཡི་ ཡིན། འབྲི་མཁན་ཚོས། མཐའ་མེད་རྗེས་ལ་ཡི་ཐོབ་པ་དེ་གཙོ་བོར་འཛིན་པ་རེད།
ངས། འདིར། བགྱིད་དང་། བགྱི་་དགོས་པར་བཤད་པ་ནི། ཡིག་གཟུགས་རང་གི་ད་ལྟ་དང་། མ་འོངས་པར་བསྟན་ཐུབ་པས་བྲིས་ན་ལེགས་པར་བཤད་པ་ཡིན་ནོ།། །།
ཁུངས་ནི། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་བགྱི་སྒྲ་འདི་ཉིད་ལས་ངས་ཉམས་ཞིབ་བྱས་པ་ལས། གསར་གཏོད་ཡང་མ་རེད། སྙམ་མོ།། །།
དེ་རིང་གི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་འདིའི་ནང་དུ་་་་འཆི་དབར་སྟག་རྩེ་་་་ཞེས་པ་ཞིག་བྲིས་བཀོད་གནང་འདུག་པས་འདིའི་སྐོར་བོད་ཀྱི་ལོ་རྒྱུས་གང་དུ་གསལ་ཡོད་དམ། ཀྱེ་མ་བོད་པ་འདི་ཚོ་ཨ་ཙ་མ། །
ལྷོ་ཁ་འཕྱོངས་རྒྱས་ཁུལ་གྱི་བཙན་པོའི་བང་སོ་ཡོད་སའི་ཁུལ་དེ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བསྐྱོད་སའི་གནས་ཤིག་ཆགས་ཡོད་པ།
གནས་ཚུལ་ལྟར་ན། ཉེ་ཆར་བོད་ཀྱི་གནའ་རབས་ཀྱི་རྒྱལ་ས་ཡིན་པ་ལྷོ་ཁ་འཕྱོངས་རྒྱས་ཁུལ་གྱི་བཙན་པོའི་བང་སོ་ཡོད་སའི་ཁུལ་ནས་གནའ་རྫས་རྙེད་སོན་བྱུང་བ་དེས། རྒྱ་ནག་གི་ནང་དང་རྒྱལ་སྤྱི་སོགས་ནས་བོད་ཀྱི་གནའ་རབས་ཀྱི་རིག་གནས་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་བྱུང་ཡོད་པ་དང་། དེས་ཡུལ་སྐོར་སྤྲོ་འཆམ་པ་དེ་བས་མང་པོ་བསྐྱོད་སའི་གནས་ཤིག་ཆགས་ཡོད་པ་རེད།
བཙན་པོའི་བང་སོ་དེ་ཚོ་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བང་སོ་ཡིན་པ་བོད་ཀྱི་ལོ་རྒྱུས་ཁག་གི་ནང་བོད་བཙན་པོའི་དུས་སྐབས་ཀྱི་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་བློན་ཆེན་དང་བཙན་མོ་བཅས་ཀྱི་བང་སོ་ཡིན། བང་སོའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་༣༠༠་ཡོད་པ་དང་། ད་ལྟའི་བོད་ནང་ཉར་ཚགས་བྱུང་བའི་ཆེས་ཆེ་བའི་བཙན་པོའི་བང་སོ་ཡིན། ༡༩༦༡་ལོར་བོད་བཙན་པོའི་བང་སོ་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཁུངས་གཙོ་བོ་གྲས་སུ་བཞག་ཡོད་པའི་སྐོར་དང་། མ་ཟད་པའི་བཙན་པོའི་བང་སོ་ཡོད་ས་ནས་རྙེད་སོན་བྱུང་བའི་གནའ་རྫས་དེ་ཚོར་ཞིབ་འཇུག་བྱེད་དུས་བོད་ཀྱི་དེ་སྔོན་གྱི་ནང་ཆོས་མ་དར་གོང་གི་བོད་ཀྱི་རིག་གནས་དང་དེ་བཞིན་སྨན། གཞན་ཡང་འཛུགས་བསྐྲུན་གྱི་གནས་སྟངས་སོགས་བོད་མིའི་འཚོ་བའི་གནས་སྟངས་དང་གོམས་སྲོལ་སོགས་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
དེ་ཁུལ་དུ་གནས་པའི་རི་བོ་བདེ་ཆེན་དགོན་པ་དང་འཆི་དབར་སྟག་རྩེ་ཞེས་མཁར་རྫོང་ཡོད་སའི་ཁུལ་དེར་དེ་སྔོན་བོད་ཀྱི་བསྟི་གནས་ཤིག་ཡིན་པ་རེད། ཁུལ་དེར་གནའ་རྫས་རྙེད་སོན་བྱུང་བ་རྣམས་འགྲེམས་སྟོན་ཁང་ཞིག་གི་ནང་འགྲེམས་འཇོག་བྱས་ཏེ་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་བལྟ་ཆོག་པ་ཞིབ་བཟོས་ཡོད་པ་དང་། དེར་ཚན་པ་རིག་པ་དང་ཞིབ་འཇུག་ཆེད་ལས་པ་སོགས་མང་པོས་གཟིགས་ཞིབ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
གཞན་ཡང་གནས་ཚུལ་ལྟར་ན། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ལྷོ་ཁ་བར་ད་ཡོད་འགྲུལ་འཁོར་གྱི་ལམ་གཞུང་ཞིག་ཡོད་མུས་ཐོག་ད་དུང་མགྱོགས་ལམ་གསར་པ་ཞིག་བཟོ་བསྐྲུན་བྱེད་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་ཕྲེང་རིང་བསྟན་ནོར།