སད་མི།
ང་ནི་ཁམས་སྟོད་ནགས་ཤོད་འབྲི་རུ་བ་ཞིག་ཡིན། 2006 འཆར་ཁ་ཞིག་ཏུ་རྒྱ་གར་ལ་སྐྱབས་བཅོལ་དུ་བྲོས་ཡོང་། དེ་ནས་བཟུང་ཏེ 2013 ལོའི་ཟླ་བ 7 པ་བར་ང་དང་ཁྱིམ་མིའི་འབྲེལ་བ་རྒྱུན་གཏན་ཅན་རེད་ལ། དུས་ཁོམ་རེ་བྱུང་དུས་ནང་མིར་ཁ་པར་འདྲ་བཏང་ནས་སྐད་ཆ་བཤད་རྒྱུ་ཡོད་དུས་སེམས་པ་ཧ་ཅང་སྐྱིད།
2013 ལོའི་ཟླ་བ 3 རྒྱ་རྒན་ཞིས་ཅིང་ཕིན་མགོ་པ་ཆགས་པ་རེད། ལོ་དེ་གའི་ཟླ་བ 9 པའི་ཚེས 27 ཡས་མས་ནས 10.1 ཏང་གི་འཁྲུངས་སྐར་ཟེར་བ་བསུ་མ་དམིགས་བསལ་བྱ་དགོས་ཟེར། དེས་མ་ཚད་ཁྱིམ་ཚང་རེ་རེའི་ཁང་ཐོག་ན་རྒྱ་མིའི་དར་དམར་བསྒྲེང་དགོས་པའི་བཀའ་རྒྱ་བཀྲམ་པ་དང་སྦྲགས་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་གྲོང་སྡེ 5453 ལ་བཀའ་བསྒོས་གཉེར་གཏད་ནས་རྒྱ་མིའི་ལས་བྱེད་ཁྲི་ཚོ་གཉིས་ཀྱིས་གྲོང་སྡེ་སོ་སོར་རྒྱལ་གཅེས་སློབ་གསོ་དང་འཇིགས་སྐུལ་བཙན་ཤེད་ཅི་བདེ་གང་འདོད་བྱེད་བཞིན་ཡོད།
རེད་དེ། 2013.9.28 ཉིན་འབྲི་རུ་རྫོང་བརླན་ཆུ་ཤང་གི་མོ་བ་གྲོང་དང་སྨོན་ཁྱིམ་གྲོང་མིས་རྒྱ་ནག་ལ་ངོ་རྒོལ་དྲག་པོ་བྱས་ཏེ་རྒྱ་མིའི་དར་དམར་ཁང་ཐོག་ཏུ་བསྒྲེང་རྒྱུ་ལྟ་ཅི། མི་ཁྲག་གིས་སྦགས་པའི་སྐར་མ་ལྔ་ཅན་དར་དམར་དེ་དག་རྒྱལ་མོ་རྔུལ་ཆུར་གཡུགས་པ་རེད། གནད་ཚུལ་འདི་ཐོན་མ་ཐག རྒྱ་ནག་གཞུང་གིས་གནད་དོན་དེ་ནི་གནམ་སར་མི་ཤོང་བ་ཞིག་ཡིན་པར་བསྙད་ནས་དམག་དང་ཉེན་རྟོག་པ་སོགས་དྲག་པོའི་རུ་ཁག་ཐད་ཀར་མི་དམངས་ལ་རྦད་པ་རེད། དེའི་སྟབས་ཀྱིས་ས་གནས་མི་དམངས་ཚོས་རྡོ་དབྱུག་ཅི་ཐེབས་ཀྱི་འཐབ་རྒོལ་བྱ་དགོས་ཐུག འོ་ནའང་། རྒྱ་ནག་པོས་མཚོན་ཆ་ཙག་གུ་ཙམ་མེད་པའི་མི་དམངས་ལ་ལྕགས་མདའ་ནག་པོའི་སོ་ཁ་ཅི་མི་སྙམ་པར་གཏད་དེ་བཀྲ་རྒྱལ་སོགས་ས་ལ་བསྒྱེལ་བ་རེད།
དེའི་རྗེས་ནས། རྒྱ་ནག་གིས་ནམ་རྒྱུན་ལྟར་སྟོན་མཇུག་རྩིས་རྒྱག་གི་ལག་ཐབས་སྤྱད་ནས་འབྲེལ་ཡོད་འབྲེལ་མེད་ཀྱི་བོད་མི་མང་པོ་བཙན་འཇུ་བཙན་ཁྲིད་བྱས་ཏེ་བཙོན་དོང་དུ་འཕངས་མོད། ས་གནས་མི་དམངས་ཀྱིས་མུ་མཐུད་ཁོང་ཅག་གི་རྒྱབ་ལངས་དང་ར་མདའ་སྟོབས་ཀྱིས་བཞེངས་ཏེ་མང་ཚོགས་རང་བཞིན་གྱི་ཟས་བཅད་ངོ་རྒོལ་བརྩམས། དེ་བཞིན་དུ་རྒྱ་རྒོལ་རང་སྲེག གཏེར་ཁ་སྔོག་འདོན་ལ་སྡེབ་ལངས་ཀྱི་ཁ་གཏད་བཅག་པ་སོགས་རེད། དེ་ལྟར་རྒྱ་གཞུང་གི་དྲག་གནོན་དང་ས་གནས་མི་དམངས་ཀྱི་ངོ་རྒོལ་གནོན་རེས་ལངས་རེས་ལྟ་བུ་བྱས་ནས་ཕལ་ཆེར་ལོ་ངོ་ཧྲིལ་པོ་གཅིག་ཙམ་སོང་།
མཐའ་མ། ཉེས་ཡོད་ཉེས་མེད་ཀྱི་ས་གནས་མི་དམངས་བརྒྱ་ཕྲག་བརྒལ་བ་ལ་ཁྲིམས་ཁང་གི་བརྒྱུད་རིམ་སྣེ་གཅིག་མེད་ལ། ཁྲིམས་གཅོད་བཅད་ཁྲ་བཙོན་པའི་ལག་ཏུ་ཐད་ཀར་སྤྲོད་འགྲོ་དུས་ཉེས་པ་བརྡར་ནས་ཁྲིམས་རྭ་ཞིག་འཚོག་རྒྱུ་ཕར་ཞོགས ཐ་ན་ནང་མིས་ཀྱང་ཅི་ཡིན་འདི་ཡིན་ཧ་ཙམ་གོ་གི་མེད་པ་རེད། གཞན་ད་དུང་ཆད་གཅོད་དང་། རྡུང་རྡེག ཟླ་ཞག་ཅི་རིགས་ཡུན་དུ་ས་ཕྱོགས་ལོགས་སུ་བཀར་ནས་འཇིགས་སྐུལ་སློབ་གསོ་སོགས་ཐ་ཆད་པའི་ལས་ཀ་ཅི་རིགས་པ་བྱས། ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་པ་བསྐོས་མ་ཐག་པའི་རྒྱ་རྒན་ཝུ་ཡིང་ཅེ་འདི་འབྲི་རུ་ལ་ལན་གྲངས་དུ་མར་ཡར་རྒྱུར་མར་རྒྱུག་བྱས། དུས་ཡུན་གང་འཚམ་རིང་འབྲི་རུར་བསྡད། ད་ཆ་འབྲི་རུའི་མི་དམངས་རྐང་ལག་རྐྱང་སྐུམ་ཙམ་བྱ་མི་ཆོག་པ་བཟོ་མཁན་ཁོ་རེད།
དུས་དེ་ནས་བཟུང་སྟེ། བར་སྐབས་ཤིག་ལ་འབྲི་རུའི་མི་དམངས་རྣམས་ལྷ་སར་འགྲོ་རྒྱུར་དཀའ་ལས་དྲ་མ་ཡོད་ལ། ལྷ་སར་མགྲོན་ཁང་གླ་མི་ཆོག་པའི་བརྡ་ཁྱབ་ཀྱང་བཀྲམ་བྱུང་། ཕ་ཡུལ་ནས་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན། སྡེ་དགེ་དཔལ་ཡུལ། རྫོགས་ཆེན་ཤྲཱི་སེང་། སེར་ཤུལ་བཅས་ལ་སློབ་གཉེར་དུ་བསྐྱོད་པའི་སེར་མོ་བ་བརྒྱ་ཁ་ལྷག་ཅིག་བཙན་གྱིས་རང་གནས་སུ་བཀུག བོད་ས་སྟོད་སྨད་ཐམས་ཅད་དུ་སྐད་འཕྲིན་ལམ་ནས་རྒྱལ་ཕྱི་ནང་གི་དགའ་ཉེ་ཐུག་གི་ཡོད་མོད། ང་ཚོ་ལ་མཚོན་ན། བརྒྱུད་ལམ་དེ་དག་བཀག་ནས་ཏག་ཏག་ལོ་གསུམ་ཕྱིན་ཚར། 2013 ལོའི་ཟླ་བ 7 ངས་སྐད་འཕྲིན་ལམ་ནས་ཕ་རྒན་ཐེངས་ཤིག་མཇལ་ཐུབ་པ་བྱུང་། ཏག་ཏག་ད་ལོའི་ཟླ་བ 7 པ་ཡོལ་དུས་ཁྱིམ་མི་སུ་གཅིག་མ་ཐུག་པར་ལོ་ངོ་ཧྲིལ་པོ་གསུམ་ཤར་རེ་ཕྱིན།
དུས་རིང་དེའི་ནང་། ཕྱི་སྡོད་འབྲི་རུ་བ་བརྒྱ་ཚོ་གཉིས་ཙམ་ཞིག་ཕལ་ཆེར་ཁྱིམ་མི་དང་འབྲེལ་བ་ཆད་ཡོད། ཨུ་ཚུགས་ཡག་པོ་བརྒྱབས་ན་མཚམས་རེ་ཁ་པར་འགྲོ་གི་འདུག་ཟེར། སྔ་ལོ་ཞིག་ཏུ་ཕ་ཡུལ་གཅིག་པ་ཞིག་གིས་རྒྱ་གར་ལྷོ་ཕྱོགས་ནས་ཁྱིམ་མིར་ཁ་པར་མཐུད་རྒྱུ་བྱུང་ནས་སྤུན་ཉེ་ཞིག་དང་ཁ་བརྡ་བྱས། ཉིན་ཤས་སོང་རྗེས་ཁོང་བརླགས་པ་རེད། ཟླ་ཤས་སོང་དུས་ཕྱིར་གློད་ཀྱི་རེད་དྲན་མོད་ད་ལྟའང་ཕྱིར་ཡོང་མེད་པ་རེད།
དེས་ན། ནང་མིའི་སྐོར་གཅིག་གཅིག་གཉིས་གཉིས་གོ་དཀའ་ནའང་ཕ་ཡུལ་སྤྱིའི་གནས་ཚུལ་འདྲ་བོ་སྐབས་རེ་རྒྱ་ནག་ཏུ་ཡོད་པའི་བོད་མི་འགའ་བརྒྱུད་ནས་གོ་རྒྱུ་ཙམ་ལས་གཞན་ལམ་ཁ་མེད་པ་ཆགས་ཡོད།
འདས་ལོ་དེ་དག་གི་ནང་དུ་སྙིང་ཉེ་བའི་ཡུལ་མི་ཅི་འདྲའི་མང་པོ་ཞིག་རྒྱ་མིའི་བཙོན་དུ་ཚུད་ཡོད་པ་དང་། རུས་རྐང་ཡོད་པའི་སྤུན་ཉེ་སུ་དག་ཚུལ་མིན་གྱི་དཀའ་སྡུག་གཟེད་དགོས་བྱུང་མིན་ཧ་གོ་དོན་རྟོགས་གཏན་ནས་མེད་པ་ཡིན།
2016.8.31 ཉིའུ་ཡོག
སྡེ་འབྲི་རུ་བས་དཀའ་ལས་མང་པོ་བརྒྱབ་པ་སེམས་ནང་ཁྲིག་སེ་ཡོད།
རེད་སྡེ་འབྲི་རུ་ལྷ་སྡེ་རེད། ཡུལ་རྔ་བ་དཔའ་ཡུལ་རེད། ཁུལ་དཀར་མཛེས་གཡང་ར་རེད།
བོད་ཁྱོན་ཡོངས་ལ་སྐར་དར་གྱིས་བཀབ་ཟིན་རེད། ད་འབྲི་རུ་བས་སྡུག་མྱོང་བྱས་ན་ཕན་པ་ཡོད་མ་རེད། ཡུལ་གྱར་བོད་མི་ཚང་མ་དར་དམར་འོག་ལ་ཡོང་གི་ཡིན་ཟེར་བཞིན་ཡོད་པས་དེ་བཞིན་འབྲི་རུ་བས་མོས་པ་མེད་དམ། རྔ་བརྡུང་བཟོ་ལ་གར་འཁྲབ་དགོས་རྒྱུ་དེ་གལ་ཆེ་མ་རེད་དམ།
ཏྲེ་ཧོར་ཡིན་ན་འདི། ཁན་མཚར་བ་ལ། ག་དུས་ཡིན་ན་ཡང་། སྐྱོན་ཞིག་བཤད་མ་ཐུབ་པར་ཤི་བསྡད་ཡོད་པའི་སྲོལ་འདྲ་བོ་ཞིག་འདུག།
འདི་ན་དགྱ་ནག་བཙན་བཀའ་ལས་བབས་པའི་མགོ་ནག་བོད་མིའི་བདེ་སྡུག་གླེང་བཞིན་ཡོད་དུས།
ཁ་ཕར་འཁོར་ནས་དགྲ་བོར་སོ་ཞིག་རྒྱག་མ་ཐུབ་ན་ཡང་། ཁ་ཚུར་འཁོར་ནས་ནང་མི་རྨུག་དགོས་དོན་ཞིག་ཡོད་དམ། ཁྱོད་མི་ལས་ངན་ཞེ་པོ་ཞིག་ཡིན་པ་འདྲ། དགའ་མ་སོང་། དྲང་པོ་ཡིན།
ཁན་མཚར་བ་ལ།
འདི།
ཁྱད་མཚར་བ་ལ།
གནམ་ལགས། ཧ་གོ་བར་གྱིས་ཨ། ངས་དངོས་ཡོད་བཤད་ཀྱི་ཡོད་གདའ། དགའ་མི་དགའ་ཁྱོད་རང་འདོད་པ་རེད། ལས་ངན་པ་རང་རེད་འདུག་གདའ། བྱི་བ་ནང་བཞིན་ཡིབ་ནས་རང་མིང་ཡང་གསལ་འདོན་བྱས་མི་ཕོད་པར་རྟག་ཏུ་ནག་ཁུངས་ནས་འགན་ལེན་མི་འདོད་པའི་མཆན་འབྲི་བ་་་་་་་་རྒྱུ་མཚན་ལྡན་པ་ཤོད་རྒྱུ་ཡོད་ན་དངོས་སུ་ཐོན་ཤོག་དང་་་་་་་
བོད་རང་སྐྱོང་ལྗོངས་ཟེར་བའི་འོག་ན་མྱི་ལ་སྙིང་ཡོད་པ། སྙིང་ལ་རུས་པ་ཡོད་མཁན་ནི་འབྲི་རུ་བ་ཙམ་དུ་ཟད། ང་ཚོས་གསལ་པོར་མཐོང་གིས་ཡོད། ཁྱེད་ཅག་གི་དཀའ་ངལ་ཡང་སེམས་སུ་གསལ་ལེ་ཡོད།
ཧ་ཧ་འཆན་བུ་དེ་ཚོ་དགོས་དྲོ་བ་ལ་ཨང་
ཀརྡོ། མ་ཤེས་ཤེས་མདོག་སྟོན་མ་ཡོང་རོགས་ཞུ། ཁན་དང་ཁད་གཉིས་ཀྱི་གང་འབྲི་བ་དེ་ང་རང་གི་འདོད་པ་རེད། བོད་དང་བོན་གཉིས་ཀྱི་གང་འབྲི་བ་དེ་ཡང་ང་ཚོའི་འདོད་པ་ཡིན་པ་ཨ།
ཁྱེད་རང་འཐད་ན་འདྲ། མ་འཐད་ན་འདྲ། དུས་རབས་དེ་ཚོའི་རྒྱུད་ལམ་ནས། ཁྱནད་ནས་ཁན་ནམ་ཁད་ལ་སྒྲ་དང་འབྲི་འགྱུར་སོང་བ་རེད། རང་གང་ལ་འདོད་པ་ཡོད་ན་དེ་བཀོལ་རོགས་ཞུ།
ཏྲེ་ཧོར་བས། མིང་དེའི་འོག་ནས་དཀྲིག་ཤིང་གི་འགན་ཞིག་ཁུར་ཡོད་ན་ནི་དེར་ཟད། དེ་མིན་པའི་ཁྱེད་ལ་གསུངས་གསར་ནག་གི་ཐུག་པ་འདྲ་ཞིག་མེད་པ་ཁ་བརྡ་ཚང་གི་སེམས་རྩ་ན་གསལ་གསལ་ཐང་ཐང་ཡོད་པ་རེད།
གྱོད་མ་བཤད། མ་ཤོད་པར། གྱོད་འོག་ལ་མགོ་སྒུར་ཚར་བ་ཡིན་པའི་སྐད་ཆ་ཞིག་སུས་བཤད་སོང་། ང་ཚོ་ད་དུང་བཙན་གནོན་འོག་ན་ཡོད་པ་རེད། དེ་ཤེས་བར་བྱོས།
ཁྱོད་ལྟ་བའི་རྐང་མེད། བླ་མེད་པའི་དགྱ་ཕྱོགས་པ་དང་དགྱ་དམར་བ་སུ་ཞིག་གིས་ང་ཚོའི་བཙན་པོའི་མི་རྒྱུད་མགོ་འབུད་ལུས་འབུད་ལ་རེ་ན་ཡང་། བོད་ཕྱི་ནང་གཉིས་ལ་རྒྱལ་ཁ་འདི་ཡིན་ཞིག་མེད་པར་ང་ཚོ་བོད་རྒྱལ་ཁབ་ཕྱི་ནང་གི་བོད་རེ་བ་ཅན་ཚོ་གསོན་ཁོ་ཐག་ཡིན། ཆོལ་གསུམ་བོད་མིའི་དཔའ་བོ་ཚོ་ལ་མི་ལོ་སྟོང་དུ་བཞུར་ཐུབ་པའི་ཁྲག་གི་འཕེར་རྩ་ཡོད། དེ་ཤེས་བར་བྱོས།
ངོ་མ་རེད། ཁམས་པའི་ནང་ནས་འབྲི་རུ་དཔའ་བོ་ལོན་པ་རེད། རང་ལུས་མེར་སྲེག་དང་རྒྱ་དར་ཆུ་ལ་གཡུག་པའི་ལས་འགུལ་སྤེལ་ཡོད། གདུང་སེམས་མཉམ་བསྐྱེད་ཡོད།
#9 གནམ ་ལགས་ཀྱིས་སྤེལ་དོན།:
September 2nd, 2016 at 7:51 am
ཀརྡོ། མ་ཤེས་ཤེས་མདོག་སྟོན་མ་ཡོང་རོགས་ཞུ། ཁན་དང་ཁད་གཉིས་ཀྱི་གང་འབྲི་བ་དེ་ང་རང་གི་འདོད་པ་རེད། བོད་དང་བོན་གཉིས་ཀྱི་གང་འབྲི་བ་དེ་ཡང་ང་ཚོའི་འདོད་པ་ཡིན་པ་ཨ།
ཁྱེད་རང་འཐད་ན་འདྲ། མ་འཐད་ན་འདྲ། དུས་རབས་དེ་ཚོའི་རྒྱུད་ལམ་ནས། ཁྱནད་ནས་ཁན་ནམ་ཁད་ལ་སྒྲ་དང་འབྲི་འགྱུར་སོང་བ་རེད། རང་གང་ལ་འདོད་པ་ཡོད་ན་དེ་བཀོལ་རོགས་ཞུ། ་་་་་་་ ཟེར། ཧཧཧ།། །།
ལྷ་སྡེ་ཁམས་འབྲི་རུའི་མི་མང་གིས་བློས་གཏོང་དང་སེམས་ཤུགས་ནམ་ཡང་བརྗེད་མི་སྲིད་དོ།།རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་ལ་གུས་འདུད་ཞུ། །
ཧཧཧཧཧ་་་་་་༼གནམ༽ཟེར་མཁན་མཆན་བུ་འདི། རྩམ་པ་བཟའ་མཁན་རེད་མི་འདུག་་་་་་་རྩྭ་ཟ་མཁན་མྱི་ཅིག་རེད་ཤག་་་་དེ་ལས་དུས་ཚོད་འཕྲོ་བརླག་མི་གཏོང་གདའ།
མདོ་ཁམས་ནགས་ཤོད་འབྲི་རུའི་མི་མང་ནི་ལྷག་བསམ་ཡོད་ཀྱང་དུས་ཚོད་དང་སྤྱི་ཚོགས་ཁོར་ཡུག་ལ་བསྟུན་མི་ཤེས་མཁན་གྱི་གླེན་རྟགས་ཅན་ཞིག་རེད། དཔེར་ན་ད་ལྟའི་དུས་འདིར་བཙན་བྱོལ་ནང་ལ་རང་བཙན་གྱི་ལྟ་བ་ཁུར་མཁན་ཞིག་བྱུང་ན་༧གོང་ས་མཆོག་ལ་དད་པ་མེད་མཁན་དང་། དབུ་མའི་ལམ་ལ་གཏོར་བཤིག་གཏོང་མཁན་རེད་ཟེར་ནས་འབུར་འཇོམ་བྱས་ནས་སྤྱི་ཚོགས་ཐོག་ལ་ནག་བསུབ་གཏོང་ཡག་གི་དུས་སྐབས་ཤིག་རེད། ཡིན་ནའང་འབྲི་རུ་བ་རྣམས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་བོད་མི་ས་ཡ་གཅིག་ལྷག་གི་གཟུངས་ཁྲག་གིས་ཚོས་པའི་རྒྱ་ནག་གི་རྒྱ་དར་ལ་མི་འདོད་པའོ་རྣམ་འགྱུར་གྱིས་མེར་བསྲེགས་བ་དང་ཆུ་ལ་གཡུགས་པ་སོགས་སྲོག་ལ་ཐུག་པའི་བྱ་འགུལ་སྣ་ཚོགས་སྤེལ་འདུག །ལས་འགུལ་འདི་ནི་བོད་ནང་ལ་རྒྱ་ནག་གིས་ངོས་འཛིན་ག་འདྲ་ཞིག་བྱེད་ཀྱི་ཡོད་པ་དང་། དེའི་མཇུག་འབྲས་ག་འདྲ་ཡིན་མིན་བཤད་མི་དགོས་ལ། ད་ལྟའི་དུས་སུ་བཙན་བྱོལ་ནང་ལའང་བྱ་འགུལ་འདིའི་རིགས་བྱུང་ན་བོད་ནང་དང་གཅིག་མཚུང་ཡིན། འདི་ལམ་དབུ་མ་ལ་དད་སེམས་ཆེ་དྲག་པ་མ་ཡིན་པ་རང་གི་འདོད་དོན་སྒྲུབ་ཆེད་ལག་ཞིག་ཡིན། ཡིན་ནའང་འབྲི་རུ་བས་གནས་ལུགས་འདི་ཚོ་ཤེས་ཀྱི་མེད།
ཏྲེ་བྱམས་འདིས་ག་དུས་ཡིན་ན་གཞན་ལ་སྐྱོན་དང་ངན་རྐྱང་རྐྱང་བཤད་ནས་འདུག་གི
འབྲི་རུས་རྒྱ་ནག་དར་ཆ་ཆུ་ལ་གཡུགས། བཙན་བྱོལ་རང་དབང་ལུང་པ་ནས་མགོ་ལ་ཕྱར།