ཆོས་གྲགས་རྒྱ་མཚོ།
ད་ནངས་སྔ་དྲོ་གྲོགས་མོ་ཞིག་གི་སྐད་འཕྲིན་རྒྱབ་ངོས་སུ་བུ་མོ་སྒྲོལ་མ་ཞུ་བ་ཞིག་གིས་རྒྱ་སྒོར་ས་ཡ་ལྔ་ལྷག་བཏང་ནས་ལུག་དྲུག་སྟོང་ལྷག་ཚེ་ཐར་ཆེད་གསེར་རྟ་རྩ་ཐང་ནས་བརྒྱབ་པའི་གནས་ཚུལ་ལམ་གསར་འགྱུར་ཞིག་སྤེལ་འདུག་པ་མཐོང་སོང་། དེ་ནས་ང་རང་འཛིན་གྲྭར་སོང་ནས་ཕལ་ཆེར་ཆུ་ཚོད་གཉིས་ཡས་མས་ཙམ་གྱི་རིང་ལ། ངའི་ཀླད་པའི་ནང་གྲོགས་མོ་དེའི་སྐད་འཕྲིན་རྒྱབ་ངོས་ཀྱི་གསར་འགྱུར་དེ་ཡང་ཡང་དུ་འཁོར་ནས་སློབ་ཚན་ཡང་དེ་ཙམ་ངེས་མ་སོང་། ཕྱིར་ཉལ་ཁང་དུ་སླེབས་ནས་ཁ་པར་སྒོ་ཕྱེ་སྐབས། དྲྭ་གྲོགས་མང་པོ་ཞིག་གིས་གསར་འགྱུར་དེ་ཚ་ཚ་འུར་འུར་དུ་སྤེལ་གྱིན་འདུག་ལ། མང་པོ་ཞིག་གིས་བསྟོད་པའི་མཐེ་བོང་བསྒྲེང་གིན་འདུག
ཡིན་ན་ཡང་། ང་ལ་དེ་ལས་ལྡོག་སྟེ་སེམས་ཚོར་འཕར་མ་ཞིག་དང་སྐྱོ་སྣང་སྐྱུར་མོ་ཞིག་སྐྱེས་བྱུང་བས། དྲྭ་གྲོགས་འགའི་སྐད་འཕྲིན་གྱི་མཆན་དུ་ངོ་རྒོལ་དང་དགག་པ་ཡོད་ཚུལ་བྲིས་པ་ཡིན། དྲྭ་གྲོགས་མང་པོ་ཞིག་ཧང་སངས་འདུག ཁག་ཅིག་གིས་ངའི་བསམ་ཚུལ་ལ་ག་ལེར་མོས་མཐུན་དང་ངོས་ལེན་གནང་གིན་འདུག
ངས་ག་ཚོད་བསམ་བློ་བཏང་ཡང་བུ་མོ་སྒྲོལ་མའི་བྱ་བཞག་དེ་རླབས་ཆེ་བའི་བྱ་བཞག་ཅིག་དང་། ཆོས་ཡང་དག་པ་ཅིག་ཏུ་ཁས་ལེན་བྱེད་ཐུབ་མ་སོང་། ཆོས་ཕྱོགས་ནས་ང་རང་ཉིད་ཀྱིས་ནང་བསྟན་ཆོས་ལུགས་ལ་ཐོས་བསམ་སློབ་གཉེར་བྱས་པའི་བརྒྱུད་རིམ་ཁྲོད། ཚེ་ཐར་བྱ་བ་ནི་ཡང་དག་པའི་ཆོས་ཤིག་དང་ཉམས་ལེན་རྣལ་མ་ཞིག་ཏུ་མཐོང་མ་སོང་ལ། ལྷག་པར་དུ་འཇིག་རྟེན་པའི་ངོས་ནས་སྨྱོ་རྟགས་ཙམ་ལས་རིན་ཐང་ཆེར་མཐོང་མ་སོང་། དེའི་ཕྱིར། ངས་འདི་ནས་མོའི་གཏོང་ཕོད་དང་སྙིང་སྟོབས་ལ་གུས་བཀུར་དང་རྗེས་སུ་ཡི་རིང་བྱེད་བཞིན་ཡོད་པ་ལས། མོའི་ཐེངས་འདིར་བསྒྲུབ་པའི་བྱ་བཞག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་པ་བྱ་འདོད་ཡོད།
མ་གཞི་ནས་མོའི་དྭངས་གཙང་ལྷད་མེད་ཀྱི་ཆོས་སེམས་དང་གཏོང་ཕོད་ནི་དངོས་གནས་བློ་ཡུལ་དུ་ཤོང་དཀའ་བའི་རླབས་ཆེན་གྱི་བྱ་བཞག་ཅིག་ཏུ་མཐོང་མོད། འོན་ཀྱང་མོས་བསྒྲུབ་པའི་ལས་དེར་མོས་མཐུན་དང་འདོད་འདུན་རྩ་བ་ཉིད་ནས་མེད།
རྒྱུ་མཚན། ཆོས་ཕྱོགས་ནས་བཤད་ན། མདོ་སྔགས་ཀྱི་གཞུང་ཆེན་དག་ལས་གལ་ཆེར་དོན་ཆེན་དུ་བསྟན་མི་འདུག་ལ། མདོ་ལས་ཀྱང་དགེ་སྦྱོང་གི་ཕྱིར་དང་ངན་སོང་གི་འཇིགས་པ་ལས་གྲོལ་ཆེད། ཚེ་བསྲིང་བ་བཅས་ཀྱི་ཕན་ཡོན་ཙམ་ལས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཇུག་པའི་རྒྱུ་རུ་ཕལ་ཆེར་ལུང་དུ་བསྟན་མེད་ལ། ཡོད་དུ་སྲིད་ཀྱང་་དེ་ནི་སྲིད་མཐའ་ཙམ་ཡིན་ངེས།
འཇིག་རྟེན་པའི་ངོས་ནས་བཤད་ན། ཆེ་ས་མི་རིགས་དང་རྒྱལ་ཁབ། རིགས་གཞུང་། ཆུང་ས་ནང་མི་སྤུན་མཆེད་དང་གཉེན་ཉེ་འབྲེལ། དེ་བཞིན་ཡུལ་ལུང་དང་ས་ཕྱོགས་གཅིག་པ་བཅས་སུ་ཕན་ཐོགས་ཐུབ་མེད་པ་མ་ཟད། རྒྱ་ཁ་ཆེའམ་ཧོས་ཧོས་ལུག་ཚོང་བ་དག་གློ་བུར་དུ་ཕྱུག་པོར་བསྒྱུར་བ། ད་རུང་རྒྱ་ཁ་ཆེ་དག་གིས་སྒོར་གྱི་ཕྱིར་དུ་སྔར་ལས་མང་བའི་ཕྱུགས་ཟོག་དང་དུད་འགྲོའི་རིགས་སེམས་ཅན་འདྲ་མིན་སྣ་ཚོགས་ཚོང་རྭར་བསྒྱུར་བའི་ལས་འགུལ་ཆེ་རུ་འགྲོ་བ། དཔེ་མཚོན་ཙམ་ཞུ་ན། རྒྱ་གར་ནང་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་ཏུ་བོད་པས་ཉ་སོགས་སྲོག་བླུ་གཏོང་གི་ཡོད་པ་རྒྱུ་མཚན་དུ་བྱས་ནས། རྒྱ་གར་བ་དག་གིས་ཉ་སོགས་སེམས་ཅན་འདྲ་མིན་བཟུང་ནས་བོད་པའི་སར་ཆེད་དུ་བཙོང་གི་ཡོང་གི་རེད། ཁོང་ཚོར་ཉ་སོགས་སེམས་ཅན་དེ་དག་གནམ་ནས་ལྷུང་གི་ཡོད་མ་རེད་ལ། ས་ནས་སྐྱེས་ཀི་ཡོད་མ་རེད། ཁོང་ཚོས་སྒོར་གྱི་ཕྱིར་དུ་རྒྱུགས་ཆུ་དང་མཚོ་འགྲམ་དུ་དཀའ་སྤྱད་འབད་རྩོལ་བྱས་ཏེ་བཟུང་ནས་ཡོང་གི་ཡོད་རེད། བོད་དང་རྒྱ་མི་དག་གིས་ཅི་ཙམ་མང་བ་ཉོས་ན་ཁོང་ཚོས་དེ་ཙམ་གྱིས་ཉ་སོགས་བཟུང་བ་དེ་ཙམ་གྱི་མང་དུ་འགྲོ་གི་ཡོད་རེད། ཡིན་ན་ཡང་། དེང་སྐབས་བཙན་བྱོལ་ནང་མང་པོ་ཞིག་གིས་གནས་སྟངས་དེ་ཤེས་ནས་ཁོང་ཚོའི་ལག་ནས་མ་ཉོས་བས་ན། ཁོང་ཚོས་ཕྱིས་སུ་ཉ་སོགས་འཛིན་བཟུང་གི་བྱ་བ་ཉུང་དུ་སོང་ཡོད་པ་ལྟ་བུ་རེད།
དངོས་གནས་བྱས་ན། རྒྱ་སྒོར་ས་ཡ་ལྔ་ལྷག་ཅིག་གི་ཆོས་ཕྱོགས་ནས་བཤད་ན། མི་བརྒྱ་ཐམ་པ་ལ་འཚོ་བ་སྦྱར་ནས་ཆོས་ཁོ་ན་བསྒྲུབ་ཏུ་བཅུག་བཞག་ན། རང་གཞན་གཉིས་ཀར་དགོས་ཕན་ཆེ་ལ། ཡང་ན། ནང་བའི་འདུས་སྡེ་ཆེ་ཁག་རྣམས་སུ་ནང་ཆོས་ལ་ཐོས་བསམ་སློབ་གཉེར་གནང་མཁན་ཚོར་སློབ་ཡོན་གྱི་དོད་དུ་ཕུལ་དང་། ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་བྱས་རྗེས་ཡོད་རེད། མ་མཐར་ཡང་། གསེར་རྟ་ཆོས་སྒར་ནས་འཚོ་བ་ངལ་ངོན་སྐྱེལ་བཞིན་པའི་གྲྭ་བཙུན་ཚོ་དང་། སྡོད་སྒར་དང་བཞུགས་ཤག་བཙན་གྱིས་གཏོར་ཟིན་པའི་སློབ་གཉེར་བ་དེ་ཚོར་འཚོ་སྣོན་གྱི་ཆེད་དུ་ཕུལ་བཞག་ན། དགེ་རྩ་དང་ངོ་གཉིས་ཀ་ཡོད་རེད་ལ། རླབས་ཆེན་གྱི་བྱ་བཞག་ཏུའང་འགྲོ་ངེས།
ཡང་ན། མདོ་ཁམས་ཕྱོགས་ཀྱི་ཡིག་རྨོངས་པའི་ཡུལ་ལུང་རེ་འགར་སློབ་གྲྭ་རྒྱག་པ་དང་སློབ་གསོའི་ཆེད། ཡང་ན། དྭ་ཕྲུག་དང་ཕྱེད་དྭ་ཕྲུག དབང་བོ་སྐྱོན་ཅན་དང་ཉམ་ཐག་སློབ་མར་རོགས་དངུལ་དུ་བཏང་བཞག་ན་ཡང་། ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་ཕན་པ་ལས་གནོད་པ་མེད་ལ། ཆོས་ཆོས་སུ་འགྲོ་ངེས་ལ། ཕན་པའང་ཕན་པའི་རང་བཞིན་དུ་འགྱུར་ངེས། བོད་ཁམས་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུ་བ་དང་། རིག་གཞུང་དོན་གཉེར་བ། སློབ་གསོའི་བྱ་བཞག་བཅས་ཀྱི་ཆེད་དུ་བཏང་བ་ཡིན་ཡང་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་རེད།
མ་ཟད་ད་དུང་། བོད་ཁམས་ཡོངས་ཀྱི་རིག་གནས་སློབ་གསོའི་བྱ་འགུལ། དཔལ་འབྱོར་རོགས་སྐྱོར་གྱི་བྱ་འགུལ། ཉམ་ཐག་དང་རྒས་གཅོང་སོགས་ལ་རོགས་སྐྱོར་གྱི་བྱ་འགུལ་ཆེད་ཕུལ་བཞག་ན། ཆོས་དང་འཇག་རྟེན་གཉིས་ཀའི་ཐད་ནས་ཁེ་ཕན་ལས་གྱོང་མེད་མོད། འོན་ཀྱང་། དེ་ལས་ལྡོག་སྟེ་ཕྱུགས་ཟོག་དྲུག་སྟོང་ལྷག་ཅིག་གསེར་རྟ་རྩ་ཐང་དུ་གཏོར་བཞག་ན། དེ་ཚུལ་ཁྲིམས་བློ་གྲོས་ཀྱིས་བདག་པོ་རྒྱག་གམ། གསེར་རྟ་བླ་རུང་གིས་བདག་པོ་རྒྱག སུས་འཚོ་སྐྱོང་བྱེད། ཉིན་ལྟར་སྤྱང་ཀི་ཡིས་ཟོས་སོང་ན། རྐུན་མས་རྐུས་སོང་ན། ཇག་པས་དེད་སོང་ན། སུས་དེ་ལ་བདག་གཅེས་དང་འཚོ་སྐྱོང་བྱེད།
མ་གཞི་ནས་ལུག་གི་ཚེ་ཚད་ནི། ཕལ་ཆེར་ལོ་ངོ་བཅུ་གྲངས་ཤིག་རེད། གསེར་རྟ་རྩ་ཐང་ན་ལོ་ནས་ལོ་བར་ཕྱུགས་ཟོག་ཁྲི་སྟོང་མང་པོར་བཟའ་རྒྱུའི་རྩ་ཡིས་འདང་ངམ། ད་ལྟ་ད་དུང་ཡང་། གསེར་རྟ་རྩ་ཐང་ན་གཞན་གྱི་བདག་ཏུ་མ་བཟུང་བའི་རྩ་ཐང་དེ་འདྲ་ཡོད་དམ། གཞན་གྱིས་བདག་ཏུ་བཟུང་བའི་རྩ་རྭའི་ནང་བདག་མེད་ཀྱི་ཕྱུགས་ཟོག་འཛུལ་ན་སྐྱོན་མེད་དམ། ནམ་ཞིག་མཚན་མོ་ཞིག་ལ་ཁ་ཆེའམ་ཧོས་ཧོས་སྐོར་ཞིག་ཡོང་ནས་དེད་སོང་ན། ཡང་ན་སྲིད་གཞུང་གིས་ཆེད་དུ་མི་མངག་ནས་ཕྱུག་ཟོག་འདི་དག་ལ་ན་ཚ་ག་གེ་མོ་བྱུང་འདུག་ཟེར་ནས་ལྡེབ་གསོད་བྱས་བཞག་ན། དེ་ལ་བདག་པོ་ཡོད་དམ། སྐབས་དེར་ཚེ་ཐར་གཏོང་མཁན་དང་དེའི་ཉེ་འཁོར་གྱི་ཆོས་པ་དག་གིས་ཚེ་ཐར་དེ་དག་གི་སྲོག་སྐྱོབས་ཐུབ་བམ། དེ་དུས་རྒྱ་སྒོར་ས་ཡ་ལྔ་དང་ཚེ་ལུག་སྟོང་ལྔའི་རིན་ཐང་ས་ལ་བསྲེས་པ་རེད།
ངས་བསམ་ན། ཚུལ་ཁྲིམས་བློ་གྲོས་སོགས་དགེ་བཅུ་ཁྲིམས་ལས་པ། སེར་མོ་པའི་གཟུགས་ཙམ་འཛིན་པ། དོན་ལ་བསྟན་པ་དང་འགྲོ་བ་ཡོངས་ལ་འཚེ་བར་བྱེད་པའི་ལས་ལས། འགྲོ་བ་མིའི་འཚོ་གནས་ཀྱི་རིན་ཐང་དང་། ཚེ་སྲོག་གི་རིན་ཐང་ཏིལ་འབྲུ་ཙམ་ཡང་མི་ཤེས་པའི་བླུན་རྨོངས་བ་ཁག་ཅིག་གིས་ངན་སྐུལ་འོག་བསམ་བློ་མ་སྨིན་པ་དང་རྨོངས་དད་ཅན། ཆོས་སེམས་ཅན་ཁག་ཅིག་ལ་མགོ་བསྐོར་དང་བསླུ་བྲིད་ཀྱིས། མི་དམངས་ཀྱིས་ཁབ་བསགས་འབིག་བསགས་བྱས་པ་དང་། སེན་མགོ་ཁྲག་དང་སེན་གཏིང་རྣག་ལ་བསྲེས་ནས། དཀའ་སྤྱད་དང་རྔུལ་ནག་ལ་བརྗེ་བའི་རྒྱུ་ནོར་སོགས་གཡོ་ལེན་བྱ་ཆེད། རྒྱ་ཁ་ཆེའམ་ཧོས་ཧོས་དག་དང་མཉམ་འབྲེལ་གྱིས་དངུལ་ལོར་བསགས་པའི་བྱེད་ཐབས་ཤིག་ལས། བསྟན་པ་དར་བ་དང་འགྲོ་བ་བདེ་བ། སེམས་ཅན་སྐྱིད་པའི་ལས་ཤིག་ཏུ་ལར་ནས་མཐོང་ཐབས་མི་འདུག་གོ
སྲོག་སྐྱབས་པ་ལ་ཕན་ཡོན་མེད་ཟེར་མཁན་ཁྱོད་མ་གཏོགས་ནང་པ་སངས་རྒྱས་པ་སུ་ཡོད། སྲོག་གཅོད་པ་པོ་མེད་ན་སྲོག་སྐྱོབ་པའི་ཕན་ཡོན་ཡང་མེད་པས། གཞན་ཤན་པས་སྲོག་བཅད་མང་པོ་བྱས་ཀྱང་གཞན་སྲོག་སྐྱོབ་མཁན་ལ་སྡིག་པ་ག་ཡོད། དགེ་སྡིག་ནི་སོ་སོའི་ཀུན་སློང་ལ་རག་ལས་པས་སོ། །འཆི་ལ་ཁད་པའི་སྐྱབས་མེད་ཉམས་ཆུང་འདི་དག་ལ་སྙིང་རྗེ་ནས་སྲོག་སྐྱོབ་མཁན་ལ་ཡི་རང་མེད་པའི་རྟོག་གེ་བ་ཁྱོད་རང་སྙིང་རྗེ། ད་དུང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་འདེབས། ཨ་ཁ་ཁ། སྡིག་ཅན་ཁྱོད།
ཁྱི་རྒྱགས་གནམ་གྱི་སྐར་མར་ཟུག་ཟེར་བ་དེ་འདི་འདྲ་རེད། མོ་རང་གི་སྒོར་མོ་གང་དུ་གཏང་དང་མི་གཏང་མོ་རང་གི་འདོད་པ་རེད། ཁྱོད་དང་ང་ཚོའི་ས་ནས་ཁྲལ་དང་འུ་ལག་ལ་བསྡུས་པ་ནི་མ་རེད། ཁྱོད་ལ་ངོ་རྒོལ་རྒྱག་པའི་ཐོབ་ཐང་ཞིག་ག་ལ་ཡོད།
ཆོས་གཞུང་ནས་སྲོབ་བསྐྱབས་ན་ཕན་ཡོན་མེད་གསུངས་ཡོད་ཟེར། འདི་འདྲ་བ་ཞིག་ཁྱོད་ཀྱི་ཁ་ཆེའི་ཆོས་གཞུང་ནས་སྦྱངས་པ་འདྲ་མིན་ན་སངས་རྒྱས་པའི་གཞུང་གི་ནང་ན་ནི་སྲོབ་བསྐྱབས་པའི་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡིན་པར་གསུངས་འདུག
ལུག་ཁ་ཆེའི་ལག་ནས་ཉོས་ན་ཁ་ཆེ་ཕྱུག་པོར་འགྱུར་རྒྱུ་དང་མ་ཉོས་ནས་ཁ་ཆེ་དབུལ་པོར་འགྱུར་རྒྱུ་ག་ལ་ཡོད། ཁ ཆེའི་ལུག་བསད་ནས་ཤ་བཙོང་ན་ཁེ་བཟང་ཡོད་ཡོད་པ་རེད། འདི་ཙམ་ཡང་ཤེས་གི་མི་འདུག་གམ།
སྲོག་ལས་རིན་ཐང་ཆེ་བ་ཞིག་གང་ན་ཡོད། ཉིན་གཅིག་ལ་སྐྱོབ་ཐུབ་ན་ཡང་ཐུབ་པ་རེད། གཞན་གྱི་ཤོག་སྒོར་ལ་སེར་སྣ་བྱེད་མཁན། གཞན་གྱི་རྒྱུ་ནོར་ལ་བརྣབ་སེམས་བྱེད་མཁན།
བྱང་ཆཡབ་སེམས་དཔའ་ལ་སྐུར་བ་འདེབས་པ་དང་། འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་ན་བྱང་ཆུབ་སེམས་དཔའི་ལྟུང་བ་རེད། རྒྱུ་འབྲས་དང་ཚེ་འདི་ཕྱི་ཟེར་བ་ཞིག་ཡོད་པ་ལ་ཡིད་ཆེས་ཡོད་མཁན་གྱི་མི་ཞིག་ཁ་ནས་འདི་འདྲ་ཞིག་ཐོན་ག་ལ་ནུས།
རྩོམ་པ་པོ་ཁྱོད་ཀྱིས་སེམས་ལ་དྲན་ནས་ཁ་ནས་བཤད་པ་འདི་ལས་ལྷག་ཅིག་རྒྱ་ཁ་ཆེ་ཤན་པ་ཚོས་ཀྱང་སྒྲུབ་གི་ཡོད་པ་མ་རེད། ཁྱོད་ཀྱང་ཁ་ཆེའི་ལྟ་བའམ་འཚེ་བ་ཆོས་སུ་སྨྲ་བའི་ལྟ་བ་ཡོད་མཁན་ཞིག་ཡིན་ས་རེད།