མི་ཉག་ཀུན་དགའ་བཀྲ་ཤིས།
ཉིན་འགའི་སྔོན་ལ་བོད་ནང་གི་བུ་མོ་སྒྲོལ་མ་ཟེར་བ་ཞིག་གིས་ལུག་དྲུག་སྟོང་ལས་བརྒལ་བ་ཞིག་སྡིག་ཅན་ཤན་པའི་གྲི་ཁ་ནས་བླུ་ཉོས་བྱས་པའི་དཔར་རིས་སོགས་གནས་ཚུལ་ཞིག་གང་སར་འགྲོ་བཞིན་པ་རེད། བོད་ཕྱི་ནང་གཉིས་སུ། བུ་མོ་དེའི་དཀར་ཕྱོགས་ཀྱི་ལས་ལ་བསྟོད་བསྔགས་དང་ཡི་རང་གི་མེ་ཏོག་འཐོར་མཁན་ཡོད་པ་ལྟར། དམའ་འབེབས་དང་ཁ་རྡུང་གི་ཚིག་མཚོན་འཕེན་མཁན་ཡང་ཧ་ཅང་མང་པོ་རེད། དེ་ནི་གཞན་ལ་མེད་པའི་བོད་པའི་དམིགས་བསལ་གྱི་གཤིས་ཀ་ཟེར་བ་དེ་རེད།
སྤྱིར་ན་ལུག་སྟོང་ཕྲག་འགའ་ཟེར་བའི་གྲངས་ཀ་མང་པོ་དེ་ཕར་ཞོག ཐ་ན་ཆད་ལ་ཉེ་བའི་ལུག་རྐང་གཅིག་གི་ཚེ་སྲོག་སྐྱོབ་ཐུབ་པ་དེ་ཡང་ཧ་ཅང་གི་རླབས་ཆེ་བ་དང་། བསམ་བརྗོད་ལས་འདས་པའི་བྱ་བ་ཞིག་རེད། དེས་ན་ངས་བུ་མོ་དེར་སེམས་དཔའ་ཆེན་མོ་ཞེས་འབོད་ན་ཅིས་ཀྱང་འདོད། མ་གཞི་བོད་པ་ཞིག་ཡིན་ཕྱིན་ཆད། ཁ་ནས་ཡིག་དྲུག་བགྲང་། ལག་ཏུ་ཕྲེང་བ་ཐོགས། སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་དོན་དུ་སྨོན་ལམ་རྒྱབ་མཁན་རྐྱང་རྐྱང་རེད། འོན་ཀྱང་རང་ཉིད་ཀྱི་སྒོ་རྣམས་ཐེ་ཚོམ་མེད་པར་གཤན་པའི་ལག་ཏུ་འཇོག་པ་ལས། རང་ཉིད་ཀྱི་དངུལ་ཁུག་ཁ་ཕྱེས་ནས་ཐ་ན་བྱ་དེ་གཅིག་གི་ཚེ་སྲོག་བླུ་ཉོ་བྱེད་མཁན་དཀོན་པོ་རེད། དེ་ནི་བོད་པའི་ཐུན་མོང་མ་ཡིན་པའི་ཞན་ཆ་རེད།
དྲྭ་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་སྒྲོལ་མས་ལུག་ཉོས་པ་དེ་ཁ་ཆེ་ཚོ་ཕྱུག་པོ་བཟོ་བའི་གཞོགས་འདེགས་བྱས་པ་དང་། ལུག་དེ་ཚོ་གསོད་དུ་འཇུག་དགོས། ཁ་ཆེ་ཚོར་ལུག་གི་འཚོང་ལས་ཀྱི་ལམ་ཁ་སྤྲད་མི་ཉན་ཟེར། ང་ཚོ་ནི་ཆོས་ལུགས་དང་ཆོས་ལུགས་བར་ལ་མཐུན་སྒྲིལ་དང་མི་རིགས་དང་མི་རིགས་བར་ལ་མཛའ་བརྩེ་དགོས་ཟེར་མཁན་གྱི་མི་རིགས་ཤིག་ཡིན་པས། ཁ་ཞིག་གྲགས་དུས་ནས་ཁྱོད་ཁ་ཆེ་དང་ང་བོད་པ་ཟེར་བའི་དགོས་མེད་ཀྱི་རྩོད་པ་མ་བསླངས་ན་ཕུགས་ཀྱི་ཁེ་ཕན་ཆེ། དངོས་གནས་ཡིན། མ་གཞི་སྲོག་བླུ་སྐབས་ང་ཚོས་ང་རང་ཚོ་ཁ་ཆེ་ཚོ་དང་གཤིབ་བསྡུར་བྱེད་པ་ནི་བླུན་པོའི་རྟགས་མཚན་ཙམ་མ་རེད་དམ། ལུག་དེ་ཚོའི་ཡོང་ས་ཁ་ཆེ་ཚོའི་ལུང་པ་ནས་རེད་དམ། ཡང་ན་བོད་རང་ནས་རེད། དེ་ལ་ང་ཚོས་བསམ་བློ་རེ་ངེས་པར་དུ་གཏོང་དགོས་པ་འདུག སྤྱིར་ན་ཁ་ཆེའི་ལུང་པ་ཚོའི་ནང་ལ་ལུག་ཡོད་ས་ཡོད་རེད་དེ། ལུག་མང་སའི་ཁ་ཆེའི་ལུང་པ་རྣམས་སྐྱོ་བ་དང་། གསེར་གྱི་མོ་ཊ་དང་གསེར་གྱི་ལྷ་ཁང་སོགས་ཡོད་པའི་སྙན་གྲགས་ཅན་གྱི་འཛམ་གླིང་གི་ཕྱུག་བདག་ཧ་ཅང་མང་པོ་ཞིག་ནི་ཁ་ཆེ་བ་རེད། དེ་ཚོའི་ལུང་པ་ནང་ལུག་ཟེར་བའི་དུད་འགྲོ་འདི་འཚོ་གནས་བྱེད་ཁག་པོ་རེད། དེས་ན་བོད་པས་ལུག་ཉོས་ན་ཁ་ཆེ་ཚོའི་འཚོལ་ལས་འཕེལ་རྒྱས་འགྲོ་བའི་སེམས་ཁྲལ་མ་བྱེད་རོགས། ལུག་བཙོང་ནས་ཕྱུག་པོ་ཆགས་རྒྱུ་ཞིག་ཡོད་ན་འཛམ་གླིང་གི་ཕྱུག་བདག་མང་པོ་ཞིག་བོད་ཀྱི་མདོ་སྟོད་སྨད་ནས་ཡོང་དགོས་པ་མ་རེད་དམ།
སེམས་བཟང་ཅན་གྱི་བུ་མོ་སྒྲོལ་མས་ལུག་སྟོང་ཕྲག་འགའ་ཚེ་ཐར་བཏང་བའི་ཀུན་སློང་དང་། ལྷག་བསམ། སྙིང་རྗེ། སྙིང་སྟོབས། བློ་རྒྱ། དམིགས་ཡུལ། དེ་བཞིན་ཆོད་སེམས་སོགས་ལ་དོགས་པ་གཏན་ནས་མེད་པ་མ་ཟད། ང་ལྟ་བུ་ཞིག་གིས་ཚེ་འདི་ཡི་ནང་བསྒྲུབ་རྒྱུ་ལྟ་ཞོག སེམས་ལ་ཡང་བསམ་མི་ཕོད་པའི་ཕུལ་ཏུ་བྱུང་བའི་བྱ་བཞག་ཅིག་ཡིན་པ་ནམ་ཡང་ངོ་འཛིན་བྱེད་རིགས། འོན་ཀྱང་ལག་ལེན་གྱི་ཐོག་ནས་ཚེ་ཐར་རམ་སྲོག་བླུའི་ཕན་ཡོན་དང་གནོད་སྐྱོན་གཉིས་ཀྱི་ཡང་ལྕི་འཇལ་དགོས་པ་ཡང་ཧ་ཅང་གལ་ཆེན་པོ་རེད། དངུལ་སྤྲད་ནས་སྲོག་བླུ་བྱེད་པ་དེ་གནས་སྐབས་དང་། ཡང་ན་མིག་གི་མདུན་དུ་སྙིང་རྗེ་པོ་དང་། ནུས་པ་ཡོད་པ་ལྟ་བུར་ཚོར་བ་ལས། ཕུགས་རྒྱང་རིང་པོར་བསམ་ཚེ། སྲོག་བླུའི་རྣམ་བཞག་སྤང་པ་དེ་རང་བཞིན་གྱི་ཚེ་ཐར་གཏོང་བའི་བྱ་བ་ཞིག་ལ་འགྱུར་མི་འགྲོ་བ་ཡང་གཏན་ནས་རེད་མི་འདུག
དཔེར་ན། ད་ཆ་དྲྭ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་ལྟར་བོད་ཀྱི་བླ་གྲྭ་ཚོའི་ཤུགས་རྐྱེན་འོག སྤྱིར་མ་ལེ་ཤི་ཡ་དང་ཐེ་ཝན་སོགས། དེ་ནས་དེ་སང་རྒྱ་ནག་ནང་དུ་སྦྱིན་བདག་མང་བ་ཡོད་མཁན་ཚོས་ཉ་མང་བ་དང་། སྦྱིན་བདག་ཉུང་བ་ཚོའི་དེ་ལས་ཉུང་བ། གང་ལྟར་སྒེར་པའི་དཔལ་འབྱོར་གྱི་གནས་བབ་ལ་གཞིགས་པའི་ཉ་སོགས་སྲོག་ཆགས་རྣམས་བླུ་ཉོ་བྱས་ཏེ་གཙང་པོ་ནང་དུ་གཏོང་བའི་ཁྱབ་ཆེ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གཞུང་དེ་རེད། ངས་ནི་དེ་ཡག་པོ་ཞིག་གཏན་ནས་མཐོང་གི་མེད། གལ་སྲིད་རྒྱལ་ཁབ་དང་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་ལ་ཡོད་པའི་ཉ་གཏོང་ཆོག་ལ་འཛིན་མི་ཆོག་པའི་གཙང་པོའམ། ཆུ་བོ་ཞིག་ཡོད་ན་ནི་གནས་ཚུལ་ཐ་དད་རེད། དེ་འདྲ་ནི་དཀོན་པོ་རེད། གང་ལྟར་ཉ་སྒང་ནས་ལྷོད་ན་འོག་ལ་ཉ་པ་གཅིག་པའི་དྲྭ་རྒྱ་ནང་ཚུད་འགྲོ་བ་རེད།
ད་དུང་ས་ཆ་ཞིག་ལ་ཉ་ཉོས་ནས་ཉ་མང་པོ་སྣོད་གཅིག་ནང་བླུགས་པ་དང་། ཉ་རེ་རེ་བཞིན་གཟབ་གཟབ་བྱས་ནས་ཆུའི་ནང་མ་ལྷོད་པར། སྡེབ་གཅིག་ལ་ཉ་སྟོང་ཚོ་མང་པོ་ཆུའི་ནང་གཡུགས་པ་དང་། དེའི་རྐྱེན་གྱིས་ཉ་མང་ཤོས་ཤིག་གི་ལྒང་བུ་གས་པ། ཤི་བ། རྨས་པ། མ་ཤི་བ་རྣམས་འབག་བཙོག་ཅན་གྱི་ཆུ་བོའི་ནང་དུ་ཡུན་རིང་གནས་མི་ཐུབ་པ་སོགས་མདོར་ན་སྲོག་བླུ་བྱ་དང་བླུ་བྱེད་གཉིས་ཀའི་སྲོག་དང་དཔལ་འབྱོར་གྱི་གྱོང་གུན་དེ་ཁ་གསབ་བྱེད་མི་ཐུབ་པ་ཞིག་རེད།
མདོར་ན་ཉ་ཆུའི་ནང་དུ་ལྷོད་པ་དང་ལུག་རི་ལ་བརྒྱབ་པ་གཉིས་ཕལ་ཆེར་འདྲ་པོ་རེད། སེམས་ཅན་དེ་དག་སྲོག་བླུའི་ཁྲོམ་རྭ་བརྒྱུད་འཚོང་མཁན་དང་ཉོ་མཁན་གཉིས་ཀྱི་བར་དུ་འཁོར་སྐྱོད་རྐྱང་རྐྱང་བྱེད་ནས་ཤི་བ་ལས་ལྷག་པའི་མི་ཡུལ་དུ་སྡུག་བསྔལ་མྱངས་ནས་ཤི་འགྲོ འགྲོ་ལུགས་ལྟར་བྱེད་ན། ལུག་ཉོ་མཁན་མེད་ན་ལུག་གི་འཚོང་རྭ་ཞིག་ཀྱང་བསྐྲུན་ཐུབ་མི་སྲིད་པ་རེད། དེས་ན་གོང་དུ་བཤད་པ་ལྟར་སྲོག་བླུ་སྤངས་བ་ནི་སྲོག་བླུའི་རྩ་བ་རེད། བོད་པ་ཚོས་ལད་ཟློས་ཤེས་པ་ལས་གསར་གཏོད་མི་ཤེས། བཀྲ་ཤིས་ཀྱིས་ཟ་ཁང་བཙུགས་ན་དོན་འགྲུབ་སོགས་ཐམས་ཅད་ཀྱིས་དེ་ལ་བརྩོན་གྱི་རེད། བློ་བཟང་གིས་བྱུར་ཚོང་བརྒྱབ་ན་བསྟན་འཛིན་སོགས་ཐམས་ཅད་དེའི་རྗེས་སུ་འབྲང་གི་རེད། དེ་བོད་པའི་ལུགས་སྲོལ་རེད། ད་རྒྱུ་སྟོབས་ཆེ་བའི་བོད་པ་རྣམས་སེམས་བཟང་ཅན་གྱི་བུ་མོ་སྒྲོལ་མའི་སྙིང་སྟོབས་ལ་ལད་མོ་མི་བྱེད་པའི་ངེས་པ་མེད་པ་ན། མི་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད། ལུག་ཉོ་མཁན་མང་ན་ལུག་ཚོང་མཁན་ཇེ་མང་དུ་འགྲོ་རྒྱུ་རེད། གཉིས་ཀ་ཇེ་མང་དུ་འགྲོ་བས་ཐམས་ཅད་ཇེ་དབུལ་དང་ཇེ་ལྐུགས་སུ་འགྲོ་བ་གཏན་འཁེལ་རེད།
ང་ཚོའི་མི་རིགས་ལ་བསམ་ན་ལུག་གི་དུས་རབས་ལས་བརྒལ་ཐུབ་པ་བྱེད་དགོས། མི་རིགས་གཞན་རྣམས་བྱ་ལྟར་གནམ་ལ་འཕུར་བ་དང་། ཉ་ལྟར་རྒྱ་མཚོའི་ནང་ཉུལ་བ་དང་། ཙི་ཙི་ལྟར་ས་འོག་ཏུ་འཛུལ་བ་སོགས་ཚན་རིག་དང་དཔལ་ཡོན་གྱི་འོད་སྟོང་འཕྲོ་དུས། ང་ཚོ་ད་དུང་ལུག་འགའ་ལ་མགོ་འཁོར་གྱི་ཡིན་ནམ། ལུག་ཉོ་ཚོང་བྱེད་ནས་བོད་ཀྱི་ལུག་ཚང་མ་རྫོགས་པའི་དབང་དུ་བཏང་ན་ཡང་། དེ་སང་འཕྲུལ་རྩལ་རིག་པ་ཧ་ཅང་དར་ཞིང་རྒྱས་པས་ན། ང་ཚོ་ལུག་བླུ་ཉོ་བྱེད་པར་སྨྱོས་ན། བོད་དེ་འཛམ་བུའི་གླིང་གི་ལུག་གི་ཁྲོམ་རྭ་ཆེ་ཤོས་དེ་ཆགས་མི་འགྲོ་བའི་ངེས་པ་གཏན་ནས་མེད། དེ་ལྟར་བྱུང་ཚེ་རྗེས་མ་ཞིག་ལ་འཛམ་གླིང་ནང་གི་ལུག་ཡོད་ཚད་བོད་ལ་འདུས་ནས། བོད་ལ་”འཛམ་གླིང་ལུག་གཤན་བསྟི་གནས་” ཟེར་བའི་མིང་གནས་དེ་རག་ཡོང་། དེ་དུས་ལུག་མང་དྲགས་ན་ཡང་བྱེད་ཐབས་གང་ཡང་ཡོད་པ་མ་རེད། དེ་རིང་ཁ་སང་ཐམས་ཅད་ཚོང་དང་ཚོང་གི་དོན་དུ་ཡིན་པ་དང་། འཚོང་ཡོད་ན་ཐམས་ཅད་མ་བོས་ཀྱང་འཁོར་འོང་ངེས་རེད།
དཔེ་མཚོན་གཞན་ཞིག་ལ། ལོ་འགའི་སྔོན་གྱི་བོད་དེ་འཛམ་གླིང་ནང་གི་སྟག་གཟིག་པགས་པའི་ཁྲོམ་རྭ་ཆེ་ཤོས་དེ་རེད་ཟེར་ན་འགྲིག་གི་ཡོད་པ་རེད། བོད་པ་ཚོས་ཡོད་ཚད་སྟག་གཟིག་པགས་པར་བསྒྱུརད་བ་དང་། རང་ཉིད་ཀྱི་གདོང་དང་སོ་སོགས་གཙང་མ་ཡག་པོ་ཞིག་བྱེད་མི་ཤེས་པར། ད་དུང་འཛམ་གླིང་ཁོ་ཚོའི་སྦར་མོ་ནང་ཡོད་སྙམ་པའི་རྗེས་ལུས་ཀྱི་སྤོབས་པ་བསྐྱེད་ནས་བོད་ཀྱི་དུས་ཆེན་ཁག་ཏུ་ལུས་པགས་པ་གོང་ཆེན་གཡོགས་ནས་འཛམ་གླིང་མི་དམངས་ཀྱི་མདུན་དུ་ངོ་ཚ་ཁ་སྐྱེངས་དགོས་པ་བཟོས་ཡོད། ༧རྒྱལ་བ་རིན་པོ་ཆེ་སོགས་ཀྱང་ཞལ་སྐྱེངས་དགོས་པ་བཟོས་པ་མ་ཟད། དེའི་སྐོར་བཀའ་བཀྱོན་ཞིག་ཀྱང་གནང་དགོས་བྱུང་བ་རེད། རྒྱུ་མཚན་ནི་རྒྱ་གར་སོགས་ལུང་པ་མང་པོ་ཞིག་གི་རྒྱལ་སྤྱིའི་སྲུང་སྐྱོབ་འོག་ཏུ་ཚུད་པའི་སྟག་གཟིག་རྣམས་རྩ་སྟོང་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་ཕྲད་པ་མ་ཟད། ཛ་དྲག་མྱུར་སྐྱོབ་མ་བྱས་ཚེ་བོད་ཀྱི་པགས་པའི་ཚོང་རྭ་ཨ་ཧྥ་རི་ཀ་སོགས་སུ་ཡང་སླེབས་སྲིད་པའི་སྔོན་དཔག་བྱས་པ་རེད། གང་ལྟར་ཕྱི་ནང་གི་གནོན་ཤུགས་དང་ཤུགས་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་ནང་ལ་སྟག་གཟིག་ལྤགས་སྲེག་གི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་རེད། དེ་བྱུང་བ་ལ་བརྟེན་ནས་བོད་ནང་གི་པགས་པའི་ཁྲོམ་རྭ་ཐོར་ཞིག་ཏུ་སོང་བ་དང་མཉམ་དུ་རྒྱ་གར་ནང་གི་སྟག་གཟིག་གི་གྲངས་ཀ་ཡར་འཕར་མགོ་བཙུགས་པ་རེད། ལུང་པ་གཞན་ལ་དེ་ལྟར་ཡིན་པ་བཤད་མི་དགོས་པ་རེད། འདིར་སྟག་གཟིག་པགས་པ་ཉོ་མཚམས་བཞག་པ་དེ་སྲོག་བླུ་དང་ཚེ་ཐར་གྱི་ལས་འགུལ་དོན་སྙིང་ལྡན་ཤོས་དེ་ཆགས་ཡོད།
མདོར་བསྡུས་ནས་བཤད་ན། དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ན་སྲོག་བླུ་བྱེད་ཆོག་ལ། དེས་ཕལ་ཆེ་བ་ཞིག་སྲོག་སྐྱོབ་པའི་གེགས་སུ་འགྱུར་བཞིན་འདུག་གམ། ཡང་ན་གྲོགས་སུ་འགྱུར་འགྲོ་བཞིན་ཡོད། ཚུལ་འདིར་བརྟག་དཔྱད་ལེགས་པོ་རེ་བྱེད་དགོས་པའི་དུས་ལ་སླེབ་ཡོད། ཡང་ཁ་ཤས་ཀྱིས་བུ་མོ་སྒྲོལ་མས་ལུག་ཚེ་ཐར་བཏང་བ་དེས་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྡོ་ལྟ་བུར་ངོ་འཛིན་བྱེད་བཞིན་ཡོད་ན་ཡང་། སྒྲོལ་མས་ལུག་སྟོང་ཕྲག་འགའ་ཞིག་མ་ཉོས་པའི་གོང་གི་ལུག་གི་ཚོང་ལས་ལ་བརྟེན་ནས་ཕྱུག་བདག་ཅན་དུ་གྱུར་པའི་བོད་པ་ག་ཚོད་ཅིག་བྱུང་ཡོད་དམ། དྲང་པོ་བཤད་ན། ང་ཚོ་མང་ཆེ་བ་ཞིག་སྒོ་ཟོག་ཉུང་ཤས་ཤིག་ལ་མགོ་འཁོར་ནས་ཡོང་བས་ན་ང་ཚོ་ཡང་མི་ཡིན་པ་ཙམ་ལས། བྱེད་ལས་ཀྱི་ཆ་ནས་སྒོ་ཟོག་དག་ལས་ཁྱད་དུ་འཕགས་པ་ཞིག་བྱུང་མེད་པ་གསལ་པོ་རེད།
མ་འོངས་པར་དངུལ་སྒོར་གྱི་ནང་དུ་རྐང་པ་ཟུག་པའི་བུ་མོ་སྒྲོལ་མ་ལྟ་བུའི་བོད་ཀྱི་འབྱོར་ལྡན་ཚོས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལུག་ཚེ་ཐར་བཏང་བའི་ཚབ་ལ་སློབ་གསོ་དང་ཤེས་ཡོན་བརྒྱུད་ལུག་དང་འདྲ་བའི་རང་རིགས་སྤུན་ཟླ་རྣམས་ལུག་མ་གཏོགས་མི་ཤེས་པའི་རྗེས་ལུས་དང་མུན་ནག་གི་རྣམ་པ་ལས་ཡོངས་སུ་བཅིངས་གྲོལ་བྱེད་དགོས། ལུག་ལས་ལྷག་པའི་བོད་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་ཐུབ་ན། ད་གཟོད་ལུག་བརྟེན་གྱི་འཚོ་བ་ལས་བརྒལ་ཐུབ། དེ་དུས་ལུག་སྐྱེད་སྲིང་བྱེད་མཁན་ཇེ་ཉུང་དུ་འགྲོ་ངེས་ལ། བོད་པའི་ལུག་དང་བོད་པའི་བར་ལ་རྒྱང་ཐག་ཇེ་རིང་དུ་སོང་ངེས། དེ་ནི་ཕུགས་རྒྱང་རིང་བའི་ལུག་སྐྱོབ་ལས་འགུལ་ཞིག་རེད། བོད་མི་རིགས་འདི་ཉིད་མི་རིགས་གཞན་དག་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་རེ་བ་གསར་པ་ཞིག་སླེབས་སྲིད་དོ།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་༢༠༡༦ ཟླ་བ་༠༩ པའི་ཚེས་༠༣ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཟ་ཁང་ཞིག་ཏུ་བྲིས་པ་དང་། མ་ཕྱི་ལ་སྐྱར་བཅོས་བགྱིས་པའི་དུས་ཚོད་མ་རག་པའི་རྐྱེན་གྱིས་དག་ནོར་དང་ཆད་ལྷག་མང་དག་ཅིག་ཡོད་ངེས་པས་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་བ་ལགས།།
བོད་མི་རིགས་ཀྱི་ནང་དུ་ལས་དཀའ་འདི་འདྲ་ལས་ཐུབ་མཁན་ཡོད་དམ། དངོས་གནས་མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་ལ་ཕན་ཐོག་པའི་བྱ་བ་རེ་བསྒྲུབ་ཐུབ་ན་དགེ་བ་ལོས་ཡིན། འདི་འདྲ་རེ་མཐོང་དུས་བོད་པ་ཚོས་བ་སོའི་འཕྲེང་མ་བེད་སྤྱོད་བྱེད་མཚམས་བཞག་ན་དེ་ཡང་དགེ་བའི་བྱ་བ་རླབས་པོ་ཆེ་ཞིག་ལོས་ཡིན་སྙམ་མོ། །
https://www.youtube.com/watch?v=3Kzapw5qUoU
ཡག་པོ་ཞེ་དྲག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་བ་ཡིན། དངུལ་མང་པོ་སྤྲད་ནས་ཚེ་སྲོག་སྐྱོབ་པ་དང་། སྐྱོབས་མཁན་རྣམ་པར་ཡིད་རངས་ཞུ་བ་དང་། ཡང་ལ་ལས་དེ་ལ་འགག་པ་བྱེད་པ་སོགས་ལས། སོ་སོའི་ཤ་ཟ་རྒྱུ་དེ་གང་འདྲ་ཡིན་མིན་དང་སོ་སོ་དཀར་ཟས་བ་བྱེད་རྒྱུ་དང་། གཞན་ལ་དམར་ཟས་སྤང་རྒྱུ་རྒྱུད་བསྐུལ་སོགས་བྱེད་ན་གང་འདྲ་འདུག།
ཚེ་སྲོག་གི་རིན་ཐང་ལ་བསམ་ན་སྒོར་ཁྲི་ཕྲག་ཁ་ཤས་ནི་ཅི་གང་ཡང་མ་རེད། བུ་མོ་སྒྲོལ་མ་མོ་རང་གི་དངུལ་གང་དུ་གཏོང་མི་གཏོང་མོ་རང་གི་འདོད་པ་རེད། འདིས་ནི་བོད་མིའི་བྱམས་སྙིང་རྗེའི་གཤིས་ཀ་མཚོན་བཞིན་ཡོད། ངས་ཚེ་ཐོག་འདིར་མོ་མཇལ་བའི་གོ་སྐབས་ཤིག་ཐོབ་རྒྱུ་ཡོད་ན་མ་མཐའ་ཡང་ཤོག་དངུལ་ཁ་ཤས་ཤིག་འབུལ་འདོད་ཡོད། མོའི་ཤོག་དངུལ་དེ་ཚོ་ཁྱོད་དང་ང་ཚོའི་ལག་ནས་ཁྲལ་དང་འུ་ལག་ལ་བསྡུས་པ་ནི་མ་རེད། ཁྱི་རྒྱགས་གནམ་གྱི་སྐར་མར་ཟུག་ཟེར་བ་ལྟར་དགོས་དང་མི་དགོས་ས་ཚང་མར་ཁ་ལྕེ་ལེབ་མོ་འདི་ཐོན་དགོས་པ་ཞིག་ཨེ་ཡིན་ནམ་སྙམ་མོ།།ཤེས་ཡོན་གྱི་ཕྱོགས་སུ་བཏང་ནས་ཞེད་པོ་ཞིག་བྱ་བསམ་ན་ཁྱེད་རང་གིས་བསྒྲུབ་དང་ཆོག་གི་རེད། དངུལ་གཏོང་མི་ཐུབ་ན་དང་བླངས་དགེ་རྒན་ལ་ཐོན་དང་འགྲིགས།
རྒྱ་ཁ་ཆེ་བ་ལ་ལུག་བསད་བཅུག་ན་ཡང་སྒོར་མོ་བཟོ་རྒྱུ་རེད། མ་བཅུག་ན་ཡང་སྒོར་མོ་ཐོབ་པ་རེད། གཞན་གྱི་དགེ་བ་རྗེས་སུ་ཡི་རང་བྱ་མ་ཐུབ་རུང་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་ན་བྱང་ཆུབ་སེམས་དཔའི་ལྟུང་བ་མ་རེད་དམ། ཨ་ཁ་ཁ། འདི་ཙམ་ཡང་ཤེས་གི་མི་འདུག་གམ། མ་གཞི་ཁྱོད་དང་ཁྱོད་ཚོའི་བསམ་སྟངས་བཤད་སྟངས་འདི་ཁ་ཆེ་ཤན་པ་ལས་བཟང་ཞིག་ནི་རེད་མི་འདུག ཉིན་གཅིག་ལ་སྐྱོབ་ཐུབ་ན་ཡང་ཐུབ་ནི་རེད། ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་གང་ན་ཡོད། སྒོར་རྡོག་ས་ཡ་ལྔ་ཟེར་བ་དེ་ཚོ་ཕྱུག་པོའི་པུ་གུ་ཞིག་གིས་ཉིན་ཞག་གཅིག་གི་རྩེད་མོ་རྩེད་སྤྱད་རེད། ཤོག་ལྷེབ་དེ་ཚོ་འདི་འདྲ་བའི་དགེ་རྩ་རླབས་ཆེན་ཞིག་ལ་བསྒྱུར་ཐུབ་པ་དེ་རྗེས་སུ་ཡི་རང་ཞུ་དགོས་ངེས་རེད།
བོད་པ་རྗེས་ལུས་ཡིན་མིན་ངས་མི་ཤེས། བོད་མི་རྗེས་ལུས་ཡིན་ས་ཡང་ཡོད་ཀྱི་རེད། སྔོན་ཐོན་ཡིན་ས་ཡང་ཡོད་ཀྱི་རེད། འཛམ་བུ་གླིང་རིལ་མོ་འདིའི་སྟེང་ན་གཞན་གྱི་ཚེ་སྲོབ་བསྐྱབས་པ་ལས་ལྷག་པའི་བྱ་བ་རླབས་ཆེན་སྒྲུབ་མཁན་ཞིག་ངས་ནི་མཐོང་མ་སོང་། མ་གཞི་ཚེ་སྲོག་ལས་རྩ་བ་ཆེ་བ་དང་རིན་ཐང་ཆེ་བ་ཞིག་མེད་པས་ན་དེ་ལས་ལྷག་ཅིག་བསྒྲུབ་ཐབས་ཀྱང་ཡོད་ཀྱི་མ་རེད།
གཅིག་ད་ཐེངས་ཀྱི་སྲོག་བླུ་དེ་བུ་མོ་སྒྲོལ་མ་རང་གིས་རེད་མི་འདུག གནས་ཚུལ་གསལ་པོ་མ་བྱུང་སྔོན་དཔྱད་པ་ཚར་བ་འདི་ང་ཚོའི་ངང་ཐུང་གི་རྩོམ་པ་པོ་ཚོའི་རང་གཤིས་རེད།
གཉིས།
སྤྱིར་བཏང་གིས་ཉ་སྲོག་བླུ་སོགས་གཏོང་སའི་ས་ཆ་སོགས་སྐྱེ་ཁམས་དང་བསྟུན་དགོས་པ་འདི་ཤིན་ཏུ་བདེན་ཡང་། ལུག་འདི་དག་གཏོང་ས་སོགས་ཁོང་ཚོས་གོ་སྒྲིག་འཐུས་ཚང་བྱས་ཡོད་འདུག་པ་འདིར་མ་བསམ་པར་བྱུང་རྒྱལ་དུ་བྲིས་འདུག
གསུམ། དེ་ལས་ཚབས་ཆེ་བ་ཞིག་ནི། དཔྱོད་བརྗོད་པ་མང་པོ་ཞིག་གིས་སྒོར་མོ་འདི་དག་གིས་རྒྱ་ཁ་ཆེ་བ་དེ་ཚོ་ཕྱུག་པོ ཆགས་ཀྱི་ཡིན་པ་ལབ་ཀྱི་འདུག
རྒྱ་དེ་ཚོས་ཤ་ལ་་བསྒྱུར་ནས་བཙོང་ནའང་མ་རྩ་གཅིག་པ་གཅིག་རྐྱང་འཇོག་གི་རེད། སྒོར་མོ་དེས་ཡང་བསྐྱར་ལུག་ཉོ་གི་རེད།
བཞི། རྒྱ་ཁ་ཆེའི་ལག་ནས་བོད་མཐོ་སྒང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རང་གི་ནང་མི་ལྟ་བུའི་ལུག་སྟོང་ཕྲག་མང་པོ་ཞིག་རང་ཁྱིམ་རྩྭ་ཐང་དུ་ལོག་པ་འདིར་མ་མཐའ་ཡང་དགའ་ཚོར་ཞིག་མི་སྐྱེ་བར་དེ་ལས་ལྡོག་སྟེ་རྩྭ་ས་གཏོར་བརླགས་གཏོང་འདོག་འདོག་སོགས་བཤད་པ་འདི་དག་གི་སྙིང་རྡོ་དང་ལྕགས་སོགས་ལས་གྲུབ་པ་འདྲ་ཡིན་ནམ། ངས་གོ་བ་མི་ལོན་པར་ལྷག་ཡོད།
རྫ་ཚེ་ནས་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད་ན་གསལ་པོར་བྱེད་ན་འགྲིག་གི་རེད་པ། ཤེས་མདོག་མདོག་བྱས་ནས་གང་ཡོང། སྲོག་བསླུས་པ་དེ་ལ་ཡི་རངས་ཡོད། ལྕེ་ལ་རུས་པ་མེད་དུས་གར་བསྒྱུར་བསྒྱུར་རེད། ངོ་མ་བྱས་ན་ལུག་དང་པོར་མ་བཙོང་སྔོན་ནས་བོད་པའི་སར་ནས་ཉོས་ནས་ཚེ་ཐར་བཏང་བ་ཡིན་ན་ཕན་ཐོགས་ཆེན་པོ་རེད། ཡིན་ནའང་འབྲོག་པ་རེ་རེའི་སར་ཕྱིན་ནས་བཙོང་མི་བཙོང་གི་སྐད་ཆ་འདྲི་རྒྱུ་སོགས་དཀའ་མོ་རེད། མངོན་ཤེས་ནི་མེད། གང་ལྟར་རྒྱ་ཁ་ཆེ་ཕྱུག་པོ་ཆགས་རུང་སེམས་ཅན་ཚེ་ཐར་ལ་བ་དེ་རླབས་ཆེན་གྱི་སེམས་དཔའ་དང་དགེ་སྟོབས་ཆེན་པོ་ཞིག་བསགས་འདུག
མི་ཉག་ཀུན་དགས་བཤད་བཤད་མཐར་སློབ་གསོ་དང་ཤེས་ཡོན་གྱིས་རང་རིག་སྤུན་ཟླ་རྗེས་ལུས་ལས་བཅིང་གྲོལ་བཏང་དགོས་ཟེར། དེ་དགེ་བ་ཡིན་ཟེར། བྱམས་སྙིང་རྗེ་མེད་པའི་སློབ་གསོ། རང་རིགས་མ་གཏོགས་དུད་འགྲོ་སོགས་ཀྱི་བདེ་སྡུག་ལ་བསམ་ཤེས་མེད་པའི་ཤེས་ཡོན། ཧཧཧ དེ་འདྲའི་སློབ་གསོ་དང་ཤེས་ཡོན་ནི་མོའུ་ཙེ་ཏུང་གི་སློབ་གསོ་རེད། དེས་བོད་བཅིང་གྲོལ་བཏང་དགོས་ཟེར་བ་ནི་མའོ་དང་གཅིག་པ་རེད། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གིས་ཟིན་པའི་བསམ་པའི་དཔལ་ཡོན་དེ་དག་ཡལ་ནས། བྱ་ལྟར་གནམ་ལ་འཕུར། ཉ་ལྟར་ཆུ་ལ་ཉུལ། ཙི་ཙི་ལྟར་ས་འོག་ལ་འཛུལ་ཐུབ་པའི་དཔལ་ཡོན་གྱི་དུས་རབས་ཤར་ཚེ། དེ་ལ་ཁྱེད་རང་འོད་སྟོང་འཕྲོ་ན་མ་གཏོགས་བོད་ཁམས་ཡོངས་རྫོགས་མུན་པའི་གླིང་དུ་གྱུར་པ་ཡིན། དོན་དུ་བོད་མི་ཐམས་ཅད་བྱ་དང་ཉ་དང་ཙི་ཙི་ལྟར་དུད་འགྲོ་ལྟར་དུ་གྱུར་པ་ཡིན། གོ་ཨེ་སོང་།
མི་ཉག་ཀུན་དགའ་བཀྲ་ཤིས་ནས། མཚོ་སྔོན་གྱི་རྒྱ་ཁ་ཆེ་དང་། ཨ་རབ་ཡུལ་གྱི་ཁ་ཆེ་གཉིས་དབྱེ་བ་ཕྱེ་མི་འདུག ཨ་རབ་གྱི་ཁ་ཆེ་རྣམས་གཙོ་བོ་རྡོ་སྣུམ་གྱི་གཏེར་ཁ་ནས་འབྱོར་ལྡན་ཆགས་པ་རེད། སྤྱིར་བཏང་ཨ་རབ་ཡུལ་མི་ཚོས་སྔར་ནས་འབྲོག་པའི་འཚོ་བ་དང་ཚོང་ལས་ཀྱི་འཚོ་བ་བསྐྱེལ་མཁན་རེད། ང་ལ་ཨ་རབ་ཀྱི་གྲོགས་མོ་ཞིག་ཡོད། མོ་རང་མཚོ་སྔོན་སོགས་བོད་ཀྱི་འབྲོག་སར་འགའ་འགྲོ་མྱོང་འདུག འཚོ་བ་བསྐྱེལ་སྟངས་ཨ་རབ་དང་འདྲ་བོ་འདུག་ཅེས་བཤད་བྱུང་། དཀྱུས་ཀྱི་དོན། ད་ལྟའི་ལུག་ཚེ་ཐར་འདི་རྒྱ་ཁ་ཆེའི་ལག་ནས་ཉོས་པའི་ལུག་ཡིན་ཙང་རྒྱ་ཁ་ཆེ་ཕྱུག་པོ་ཆགས་པར་ཐེ་ཚོམ་མེད། ལུག་བཙོང་པས་དངུལ་དེས་ཡང་བསྐྱར་རྒྱ་ཁ་ཆེ་ཚོས་ལུག་གཞན་པ་གྲངས་ཚད་དེ་དང་མཉམ་པའམ་དེ་ལས་མང་བ་ཉོས་པ་མངོན་སུམ་གྱིས་གྲུབ། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ཁ་ཆེའི་དཔལ་འབྱོར་ལ་རོགས་རམ་ཡིན་པ་ཐེ་ཚོམ་མེད།
མཐར་གཏུགས་ན་རྙིང་ཞེན་པ་དང་ཤེས་ཡོན་པ་གཉིས་ཀྱི་འགལ་འདུ་ཞིག་བསྟན་འདུག སྲོག་བླུ་བཏང་བར་བཤད་པ་ཅི་ཡང་མེད། མི་སྒེར་གྱི་དད་མོས་དང་གཏོང་ཕོད་ལ་རག་ལས་ཡོད་རེད། འོན་ཏེ་མི་རིགས་ཀྱི་འདུན་ལམ་དང་འཚོ་གནས་ལ་སྒེར་གྱི་དད་མོས་བེད་སྤྱད་དེ་ཕོག་ཐུག་མ་གཏོང་རོགས།
བོད་མི་ལུག་དང་འདྲ་བ་ཚོ་བཅིངས་འགྲོལ་གཏོང་དགོས་ཟེར། ཅི་འདྲ་འདྲའི་རང་གི་སྤྱི་ཚོགས་འདི་ལ་མཐོང་ཆུང་དང་ལ་རྒྱ་མེད་པའི་སྐད་ཆ་ཞིག བོད་པ་སྔོན་ཐོན་རྗེས་ལུས་གང་ཡིན་རུང་མཐོ་སྒང་འདི་ནས་ད་བར་དུ་འཚོ་ཞིང་གནས་ཐུབ་ཡོད་པ་རེད། ལུག་འཚོས་ནས་རྗེས་སུ་ལུས་རྒྱུ་ཞིག་ཡིན་ན་ཉུའུ་རྫིའི་ལན་ཌི་དང་། ཁ་ན་ཌ། ཨའོ་སི་ཁྲི་ལི་ཡ་སོགས་ཀྱང་རྗེས་ལུས་ཡིན་ས་རེད། ལུག་འཚོས་ནས་འཚོ་བ་སྐྱེལ་མཁན་མང་གི། ལྷག་ཡང་ཉུའུ་རྫིའི་ལན་ཌི་ལ་ནི་མི་དང་ལུག་གཉིས་ཀ་མང་ཉུང་མེད་ཟེར། ད་དུང་ཡུལ་ལུང་དེ་ལ་སྡོད་ཐུབ་པ་ཕར་ཞོག ལྟ་སྐོར་ཞིག་འགྲོ་ཐུབ་པའི་རེ་བ་ཡན་ཆོད་ཀྱིས་མི་ཚང་མས་འགྲམ་ཆུ་ལྡིངས་ས་ཞིག་རེད་འདུག ལུག་ཉོས་ནས་རྩྭ་ཐང་དུ་ཕྱིར་བསྐྱལ་ཡོང་ན་འཚོ་མཁན་མི་ཐོབ་པའི་དཀའ་ངལ་ཞིག་ག་ལ་ཡོད། ལུག་ཟེར་བ་དེ་ཡོད་ཚད་བསད་ནས་ཟ་འཇོག་རྒྱུ་མ་གཏོགས་ཅི་ཡང་བསམ་རྒྱུ་མེད་མཁན་དེ་ཁྱོད་ཚོ་དང ཁྱོད་ཚོ་འདྲ་བོ་ལུག་ཡོད་ཚད་བཤས་ཁང་ལ་བསྐྱལ་ནས་སྒོ་ནག་བཟོ་མཁན་ཚོ་རེད། ལུག་ལ་བལ་འབྲེགས་རྒྱུ་ཡོད་རེད། འོ་མ་བཞོ་རྒྱུ་ཡོད་རེད། འཕེལ་ཏོག་འགྲོ་རྒྱུ་ཡོད་རེད། དེ་ཚོ་ཚང་མས་ཕྱུག་པོ་བཟོ་ཐུབ་གི་རེད།
སྲོག་ལྡན་གྱི་སྐྱེ་འགྲོ་ག་འདྲ་ཞིག་ཡིན་ནའང་ཚེ་སྲོག་ནི་ཤིན་ཏུ་ནས་རྩ་ཆེན་ཞིག་ཡིན་པ་རེད། དངོས་པོའི་གནས་ལུགས་དང་ཚེའི་རིན་ཐང་ལ་གུས་ཞབས་ཚད་ལྡན་ཞིག་བྱས་པ་ཡིན་ན། ཚེ་སྲོག་ལ་རིན་གོང་བསྤྲད་ནས་ཉོ་རྒྱུ་ཞིག་འཇིགས་རྟེན་འདི་ན་མེད། ཉོ་རྒྱུ་ཡོད་པར་རློམ་མཁན་ཚོ་ནི་འཁྲུལ་བའི་མུ་ལ་སྟེགས་སོང་བ་རེད། ཅིས་ན་ཚེ་སྲོག་ནི་སྐྱེ་འགྲོ་སྒེར་ལ་དབང་བའི་རིན་བྲལ་གྱི་ནོར་བུ་དེ་ཁོ་ན་ཉིད་གཅིག་པུ་དེ་ཡིན། ཁྱེད་ཚོ་རྒྱ་གར་གྱི་ལྟ་གྲུབ་མཁས་ཅན་ཚོས་གནས་ལུགས་འདི་ཙམ་ལའང་གུས་ཞབས་མེད་པར། ཚེ་སྲོག་ཉོ་ཚོང་གི་སྐད་ཆ་བཤད་པ་ཡིན་ན་ཧ་ཅང་གི་སྣང་བ་མཐོ་ཐག་ཆོད་སོང་བ་མིན་ནམ། །
གཞན་གྱི་དགེ་བ་བྱེད་པ་ལ་ཕྲག་དོགས་མེད་པའི་བློ་སྐྱེད་ན་དེ་ཡིའི་བསོད་ནམས་
མཉམ་དུ་ཐོབ་ཅེས་དང་དགེ་བ་ཀུན་ལ་རྗེས་སུ་ཡིད་རངས་ངོ་སྡིག་པ་ཐམས་བཅས་སོ་སོར་བཤགས་།
གཞན་ཕན་གཞིར་བཅས་སྒྲུབ་ལ་བྱང་སེམས་ཀྱི་གཞན་གནོད་གཞིར་སྤངས་སྒྲུབ་ལ་སོ་ཐར་གྱི་ཟེར་བ་མ་བདེན་ནམ་།
བུ་སྒྲོལ་མ་ནི་བོད་མི་རིགས་ཀྱི་མགོ་བོ་ནམ་མཁར་ཀྱག་ཏུ་བཅུག་མཁན་རེད་ལ་ནང་པ་སངས་རྒྷས་པའི་ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས་མ་ཆེན་ཞིག་རེད་ལ་དེ་ལ་མ་དགའ་བའི་རྐྱོན་བརྗོད་ཡོད་ན་བོད་སྐད་ནང་ཕྲག་དོགས་དང་མགོ་ཚོད་ཆགས་སྡང་མཐོ་གནོན་སོགས་ཟེར་བའི་ཐ་སྙད་ལ་ངོས་འཛིན་བྱས་ཆོག་།
མཛད་པ་པོ་བྱ་བྲལ་སངས་རྒྱས་རྡོ་རྗེ།
༄༅། །བླ་མ་སངས་རྒྱས་ཚེ་དཔག་མེད། །བྱང་སེམས་སློབ་མར་བཅས་ལ་འདུད། །སྲོག་བསླུ་ཚེ་ཐར་བཏང་བ་ཡི། །ཕན་ཡོན་མདོར་བསྡུས་བཤད་པར་བྱ། །ཐུབ་པའི་རྗེས་འཇུག་ཐམས་ཅད་ཀྱིས། །བསམ་དང་སྦྱོར་བ་རྣམ་དག་གིས། །ལག་ཏུ་ལེན་བྱ་མ་ནོར་བ། །ཚེ་ཐར་གཏོང་དང་སྲོག་བསླུ་ཡིན། །མདོ་རྒྱུད་བསྟན་བཅོས་མང་པོ་ནས། །འདི་ཡི་ཕན་ཡོན་རྒྱ་ཆེར་གསུངས། །རྒྱ་བོད་མཁས་གྲུབ་རྒྱ་མཚོ་ཡིས། །འགྲོ་དོན་ཐུགས་གཙིགས་ཆེ་བར་མཛད། །ཐེག་དམན་པ་ཡང་གཞན་གནོད་སྤོང༌། །ཐེག་ཆེན་བྱང་སེམས་འཇུག་པ་ཡི། །བསླབ་བྱ་ཉིད་དང་གསང་སྔགས་ཀྱི། །རིན་ཆེན་རིགས་ཀྱི་དམ་ཚིག་གཙོ། །དེ་ཡི་རྒྱུ་མཚན་འཇིག་རྟེན་ན། །སྲོག་ལས་གཅེས་པ་འགའ་མེད་པས། །སྲོག་གཅོད་གོང་ན་སྡིག་གཞན་མེད། །དེ་ཕྱིར་ཚེ་ཐར་སྲོག་བསླུ་ལས། །ཕན་ཡོན་ཆེ་བ་འདུས་བྱས་ཀྱི། །དགེ་བའི་རྩ་བ་གཞན་ཡོད་མིན། །འདི་ཕྱིར་བདེ་ལེགས་འབྱུང་འདོད་ན། །ལམ་མཆོག་འདི་ལ་བརྩོན་པར་བྱ། །ལུང་རིགས་ཚད་མས་གྲུབ་པ་དང༌། །གེགས་དང་གོལ་ས་མེད་པའི་ལམ། །རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་འཚེ་བ་སྤོང་འདི་ཡིན། །བྱ་ཉ་རི་དྭགས་གཡུང་དྭགས་དང༌། །འབུ་སྦྲང་ཡན་གྱི་སྲོག་ཆགས་རྣམས། །སྲོག་མི་གཅོད་ཅིང་ཚེ་ཐར་བཏང༌། །མི་འཇིགས་སྐྱབས་སྦྱིན་ལ་བརྩོན་བྱ། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །ཚེ་སྒྲུབ་མཆོག་ཏུ་འདི་འགྱུར་ཞིང༌། །གསོན་རིམ་གཤིན་དགེར་འདི་ལྷག་མེད། །ང་ཡི་འགྲོ་དོན་རྩ་བ་ཡིན། །འགལ་རྐྱེན་ཕྱི་ནང་བར་ཆད་སེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ། །སེམས་བསྐྱེད་བཟང་པོས་ཟིན་པ་དང༌། །བསྔོ་སྨོན་དག་པས་མཚམས་སྦྱར་ན། །རྫོགས་སངས་རྒྱས་ལ་རེག་འགྱུར་ཞིང༌། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །འདི་ལ་ཐེ་ཚོམ་བྱ་མི་དགོས། །བསོད་ནམས་དགེ་སེམས་ལྡན་པ་རྣམས། །རི་རྒྱ་ཀླུང་རྒྱ་བསྡམས་པར་བྱ། །ཁྱད་པར་བྱ་ལོང་ཁྲུང་ཁྲུང་ཁྱུ། །ལས་ཀྱིས་བསྐོས་པས་སྟོན་དཔྱིད་དུས། །ལྷོ་བྱང་འཕུར་བསྐྱོད་བྱེད་པ་ན། །གཤོག་རྩལ་ངལ་དུབ་ཆེ་བ་དང༌། །མཁའ་ལམ་སྟོར་ནས་སྐབས་འགའ་ལ། །ས་ལ་བབ་དགོས་བྱུང་བ་རྣམས། །མྱ་ངན་འཇིགས་སྐྲག་བག་མི་ཕེབས། །དེ་འདྲར་རྡོ་དང་མཚོན་བརྡེག་དང༌། །གསོད་གཅོད་གནོད་འཚེ་མི་བྱ་བར། །སྲོག་བསྐྱབ་བདེ་བར་འཕུར་དུ་གཞུག །མགོན་མེད་ཉམ་ཐག་སེམས་ཅན་ལ། །བྱམས་བརྩེས་ཕན་གཏགས་གང་ཡིན་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམས་དང་བསོད་ནམས་མཉམ་མོ་ཞེས། །དཔལ་ལྡན་ཇོ་བོ་རྗེ་དེས་གསུངས། །བླ་དཔོན་སེར་སྐྱ་ཕོ་མོ་རྣམས། །རང་ལ་དབང་བའི་ཡུལ་ལུང་དུ། །ནུས་དང་བསྟུན་ནས་སྲོག་བསླུ་དང༌། །ཚེ་ཐར་ལས་ལ་ཅི་ནུས་འབད། །གཞན་ལའང་གཞེན་བསྐུལ་འདེབས་པར་བྱ། །དེ་ལྟར་མཛད་ན་ཡུལ་ཁམས་སུ། །མི་ཕྱུགས་ནད་ཡམས་གོད་ཁ་ཞི། །ལོ་ལེགས་སྐྱ་རྒྱས་ཚེ་རིང་ཞིང༌། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང༌། །འཆི་ཁར་གནད་གཅོད་འཁྲུལ་སྣང་བྲལ། །ཕྱི་མར་བདེ་འགྲོའི་རྟེན་བཟང་ཐོབ། །མཐར་གྱིས་རྫོགས་བྱང་གོ་འཕང་མཆོག །བདེ་བླག་ཐོབ་འགྱུར་གདོན་མི་ཟ། །འདི་ནས་ཨེམ་ཆི་རྡོར་གྲགས་ཀྱིས། །ལྷ་རེག་དྲི་བྲལ་ནཻ་སྒོར་བརྒྱ། །ཕུལ་ནས་གསོལ་བ་བཏབ་པའི་ངོར། །བྱ་བྲལ་སངས་རྒྱས་རྡོ་རྗེ་ཞེས། །སྲོག་བསླུའི་ལས་ལ་རྟག་འབུངས་དེས། །གང་དྲན་ཡི་གེར་བྲིས་ཏེ་ཕུལ། །དགེ་བས་བྱང་ཆུབ་སྤྱོད་པ་ལ། །སེམས་ཅན་ཐམས་ཅད་འཇུག་པར་ཤོག །མ་མ་ཀོ་ལིང་ས་མནྟ།། །
དགོངས་ཚུལ་གསུངས་མཁན་མང་པོ་ཞིག་ཕེབས་འདུག་པར་བཀྲ་ཤིས་བདེ་ལེགས། ཀློག་པ་པོའམ་མཆན་པ་མང་པོ་ཞིག་གིས་ངའི་བསམ་ཚུལ་འདི་ཐོག་མཐའ་བར་གསུམ་དུ་ཞིབ་ཀྱིབ་བཀླགས་མེད་པའི་ཚོར་བ་བྱུང་། ཁ་བྱང་སྟབས་བདེ་རུ་བཏང་ན་” དངུལ་སྤྲད་ནས་སྲོག་བླུའི་ལས་མི་བརྩམ་པ་ནི་ཚེ་ཐར་གཏོང་བའི་རྩ་བ་རེད་” ཟེར་བའི་དོན་རེད། གུས་པས་ནི་ཉེས་མེད་དུད་འགྲོ་རྣམས་གཤན་པའི་ལག་ཏུ་འཇོག་དགོས་ཀྱི་རེད་ཟེར་གྱི་མེད། དུད་འགྲོ་ཚོའི་སྲོག་སྐྱོབ་པའི་ཆེད་དུ་ཐབས་ལམ་འགའ་བཏོན་ལ་ཙམ་རེད།
ལུག་གཅིག་བཤའ་ཕྱིར་འཁྲིད་འགྲོ་བ་མཐོང་བའི་ཚེ་ ཨ་མ་ཕྲེང་རིང་ལ་གཟོད་གླགས་མེད་པའི་སྙིང་རྗེུ་སྐྱེས་ཏེ། ལུག་དེ་སྲོག་བླུའི་ཕྱིར་རིན་གོང་ག་ཚོད་ཡིན་མིན་དྲིས། བདག་པོས་འཚོང་འདོད་མེད་ཕྱིར་ལུག་བཞི་ལྔ་ཙམ་གྱི་རིན་ཚད་དུ་སྤར། ཡིན་ན་ཡང་སྙིང་རྗེ་ཅན་ཀྱི་ཨ་མ་ཁོས་ཅི་མི་སྙམ་པར་ཉོ་རྒྱུར་ཐག་བཅད། དེའི་ཚེ་ཕྱི་མི་ཚོས་ཁ་ཏ་ལ་དངུལ་འབོར་འདི་འདྲ་མང་པོས་ལུག་འདི་གཅིག་པུ་ཉོ་བ་ལས་རི་དངུལ་འདིས་ལུག་གཞན་ཁ་ཤས་ཉོས་ནས་ཚེ་ཐར་བཏང་ན་དགའ་ཞེས་ཟེར། འོན་ཀྱང་ཨ་མ་ཁོས། ཡིན་གཅིག་མིན་གཅིག་ལུག་འདི་ག་རང་ཉོ་རྒྱུ་ཡིན། འདི་ག་རང་ཚེ་ཐར་ལ་གཏང་རྒྱུ་ཡིན། ཞེས་གསུང་ལན་ལྡོན་ཏེ་སྙིང་རྗེའི་ཉག་ཕྲན་ཟབ་མོར་ཟུག་པའི་འབེན་དེ་ག་རང་བདམས་གནང་ངོ་། (ལོ་རྒྱུས་ཕྱག་དེབ་༼བོད་ཀྱི་བུ་མོ་༽ཞེས་པའི་ནང་གསལ་)
སེམས་ཅན་གཅིག་གི་དོན་དུའང་དམྱལ་བ་བདམས་ཤིང་དེ་ལ་དངོས་སུ་འཇུག་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཚུལ་ལུགས་སྨད་དུ་བྱུང་པ་ཞིག་ཡིན་མོད་ཀྱི། འདི་ན་སྙིང་རྗེ་ལ་རྒྱུས་མངའ་དེ་ཙམ་མེད་ལ། འཁྲུལ་ཤེས་ཀྱི་ཚང་ཚིང་སྟུག་པོ་ལ་གནས་བཅའ་བ། སོ་སྐྱེའི་རིགས་ལམ་ཉི་ཚེ་བ་འགའ་ལ་རྒྱབ་བརྟེན་པའི་རྟོག་གེ་སྨྲ་ལ་དགའ་འགའ་ཞིག་གིས་ནི། མ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་རྣམས་རྒྱབ་ཏུ་བསྐྱུར་ནས་སེམས་ཅན་གཅིག་གི་ཕྱིར་་དམྱལ་བར་འགྲོ་བ་འདི་ཤིན་ཏུ་བླུན་ནོ་ཞེས་འཕྱ་བར་ཟད་མོད་ཀྱི། འདི་ནི་སྙིང་རྗེ་དང་ལས་འབྲེལ་གཉི་གའི་འཇུག་ལུགས་ལ་རྒྱུས་མེད་པའི་རྨོངས་རྟགས་རེད། རང་ཉིད་ཀྱི་ངོས་ནས་ཀུན་དགའ་དོན་འགྲུབ་བརྒྱ་ཤོག་གཅིག་ཀྱང་གཏང་མི་ནུས་པ་དག་གི་ཁ་འཕེན་ས་དང་ཁག་དགལ་ས་རེད། དེ་བས་གཞན་གྱི་འགྲན་ཟླ་བྲལ་བའི་གཏོང་ཕོད་དང་བྱམས་སྙིང་རྗེ་ལ་ཡི་རང་བྱས་ན་མི་ལེགས་སམ།
ལག་ལོ་བཤད་ལ་དགའ་རྣམས། རྐང་ལོ་འགྲོ་ལ་དགའ་རྣམས། སྲོག་བླུ་སྤོང་པ་ནི་སྲོག་བླུའི་རྩ་བ་རེད་ཟེར་པ་སོགས། སངས་རྒྱས་ཀྱིས་ཀྱང་མ་བསྟན་ལ། རྗེས་འཇུག་མཁས་གྲུབ་རྣམས་ཀྱིས་ཀྱང་མ་གསུངས་ན། རྗེ་གུང་ཐང་བས། གསར་བཤད་ཕྲ་མེན་མ་ཡི་སོ་ནམ་འདིས། །ཕན་ལས་གནོད་པ་ཆེ་བས་འཛེམས་ཤིག་ཨང་། །ཞེས་གསུངས་པ་དེ་འདི་འདྲ་འདི་ལའོ། །