ཆང་སྐྱེས།
སྨག་རུམ་མུན་པའི་སྟན་ལ་སེམས་པ་གླན།།
ལྷག་རླུང་རྩུབ་མོའི་ཙག་ལ་མགོ་བ་བརྙེས།།
མིག་གི་དབང་བོ་མཚན་མོའི་མཁའ་ལ་གཏད།།
སྐར་མའི་འདར་སིག་ཧྲག་ནས་སྙན་ངག་བྲིས།།
ཟླ་བ་ཁེར་འགྲོ་མཚན་མོའི་མཁའ་ན་འདུར།།
ཁྱི་ཚོགས་ཟུག་སྐད་ཕྱི་རོལ་ཁྲོམ་ན་འཕུར།།
སེམས་ཀྱི་རྟ་ཕོ་སྐྱ་མོ་ཐང་ལ་བཞུད།།
ཐ་མག་ཚེ་སྲོག་རེ་རེ་ཤུགས་ཀྱིས་རྔུབ།།
ཁོར་ཡུན་རི་བོ་ལྷིང་འཇགས་སྟོང་གིས་ལུས།།
སྙིང་གི་འཕུར་ལྡིང་འགྱོགས་མོ་ལག་པས་སྐྱོར།།
དྲན་གདུང་དགུ་བརྩེགས་འཁུར་བའི་ཁེར་རྐྱང་བས།།
ཤུགས་རིང་གཅིག་གིས་མཚན་མོའི་ལྷིང་འཇགས་དཀྲོགས།།
སེམས་ཀྱི་བུ་མོ་རྒྱང་རིང་ཡུལ་ན་ལུས།།
ལང་ཚོ་མེ་ཏོག་སྙིང་གི་དཀྱིལ་ན་འཛུམ།།
ཁྱེད་ལ་དུངས་པའི་སེམས་པ་ལྕི་དྲག་པས།།
སྐྱོ་གདུང་མིག་ཆུ་གཙང་བོའི་ཆུ་ལ་འདྲེས།།
སྐྱ་རེངས་བུ་མོ་འཛུམ་པའི་འོད་སྣང་གིས།།
སྐར་མའི་ཚོགས་ཀྱི་རྨི་ལམ་ཡུན་གྱིས་སྒུལ།།
ཉི་ཟེར་སྤྲིན་ལ་འདྲེས་པའི་མཛེས་སྡུག་གིས།།
དྲན་གདུང་ཡིད་ཀྱི་དབྱངས་རྟ་ངག་ལ་གྱེར།