དགེ་འདུན་རབ་གསལ།
༢༠༡༦ ལོའི་ཕྱི་ཟླ་དྲུག་པའི་སྨད་དུ་ནོར་ཝེ་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་བཅར་རྗེས་ཕྱིར་ལམ་སླར་ཡང་གྲོགས་པོ་དང་གཉེན་ཉེ་འགའ་ལ་མཇལ་སླད་ལོན་ཌོན་དུ་ཕྱིན་ཏེ་ཉིན་འགའ་བསྡད་པ་ཡིན། དེ་ནས་སླར་འཁོར་ཏེ་བདུན་ཕྲག་གཅིག་ཙམ་གྱི་རྗེས་ཏེ་ཕྱི་ཟླ་བདུན་པའི་ཚེས་ཤར་ལ་གུས་པ་བོད་དུ་གཉེན་འཕྲད་དང་ཡུལ་སྐོར་ལ་འགྲོ་རྒྱུའི་ཆེད་ཐོངས་མཆན་ཐོབ་པའི་གཏམ་ཞིག་གོ་བ་དང་། དེ་ནས་ཅང་མ་འགོར་བར་ཐོངས་མཆན་ཡང་དངོས་སུ་ལག་པར་འབྱོར་བྱུང་། ཐེངས་འདིའི་དགོས་པ་གཙོ་བོ་གཉིས་ཏེ། གཅིག་ནི་གནས་མཆོག་ལྷ་ས་ལ་མཇལ་རྒྱུའི་སྐལ་བ་ཡོད་པ་དང་། གཉིས་ནི་དགུང་ལོ་བརྒྱད་ཅུ་ཡོལ་ཟིན་པའི་མ་རྒན་མོ་ལ་སླར་ཡང་མཇལ་རྒྱུ་ཡོད་པ་དེ་ཡིན། གོ་སྐབས་དེ་གཉིས་མི་གློད་རྒྱུའི་ཆོད་སེམས་དང་བཅས་སླར་ཡང་ཕ་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་ལ་ཞུགས་པ་ཡིན།
ཐེངས་འདིའི་འགྲུལ་བཞུད་ཀྱི་ལྟ་སྐོར་དེ་ནི་ཕྱི་ཟླ་བདུན་པའི་ཚེས་ ༢༢ ནས་ ༣༡ བར་གྱི་ཉིན་བཅུའི་རིང་གི་ལྟ་སྐོར་ཞིག་ཡིན་ཞིང་། དེ་ནི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྡེ་ཁག་དག་གིས་གོ་སྒྲིག་བྱས་པའི་ལྟ་སྐོར་ཅིག་རེད། ལྟ་སྐོར་དེར་ཁྱོན་མི་བརྒྱད་འདུག་ཅིང་། ཚང་མ་ཨ་རི་ན་གནས་བཅས་པའི་བོད་རིགས་རེད། ལྟ་སྐོར་སྐབས་ཀྱི་ཉིན་བཅུ་ཙམ་ ༼པེ་ཅིང་ནས་ཉིན་གཉིས་དང་། ལྷ་ས་དང་གཞིས་རྩེར་ཉིན་བརྒྱད་༽ནི་གཞུང་གིས་འཁྲིད་པའི་ལྟ་སྐོར་ཡིན་སྟབས་སྒེར་ངོས་ནས་འགྲོ་སོང་གཏོང་མི་དགོས་མོད། ཨ་རི་ནས་ཕར་ཚུར་བསྐྱོད་པ་དང་རང་གི་གཉེན་ཉེར་འཕྲད་པ་སོགས་རང་ངོས་ནས་འགྲོ་སོང་གཏོང་དགོས་པའི་ལས་རིམ་ཞིག་རེད། དེས་ན་འདིར་ཕ་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་འདིའི་སྐོར་གྱི་མཐོང་ཐོས་འགའ་རེ་དང་པར་རིས་འགའ་རེ་སྤེལ་འདོད་བྱུང་།
ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ལམ་ལ་ཆས་ཏེ་པེ་ཅིང་དུ་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་འབྱོར། པེ་ཅིང་དུ་ཡོད་པའི་བོད་ཀྱི་མགྲོན་ཁང་དུ་གནས་བཅས། ཉིན་མཚན་གོ་ལྡོག་པའི་ཉེར་ལེན་ལ་བརྟེན་ནས་ཉིན་མོ་གཉིད་ཡོང་བ་དང་མཚན་མོ་གཉིད་མི་འབབ། ལྟ་སྐོར་གྱི་དངོས་གཞིའི་ཉི་མ་སླེབས་རྒྱུར་ད་དུང་ཉིན་ཁ་ཤས་ཡོད་པ་དང་། བར་འདིར་རིམ་གྱིས་ཐེངས་འདིའི་ཡུལ་སྐོར་གྲས་སུ་ཡོད་པའི་བོད་རིགས་རྣམས་འབྱོར་བཞིན་པ་ལ་མཇལ་འཛོམས་གླེང་མོལ་དང་། པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིགས་གྲོགས་པོ་དང་གྲོགས་པོའི་གྲོགས་པོ་སོགས་དང་མཇལ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་། ཉིན་འདི་དག་ཏུ་པེ་ཅིང་ལ་ཚ་བ་ཆེ་བ་མ་ཟད། ཆར་པ་ཆེན་པོ་ཞིག་གིས་ཉིན་གང་བཟུང་སྟེ་རང་གི་གྲོགས་པོ་ཞིག་ལ་མཇལ་འཆར་བྱས་པ་ལག་ལེན་ལ་མ་ཐེབས་པར་གྱུར། པེ་ཅིང་དུ་ཡོད་པའི་མི་རིགས་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་བོད་ཀྱི་གསུང་འབུམ་ཁག་གི་དཀར་ཆག་ལྟར་ན། དེར་མཁན་ཆེན་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཡོད་པ་སོགས་ལ་མཇལ་འདོད་ཀྱིས་དེར་འགྲོ་བའི་ཐབས་ཤེས་ཤིག་བྱས་ནའང་དེ་ཡང་ཆར་ཤུགས་ཆེ་བརྟེན་གྱིས་འགྲུབ་པར་མ་གྱུར། དེ་ལྟར་ཉིན་ ༤ ཙམ་རིང་ལྷོད་ལྷོད་ཀྱིས་བསྡད་ཅིང་། མ་སྐྱེས་ཨ་མ་ཞེས་པའི་ཟ་ཁང་ཞིག་ཡོད་པ་དེར་ཕྱིན་ཏེ་བོད་ཟས་ལ་རོལ་པ་དང་བོད་ཀྱི་གླུ་གཞས་འཁྲབ་སྟོན་ལ་བལྟས་པ་ཡིན།
ཚེས་ ༢༢ ཉིན་ལྟ་སྐོར་གྱི་ལས་རིམ་ལ་ཞུགས་པ་ཡིན། གཙོ་བོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་ལྟ་སྐོར་གྱིས་དེར་ཡོད་པའི་ཆེད་མཁས་བོད་རིགས་རྣམས་དང་གླེང་མོལ་མཇལ་འཛོམས་དང་། དེའི་ཡན་ལག་ལྟ་བུར་ཡོད་པའི་འགྲེམས་སྟོན་ཁང་ལ་ལྟ་སྐོར། དགའ་ལྡན་བྱིན་ཆགས་གླིང་དགོན་པ། པེ་ཅིང་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་སློབ་གྲྭ་བཅས་ལ་ལྟ་སྐོར་བྱས་པ་ཡིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་ཀྱི་གསུང་རབ་པོད་ ༡༠༠༠ ཙམ་ཞིག་པར་སྐྲུན་གྱི་འཆར་གཞི་བཀོད་དེ་དུས་ཡུན་མི་ལོ་ ༡༥ ནང་ཚུད་པར་སྐྲུན་སྒྲུབ་འཆར་ཡོད་པ་དང་། དེ་ཡང་གསུང་རབ་རྣམས་བོད་ཀྱི་ས་གནས་གང་ས་ནས་བསྡུ་སྒྲིག་དང་ཞུ་དག་བྱས་རྗེས་ལྟེ་གནས་ཁང་འདིས་པར་སྐྲུན་བྱ་རྒྱུ་ཡིན་འདུག་ཅིང་། ལས་འཆར་འདིའི་ཁོངས་སུ་ཕྲན་གྱི་ཕ་ཡུལ་གྱི་བླ་མ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་ཡང་ཚུད་ཡོད་པ་ཤེས་རྟོགས་བྱུང་། པེ་ཅིང་སྡོད་རིང་དེར་བཞུགས་པའི་བོད་རིག་པ་བ་འགའ་དང་ལྷན་འཛོམས་དང་གླེང་མོལ་བྱེད་པའི་སྐལ་བ་ཐོབ། མཁས་པ་སྐོར་ཞིག་ནི་དེ་སྔ་ཁྱོན་ནས་མཇལ་མྱོང་མེད་པ་ཡིན། བོད་རིགས་མཁས་པ་དང་མཇལ་སྐབས་ཕན་ཚུན་ཧ་ཅང་འབྲེལ་འདྲིས་ཟབ་པའི་ཚོར་བ་ལྟ་བུ་ཞིག་མཇལ་མ་ཐག་ནས་སླེབས་པ་འདུག
ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ནི་ཧ་ཅང་དམིགས་བསལ་ཞིག་རེད། དེ་ཉིན་ཞོགས་པ་སྔ་པོར་ངེད་ཅག་གནམ་ཐང་ལ་ཆས་ཤིང་། དེ་ནི་གནས་མཆོག་ལྷ་སར་བསྐྱོད་རྒྱུའི་ཆེད་ཡིན། ཞོགས་པ་སྔ་པོ་ནས་མགྲོན་ཁང་ནས་ཐོན་ཏེ་གནམ་ཐང་དུ་འབྱོར། གནམ་ཐང་གི་བརྒྱུད་རིམ་རྣམས་གྲུབ་རྗེས་སྤྱི་སྤྱོད་རླངས་འཁོར་ཞིག་ནང་བསྡད་དེ་ཡུན་རིང་སོང་རྗེས་ང་ཚོ་འགྲོ་སའི་གནམ་གྲུ་དེ་མིག་ལམ་དུ་ཤར་བར་གྱུར། དེ་ནི་ “བོད་ལྗོངས་མཁའ་འགྲུལ་”ཞེས་བྲིས་པའི་གནམ་གྲུ་ཆེ་ཆུང་འབྲིང་བ་ཞིག་རེད། གནམ་གྲུའི་སྟེང་བོད་ཡིག་བཀོད་པ་དེ་ལ་དགའ་ཞིང་། རིམ་གྱིས་གནམ་གྲུ་དེའི་ནང་དུ་གནམ་གྲུ་འཕུར་བསྐྱོད་བྱེད་སྐབས་ཀྱི་གནས་ཚུལ་རྣམས་བོད་སྐད་དུ་ཤོད་པའང་རྣ་ལམ་དུ་ཐོས་པར་གྱུར། གནམ་གྲུ་དེ་ནི་པེ་ཅིང་ནས་ཟི་ལིང་དུ་འཕུར་ཞིང་། དེར་ཆུ་ཚོད་ཕྱེད་ཀ་ཙམ་བཀག་རྗེས་སླར་ཡང་འཕུར་ཏེ་ལྷ་སའི་གོང་དཀར་གནམ་ཐང་ལ་བབས། པེ་ཅིང་ནས་ལྷ་སའི་གོང་དཀར་གནམ་ཐང་བར་དུ་འཕུར་ངོ་མ་དེ་ཆུ་ཚོད་བཞི་ཙམ་རེད།
(འདི་ནས་གཤམ་དུ་འདྲ་པར་ཆུང་གྲས་བཀོད་ཡོད་པའི་པར་རེ་རེར་ཐེངས་གཅིག་མནན་ཚེ་པར་ཆེན་པོ་མཐོང་ཐུབ་ཅིང་། དེ་ལ་ཡང་མནན་ཚེ་པར་ཆེ་བ་མཇལ་ཐུབ་པ་ཐུགས་འཇགས་འཚལ།)
༡༩༨༧ ལོར་ངེད་ལྷ་ས་ལ་ཐོག་མར་འབྱོར་སྐབས་འདམ་གཞུང་བརྒྱུད་ནས་ཡོང་ཞིང་། སྟོད་ལུང་ནས་ལྷ་སའི་ཕྱོགས་ལ་སྤྱི་སྤྱོད་རླངས་འཁོར་དཀྱོགས་སྐབས་པོ་ཏ་ལ་ཐོག་མར་མིག་ལམ་དུ་མངོན་པའི་འཆར་སྣང་ཞིག་ཡིད་ལ་བསྡད་འདུག དེ་ནི་མི་ཚེའི་ནང་ཕོ་བྲང་པོ་ཏ་ལ་མིག་ལ་འཁོར་བ་ཐོག་མ་དེ་ཡིན། ཐེངས་འདིར་གནམ་ཐང་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ལྷ་སའི་ཕྱོགས་སུ་ཡོང་སྐབས་ངའི་མིག་གིས་པོ་ཏ་ལ་འཚོལ་བཞིན་ཡོད། འོན་ཀྱང་ངས་མིག་གིས་མཐོང་བ་ནི་དེང་རབས་ཀྱི་འཛུགས་སྐྲུན་རྣམས་ཡིན། དེའི་ཁོངས་སུ་རི་བོའི་ཁོངས་ཕིག་པའི་ལམ་ཆེན་དང་། ཡངས་པའི་རྒྱ་ལམ། ཆེ་བའི་ཟམ་པ། མཐོ་བའི་ཁང་བརྩེགས་སོགས་ཡིན། སྐབས་ཤིག་ཟམ་པ་ཞིག་བརྒྱུད་སྐབས་གཞི་ནས་མདུན་ངོས་ཀྱི་དཀྱིལ་ཞིག་ནས་ཕོ་བྲང་ཆེན་པོ་པོ་ཏ་ལ་མངོན་པར་གྱུར། དེ་ནས་ཡུད་ཙམ་ཞིག་ལས་མ་འགོར་བར་པོ་ཏ་ལ་དཀྱིལ་དུ་བྱས་པའི་ལྷ་སའི་གྲོང་ཁྱེར་གྱི་ཤར་ངོས་སུ་ཡོད་པའི་ངེད་ཅག་གི་མགྲོན་ཁང་ལ་སླེབས་པར་གྱུར།
ལྷ་ས་གྲོང་ཁྱེར་ལ་རྒྱུས་མངའ་ཆེན་པོ་མེད་ཅིང་། རང་གི་མི་ཚེའི་ནང་སྔ་ཕྱི་བསྡོམས་པས་ཟླ་བ་གཅིག་དང་ཉི་མ་བདུན་ཙམ་ལས་སྡོད་རྒྱུའི་སྐལ་བ་མ་བྱུང་བའི་བདག་ལ་མཚོན་ན། ལྷ་སའི་མཐོང་ཐོས་རྣམས་ཡི་གེར་འབྲི་སྐབས་དཀའ་ངལ་ཆེ་བ་ནི་ས་ཆ་ངོས་འཛིན་བྱ་རྒྱུ་དེ་རེད། མི་ལོ་སུམ་ཅུའི་གོང་གི་འཆར་སྣང་དང་ད་ལྟ་མིག་གིས་མཐོང་བཞིན་པ་གཉིས་ནི་ཕལ་ཆེར་འཇིག་རྟེན་གཉིས་རེད་ཅེས་བཤད་ནའང་ཧ་ཅང་འོས་འཚམ་ཡིན་པར་འདོད། དེ་ནི་ད་ལྟ་མཇལ་བཞིན་པ་འདི་ནི་ “དེང་རབས་ཅན་གྱི་ལྷ་ས་”ཞིག་རེད། དེང་རབས་ཅན་གྱི་ལྷ་སའི་ངོ་བོ་དེ་འཛུགས་སྐྲུན་གྱི་ཐོག་ན་ཡོད་ཅིང་། དེང་རབས་ཅན་གྱི་འཁྲུག་ཆ་དོད་པོ་དེས་གནའ་བོའི་ལྷ་ས་ནི་ཕྱིར་མི་ལྡོག་པའི་ལམ་ཞིག་ལ་ཕྱིན་ཟིན་པའི་བརྡ་སྟོན་པ་དང་མཚུངས།
ཚེས་ ༢༥ ཉིན་གྱི་ཞོགས་ཀར་ངེད་ཅག་ལྷ་སའི་ཇོ་ཁང་ལ་མཇལ་དུ་སོང་། ཇོ་ཁང་ལ་མཇལ་སྐབས་ཇོ་ཁང་མདུན་ཐང་གི་སྣེ་ཟུར་ནས་འགག་སྒོ་ཞིག་བརྒྱུད་རྗེས་མདུན་ཐང་དུ་སླེབས། མདུན་ཐང་ལ་སླེབས་སྐབས་ཡུན་རིང་མཇལ་རྒྱུའི་སྐལ་བ་མ་བྱུང་བའི་གནས་རྩ་ཆེན་འདིར་སླེབས་པའི་དགའ་སྣང་དང་། སྐབས་དེ་མ་ཐག་ལ་མིག་ལམ་དུ་རྒྱུ་བཞིན་པའི་ཁོར་ཡུག་རྣམས་པར་རྒྱག་པ་སོགས་བྲེལ་བ་དང་ཚོར་བ་སྣ་ཚོགས་པ་ཞིག་གིས་ངའི་སེམས་བཟུང་། བོད་རིགས་གནས་མཇལ་བ་རྣམས་སྔ་མོ་ནས་ཕེབས་ཟིན་ཏེ་མཇལ་ཁའི་བང་རིང་མོ་སྒྲིག་པའི་སྣེ་མོ་རྣམས་བར་སྐོར་གྱི་སྐོར་ལམ་ལ་བཀྱེད་བཞིན་འདུག ད་དུང་ལྟ་སྐོར་བ་རྣམས་ཀྱང་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག སྣེ་ཤན་པས་སྣེ་ཁྲིད་དང་བཅས་ཇོ་བོ་རིན་པོ་ཆེར་ཕྱག་འཚལ་བ་དང་མཇལ་དར་འབུལ་བ། དེ་བཞིན་གློ་བུར་དུ་སེམས་ནས་འཕྱུར་བའི་དད་པ་དང་གསོལ་འདེབས། ཤུལ་ལུས་ཀྱི་ནང་མི་རྣམས་ཡིད་ལ་སྒོམ་བཞིན་བསྔོ་སྨོན་བྱེད་པ་སོགས་གྲུབ་རྗེས་ཇོ་ཁང་གི་སྟེང་འོག་རྣམས་ལ་མཇལ་ཁར་ཕྱིན། ཇོ་ཁང་སྟེང་དུ་སླེབས་སྐབས་པོ་ཏ་ལ་མཇལ་ཐུབ་པ་མ་ཟད། ལྷ་ལྡན་སྨོན་ལམ་ཆེན་པོའི་སྐབས་སུ་དམ་བཅའ་ལ་གཟིགས་རྟོག་མཛད་སའི་རྒྱལ་བའི་གཟིམ་ཁང་ལ་ཡང་མཇལ་རྒྱུའི་སྐལ་བ་བྱུང་། ཇོ་ཁང་གི་སྟེང་ནས་བར་སྐོར་དང་བར་སྐོར་བརྒལ་ཏེ་པོ་ཏ་ལའི་ཕྱོགས་ལ་བལྟ་སྐབས་ཇི་འདྲའི་ཡིད་འཕྲོག་པ་ཞིག་རེད་ཨང་།
བར་སྐོར་ནི་བར་སྐོར་རེད། མིག་བཙུམས་ནས་རྣ་བའི་དབང་པོར་སྒྲ་ལ་ཉན་དུ་བཅུག་ཚེ། སྐད་རིགས་སྣ་ཚོགས་པ་ཞིག་གོ་ཡོང་ཞིང་། མདོ་དབུས་ཁམས་སྐད་ཀྱི་ལམ་ནས་སྨོན་ལམ་གྱེར་བ་ནི་གླུ་དབྱངས་ཤིག་གི་སྒྲ་ལ་ཉན་པ་དང་ཀུན་ནས་མཚུངས། བར་སྐོར་དུ་ཡོད་པའི་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་ལའང་ཕྱིན་ཅིང་། ཡང་དགེ་འདུན་ཆོས་འཕེལ་གྱི་མཚན་ཡོད་པའི་རི་མོའི་འགྲེམས་སྟོན་ཁང་ཞིག་ལའང་སླེབས་པར་གྱུར། སྐབས་ཤིག་ལ་རེབ་གོང་གི་ཐང་ག་ཞེས་པའི་ཚོང་ཁང་ཞིག་ལ་སླེབས་ཤིང་། དེར་ཕྱིན་ནས་བརྩད་གཅོད་བྱས་སྐབས་ཐང་གའི་ཚོང་ཁང་དེ་རེབ་གོང་གི་ཚོང་ཁང་མིན་པར་ས་གནས་གཞན་ཞིག་ནས་ཡིན་སྐོར་བཤད་བྱུང་། དེ་ལྟར་སྐོར་ལམ་གྱི་ཚོང་ཁང་རྣམས་ལྟ་ཞོར་དང་གནས་སྐོར་བ། ལྟད་མོ་སོགས་ཀྱི་རྗེས་འདེད་ཞོར་བར་སྐོར་ལ་སྐོར་ར་བྱས་ཏེ་སླར་ཡང་གཙུག་ལག་ཁང་གི་མདུན་དེར་སླེབས། རྡོ་རིང་གི་མདུན་དེར་སྨོན་ལམ་འདོན་བཞིན་པའི་བོད་པ་འགའ་མིག་ལམ་དུ་སླེབས་ཤིང་། དེར་ཨ་ནེ་ཞིག་གིས་ཨ་མ་ཞིག་ལ་སྨོན་ལམ་གྱི་ཀློག་སློབ་བཞིན་པ་ཞིག་མིག་ལམ་དུ་ཤར། ཨ་མ་དེས་སྨྱུ་གུ་ཞིག་གིས་ཡིག་འབྲུ་རེ་རེ་བཞིན་དེད་ནས་ཀློག་སྦྱོང་བཞིན་འདུག་ལ། ཨ་ནེ་དེས་སྨོན་ལམ་འདོན་ཞོར་དུ་ཨ་མ་དེའི་ཀློག་ལ་དག་སེལ་བྱེད་བཞིན་འདུག ངས་ཁོང་ཅག་གིས་མ་ཚོར་བ་བྱས་ཏེ་དེ་དག་པར་ལ་བཏབ། འོན་ཀྱང་ངའི་འཁྲིས་ཀྱི་ཨ་ཅེ་གཅིག་གིས་ “མི་འདིས་པར་རྒྱབ་སོང་”ཞེས་ཁོང་ཅག་ལ་བཤད་ཅིང་། ཁོང་ཅག་པར་བཏབ་པ་ལ་མ་དགའ། ངས་དགོངས་དག་ཞུ་ཞོར་དུ་པར་དེ་ཡང་ཁོང་ཚོར་སྟོན་བཞིན་གསུབ་པ་ཡིན། གནས་སྐོར་བ་རྣམས་པར་ཆས་ལ་མི་དགའ་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཏུ་སྣང་། ཡང་ཇ་ཁང་ཞིག་ཏུའང་བུ་མོས་ཨ་མ་ལ་ཞལ་འདོན་གྱི་ཀློག་སློབ་བཞིན་པ་མཇལ་བྱུང་། ལོ་ན་དྲུག་ཅུ་བརྒལ་བཞིན་པའི་མི་ཐོག་གིས་ད་ལྟ་གཞི་ནས་བོད་ཡིག་གི་ཀློག་སློབ་པ་དེ་ཡང་ཕྱོགས་གང་ས་ཞིག་ན་ཡོད་པར་སྣང་། དེ་ནས་ཇ་ཁང་ཞིག་ལ་འཛོམས་ཏེ་ཇ་འཐུང་ཞོར་དང་ལྷ་སའི་བར་སྐོར་གྱི་ལྟད་མོ་མྱོང་བཞིན་བསྡད་པ་ཡིན། བར་སྐོར་ནི་བར་སྐོར་རང་རེད། ད་ལྟའང་བྲེལ་བ་འཚུབ་འཚུབ་ཀྱིས་བཞུགས་འདུག ཇོ་མཇལ་གྲུབ་རྗེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། དེར་ཡོད་པའི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ཞེས་པ་ལ་ཕྱིན་མོད་རིག་གནས་དང་འབྲེལ་བའི་དཔེ་ཆ་དཔར་སྐྲུན་གྱི་སྐོར་ལ་གླེང་མོལ་ཞིབ་ཏུ་བྱེད་མ་ཐུབ།
ཚེས་ ༢༦ པོ་ཏ་ལ་ལ་གནས་མཇལ་དུ་ཕྱིན། དེ་ཡང་པོ་ཏ་ལའི་མདུན་ལ་སླེབས་སྐབས་ཤུལ་དུ་ལུས་པའི་ནང་མི་རྣམས་སེམས་ལ་འཁོར། ཁོང་ཚོ་ཡིད་ལ་དྲན་བཞིན་སྨོན་ལམ་བཏབ། མཚམས་དེར་ཆར་པ་སིམ་སིམ་ཞིག་ཀྱང་བབ་བྱུང་། བཤད་སྲོལ་ལ་དུས་སྐབས་འདིར་དགོང་མོར་ཆར་འབབ་ཅིང་ཉིན་གུང་གནམ་དྭངས་པ་ནི་ལྷ་སའི་གནམ་གཤིས་ཤིག་རེད་ཟེར། པོ་ཏ་ལའི་མདུན་ངོས་ནས་ཡར་ཐེམ་སྐས་རེ་རེ་འཛེགས་ཞོར་སྟེང་དུ་སླེབས་པར་གྱུར། ཇོ་ཁང་དང་འདྲ་བར་དེ་རིང་ཡང་གནས་སྐོར་བ་དང་ལྟ་སྐོར་བ་འཚང་ཁ་ཤིག་ཤིག་བྱེད། དེར་བཞུགས་པའི་ལྷ་ཁང་རེ་རེ་བཞིན་མཇལ་ཞོར་དང་། མིག་གི་དབང་པོ་ནི་གཙུག་ལག་ཁང་རྣམས་སུ་བཞུགས་པའི་མཆོད་རྟེན་དང་སྐུ་འདྲ། ཐང་ག་དང་གསུང་རྟེན། དེ་བཞིན་དེར་སྨོན་ལམ་གྱེར་བཞིན་འཚང་ཁའི་ཁྲོད་ཕེབས་བཞིན་པའི་མཇལ་བ་རྣམས་མཇལ་ཞོར་རིམ་གྱིས་པོ་ཏ་ལའི་རྩེར་སླེབས། དེར་པོ་ཏ་ལའི་རི་རྩེ་ཡིན་པར་གྲགས་པའི་ལ་རྩེའི་མཆོད་རྟེན་དཀར་པོ་གཉིས་ལའང་མཇལ་རྒྱུའི་སྐལ་བ་བྱུང་།
པོ་ཏ་ལའི་རྩེ་ནས་པོ་ཏ་ལར་བལྟས་སྐབས་ལྷ་ཁང་དག་གི་རྒྱ་ཕིབས་རྣམས་མཇལ་ཞིང་། སྣེ་ཤན་པས་རྒྱ་ཕིབས་རེ་རེ་བཞིན་འདི་དང་དེ་རེད་ཅེས་འགྲེལ་བརྗོད་བྱེད། དེ་ནས་མདུན་ངོས་སུ་བལྟས་སྐབས་ལྷ་སའི་གྲོང་ཁྱེར་མཇལ་ཐུབ་པ་འདུག ལྕགས་པོ་རི་དང་ནོར་བུ་གླིང་ག སྐྱིད་ཆུ་དང་ཇོ་ཁང་། འདི་དག་མིག་ལམ་དུ་འབབ། ད་དུང་ཇོ་ཁང་གི་གཡས་གཡོན་ཙམ་ནས་ཚུར་ནོར་བུ་གླིང་ཁའི་བར་དུ་དེ་ཙམ་གྱི་ཁང་བརྩེགས་མཐོན་པོ་མེད་སྟབས། ལྷ་སའི་གྲོང་ཁྱེར་རམ་གནའ་བོའི་ལྷ་སའི་གྲོང་ཁྱེར་ཡང་ན་དེའི་བཟོ་དབྱིབས་ཤིག་མཇལ་ཐུབ་ཅིང་། དེ་ནས་ནུབ་ངོས་སུ་རྒྱ་སྐྱེད་དུ་འགྲོ་བཞིན་པའི་ཁང་བརྩེགས་མཐོན་པོ་རྣམས་མིག་ལམ་དུ་འོང་། བལྟས་ཚོད་ལ་ནུབ་ངོས་སུ་ཡར་དེད་ནས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ཆགས་ཡོང་ངམ་སྙམ་པ་ཞིག་འདུག གོ་ཐོས་ལྟར་ན་ལྷ་སའི་གྲོང་ཁྱེར་གྱི་འདས་པ་དང་ད་ལྟ། དེ་བཞིན་མ་འོངས་པ་བཅས་ཀྱི་བཀོད་པ་སྟོན་པའི་འགྲེམ་སྟོན་ཁང་ཞིག་ཡོད་པར་བཤད་མོད་ཐེངས་འདིར་དེར་མཇལ་བའི་སྐལ་བ་མ་བྱུང་། པོ་ཏ་ལ་ཉིད་དུ་བཞུགས་པའི་གསུང་རབ་ཀྱི་སྐོར་ནས་ཀྱང་བདག་ཉར་བྱེད་བཞིན་པའི་གནས་ཚུལ་ཞིག་ཐོས་ཤིང་། པོ་ཏ་ལའི་ལོ་རྒྱུས་དཔེ་དེབ་དང་དེ་བཞིན་དྲན་རྟེན་གྱི་དངོས་རྫས་སྤུས་ལེགས་རེ་ཉོས་པ་ཡིན། དེ་ནས་ང་ཚོ་བོད་ལྗོངས་གཡག་རྟེན་མཛོད་གླིང་ཞེས་པ་ཞིག་ལ་ལྟ་སྐོར་བྱས་པ་ཡིན། དེ་ནི་གཡག་གི་སྐོར་གྱི་འགྲེམས་སྟོན་ཁང་ཞིག་ཡིན་པ་དང་། གཡག་དང་བོད་མི་རིགས་ཀྱི་འབྲེལ་བའི་སྐོར་གཙོ་བོར་སྟོན་པ་གོ་རིམ་ཡོད་པ་ཅན་ཞིག་འདུག གཡག་ཞིང་ལས་ལ་བཀོལ་བའི་ལེའུ་དེ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཙམ་ནས་རྫོགས་པར་བཤད་མོད། བོད་ཀྱི་ས་ཁུལ་གང་སར་གཡག་དང་ཞིང་ལས་ཀྱི་འབྲེལ་བ་ཆད་པ་ནི་མངོན་གསལ་ཡིན་པ་འདྲ། དེ་ནི་གཡག་གི་ཚབ་ཏུ་འཕྲུལ་འཁོར་སླེབས་པས་རེད། འགྲོ་མགོན་འཕགས་པའི་གསུང་འབུམ་ན་བཞུགས་པའི་གཡག་གི་བསྟོད་པ་ཞིག་ཡོད་པ་དེའང་འདིར་དྲངས་ཏེ་བཀོད་འདུག་ལ། གཡག་དང་འབྲིའི་རྩེད་ཆས་འབག་དེ་འདྲ་ཡང་བཟོས་ཏེ་འགྲེམས་བཞིན་འདུག འདི་དག་གྲུབ་རྗེས་གུས་པ་སྒེར་ངོས་ནས་བོད་དུ་བཞུགས་པའི་ན་གཞོན་ཤེས་ཡོན་ཅན་ཞིག་ལ་མཇལ་རྒྱུའི་དུས་ཆད་བཟོས་ཏེ་ཕྲན་ལ་མཁོ་བའི་དུས་རབས་བཅུ་གཉིས་བཅུ་གསུམ་པའི་ནང་གི་བླ་མ་དང་མཁས་པའི་རྣམ་ཐར་སོགས་གང་ཡོད་འདྲི་བརྩད་བྱས་པ་ཡིན་ལ། དེ་ལ་བརྟེན་ནས་དཔེ་དེབ་སྐོར་ཞིག་བླུ་རྒྱུའི་སྐལ་བ་བྱུང་།
ཚེས་ ༢༧ ཉིན་གནམ་མཚོ་ལ་མཇལ་སྐོར་བྱེད་དུ་ཕྱིན་པ་ཡིན། ལྷ་ས་ནས་གནམ་མཚོ་བར་ཕྱོགས་གཅིག་ལ་ཆུ་ཚོད་བཞི་ཙམ་གྱི་འགྲུལ་བཞུད་བྱེད་དགོས་པར་སྣང་། ད་དུང་སྟོན་ཁ་ཡིན་ཞིང་ཞིང་ཁ་རྣམས་ལྗང་ཐིང་ངེར་སྣང་། ཡར་ལམ་ཡངས་པ་ཅན་ཞེས་པའི་ས་ཆར་སླེབས་སྐབས་གློ་བུར་དུ་ཚོར་སྣང་ཞིག་བྱུང་བ་ནི། གཡོན་ངོས་ཀྱི་རི་ངོགས་ན་རྗེ་རིན་པོ་ཆེ་འཁོར་འགའ་དང་བཅས་ཞབས་ཐང་ལ་ཕེབས་བཞིན་པའི་སྣང་བ་ཞིག་བྱུང་། ལོ་ངོ་བརྒྱ་ཕྲག་འགའ་ཡི་སྔོན་ལ་རྗེ་རིན་པོ་ཆེས་ས་ཆ་འདི་དག་ལ་ཞབས་རྡུལ་བཀོད་ཡོད་ལ། དེ་ནས་ལོ་ངོ་སྟོང་ཕྲག་གི་ཙམ་གྱི་སྔོན་ལ་ཁ་ཆེ་པཎ་ཆེན་ཡང་འདི་ཕྱོགས་ནས་མར་ལྷ་སའི་ཕྱོགས་སུ་ཕེབས་ཡོད་དམ་སྙམ། རི་བོ་རྣམས་བརྗིད་ཅིང་གཙང་པོ་ལ་རྦ་རླབས་མཆེད། རིམ་གྱིས་ཡར་འཛེགས་རིམ་བཞིན་འདམ་གཞུང་བརྒྱུད་ཅིང་། ཡར་གཉན་ཆེན་ཐང་ལྷའི་རི་བོ་མཐོ་ལ་བརྗིད་པ་དེ་མིག་ལམ་དུ་འོང་ཞིང་དེ་དག་སྤྲིན་པ་དཀར་པོའི་དཀྱིལ་ནས་པར་ལ་འདེབས་པའི་འབད་པ་བྱས་པ་ཡིན། གཡས་གཡོན་ལ་ཆགས་པའི་འབྲོག་པའི་རུ་སྡེ་དང་། སྤང་ཐང་ལ་བཀྲམས་པའི་ནོར་ལུག ལམ་འགྲམ་དུ་ཡུལ་སྐོར་བའི་ཆེད་དུ་བཤམས་པའི་ཁྲོམ་ར་སོགས་བརྒྱུད་མཐར་གནམ་མཚོའི་ཕྱོགས་སུ་སྙེག གནམ་མཚོ་ནི་སྲུང་སྐྱོབ་ས་ཁུལ་ཅིག་ཡིན་པར་སྣང་ཞིང་། དེར་བསྐྱོད་བཞིན་པའི་ཡུལ་སྐོར་བ་ཧ་ཅང་མང་། རི་བོ་ཞིག་གི་ཉག་ག་ནས་ཕར་བརྒལ་སྐབས་གནམ་མཚོ་དེ་རྒྱང་རིང་ནས་སྔོ་ཐིང་ངེར་མཇལ་ཞིང་། ཐང་རྣམས་སུ་འབྲོག་པའི་ནོར་ལུག་བཀྲམས་འདུག ཡུན་གྱིས་གནམ་མཚོའི་ཁ་རུ་ཆགས་པའི་གྲོང་ཆུང་ཆུང་དེར་སླེབས། དེར་དགོན་པ་ཞིག་ཀྱང་འདུག་ལ་གནམ་མཚོའི་ལོ་རྒྱུས་སྒྲུང་ལྟ་བུའང་བཤད་རྒྱུན་ལ་འདུག གྲོང་ཆུང་དེར་མཚོ་སྐོར་བ་རྣམས་ལ་དམིགས་པའི་མགྲོན་ཁང་ཆུང་གྲས་དང་། དེ་བཞིན་ཟ་ཁང་། བོད་ཀྱི་ས་གནས་ནས་ཐོན་པའི་རྡོ་རིགས་སོགས་ཚོང་ཙག་ཙིག་གི་འགྲེམ་སྟོན་སོགས་བཤམས་འདུག མཚོ་མོ་དེ་ནི་སྔོ་ལེམ་མེར་འཁྱིལ་ཞིང་མཚོ་ཡི་རྦ་རླབས་ཀྱང་ཆེས་ཆེར་མི་གཡོ། མཚོ་ཆུ་དེ་དྭངས་ཤིང་མཚོ་ཁ་ན་མཚོ་ལ་འཁོར་བའི་བྱ་རིགས་ཀྱང་སྣང་། ཡངས་པའི་སྤང་དང་དྭངས་པའི་མཚོ། དེ་རིང་གི་གནམ་གཤིས་སོགས་ལ་བརྟགས་སྐབས་འདི་ནི་དངོས་གནས་མི་ཡུལ་གྱི་ལྷ་ཡུལ་ཞིག་ཡིན་པའི་ཚོར་སྣང་སྟེར། དེ་ནས་མཚོ་མཇལ་གྲུབ་རྗེས་སླར་ཡང་རི་བོ་དང་འཕྲང་བརྒལ་བཞིན་ལྷ་སར་འཁོར་ཞིང་། ལམ་ཆེན་སྟེང་རྒྱུགས་བཞིན་པའི་རླངས་འཁོར་དང་། འབྲོག་པ་རྣམས་ཀྱིས་བོད་ཀྱི་ཤ་མོ་བཏུས་པ་འགྱིག་ཐུམ་དུ་བཅུག་ཏེ་འགྲུལ་པ་བཙོངས་པ་སོགས་ལ་ལྟ་བཞིན་ལྷ་སར་འབྱོར་སྐབས་མཚན་གྱི་ཆུ་ཚོད་བཅུ་པ་ཡོལ་འདུག
ཚེས་ ༢༨ ཉིན་ང་ཚོ་འབྲས་སྤུངས་དགོན་པར་མཇལ་དུ་སོང་། འབྲས་སྤུངས་དགོན་པ་ནི་ཐག་རིང་ནས་བལྟས་སྐབས་གྲོང་ཁྱེར་དང་འདྲེས་ཡོད་པའི་སྣང་བ་ཞིག་སྟེར་མོད། འཁྲིས་ལ་སླེབས་སྐབས་གྲོང་ཁྱེར་གྱི་མཐའ་ནས་ཡར་དགོན་པའི་བར་དེར་ས་སྟོང་ཆེན་པོ་ཞིག་ཡོད་པ་དེ་ནགས་ཚལ་སྐྱེས་འདུག་ཅིང་། ནགས་ཚལ་གྱི་ལམ་དེ་ཀྱག་ཀྱོག་ཡིན་པ་བརྒྱུད་ནས་ཡར་འབྲས་སྤུངས་དགོན་པ་བར་དུ་འགྲོ་ན་བར་ཐག་ཆེན་པོ་ཡོད་ཅིང་ལམ་བར་དེ་ན་གནས་ཆུང་གྲྭ་ཚང་གི་འདུ་ཁང་ཡང་འདུག དེ་ཉིན་འབྲས་སྤུངས་དགོན་པར་ཚོགས་འཚོགས་བཞིན་འདུག འབྲས་སྤུངས་ཚོགས་ཆེན་དུ་མཇལ་ཞིང་དེ་ནས་ཐབ་ཚང་དུ་སླེབས། དགེ་འདུན་འདུས་པ་ལ་གསོལ་ཇའི་དོད་དུ་དཀར་ཐིག་ཅིག་བརྒྱབ་ཅིང་། ཉེ་ཆར་འདས་པའི་ཕྲན་གྱི་གྲོགས་པོ་སྒོ་མང་དགེ་བཤེས་ཁོང་གི་མཚན་ཐོག་ནས་བསྔོ་བ་ཅིག་ཞུས་པ་ཡིན། འབྲས་སྤུངས་དགོན་གྱི་མཇལ་ཁ་ཞུ་རྒྱུའི་རིམ་པ་རྣམས་གྲུབ་རྗེས་མར་ལམ་གནས་ཆུང་གྲྭ་ཚང་དུ་མཇལ་བར་བསྐྱོད། དེར་འཕྲིན་བཅོལ་གཏོང་བ་སོགས་མཇལ་ཁའི་རིམ་པ་རྣམས་གྲུབ་རྗེས་ང་གཅིག་པུ་སླར་ཡང་ལྷ་སར་བསྐྱོད་དེ་ཕྲན་གྱི་གྲོགས་མོ་ཞིག་གི་གཉེན་ཉེར་ཐུག་འཕྲད་བྱས་པ་ཡིན། དེ་རྗེས་སེ་ར་དགོན་པར་མཆོད་མཇལ་དུ་ཕྱིན་པ་དང་། སེ་རའི་རྟ་མགྲིན་ལྷ་ཁང་ལ་མཇལ་རྒྱུ་དང་དེ་ནས་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་དཔེ་ཁང་ལ་ཕྱིན་པ་ཡིན། འདིར་ཡོད་པའི་དཀར་ཆག་ལྟར་ན་དེབ་གྲངས་ ༥༠༠ ལྷག་གི་བསྟན་བཅོས་ཀྱི་མཚན་བྱང་འཁོད་ཅིང་མང་ཆེ་བ་ནི་ཆོས་གཞུང་རེད། འོན་ཀྱང་རང་ལ་མཁོ་བའི་བསྟན་བཅོས་ཉོ་སྒྲུབ་ཞུ་རྒྱུའི་སྐལ་བ་ལྡན་པར་གྱུར། འབྲས་སྤུངས་དང་མི་འདྲ་བར་སེ་ར་དགོན་པའི་ལྕགས་རིའི་མཐའ་དེ་གྲོང་ཁྱེར་དང་འདྲེས་འདུག
དེའི་ཉིན་རྒྱབ་ཏུ་ “བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་” ཞེས་པའི་འགྲེམས་སྟོན་ཁང་ལ་ཕྱིན་པ་དང་དེར་ཡོད་པའི་བོད་ཀྱི་རིག་གནས་ཤུལ་བཞག་མང་པོར་ལྟ་ཞིབ་ཀྱི་གོ་སྐབས་བྱུང་། ཉིན་འདིར་ངེད་ཅག་འགྲོ་རྒྱུ་བྱུང་བ་ནི་རྒྱ་བཟའ་ཀོང་ཇོའི་སྐོར་གྱི་དངོས་འཁྲབ་ཟློས་གར་ཞིག་ལ་ལྟ་བར་བསྐྱོད་པ་ཡིན། ཟློས་གར་གྱི་ནང་དོན་ནི་སྲོང་བཙན་སྒམ་པོ་དང་ཀོང་ཇོའི་བར་གྱི་བརྩེ་དུངས་དང་འབྲེལ་ནས་ཀོང་ཇོ་བོད་ལ་ཕེབས་ཚུལ་སོགས་ཡིན་མོད། ལྟད་མོ་དེ་ནང་དོན་ལས་འཁྲབ་སྟེགས་དང་འཁྲབ་ཚུལ་ལས་མངོན་པར་གྱུར། དེའི་འཁྲབ་ཡུལ་ནི་ཕོ་བྲང་པོ་ཏ་ལའི་སྟེང་ནས་ཐད་ཀར་མཇལ་ཐུབ་པའི་སྐྱིད་ཆུའི་ཕར་ངོས་ཀྱི་གྲོང་ཚོའི་རི་ངོགས་ན་ཡོད་ཅིང་། འཁྲབ་མཁན་གཙོ་བོ་འགའ་མ་གཏོགས་གཞན་གྱི་འཁྲབ་མཁན་ལྔ་བརྒྱ་ཙམ་ནི་གཡས་གཡོན་གྱི་གྲོང་གསེབ་པ་ཡིན་པར་བཤད། འཁྲབ་ཚན་དུ་རྟ་རྒྱུགས་ཡོད་པ་མ་ཟད་གངས་འབབ་པ་དང་གློག་འཁྱུག་པ། ཕོ་བྲང་པོ་ཏ་ལ་འཁྲབ་ཡུལ་དུ་འདྲེན་པ་སོགས་རྒྱ་ཆེན་པོ་འདུག
ཚེས་ ༣༠ ཉིན་ངེད་ཅག་སྔ་པོ་ནས་ལམ་ལ་ཆས་ཏེ་གཞིས་རྩེར་བསྐྱོད་པ་ཡིན། དེ་ཡང་ལྷ་སའི་མེ་འཁོར་འབབ་ཚིགས་ནས་མེ་འཁོར་བརྒྱུད་གཞིས་ཀ་རྩེ་ལ་འགྲོ་རྒྱུ་ཡིན། འབབ་ཚིགས་ཀྱི་འགག་སྒོ་ན་ལུས་པོར་དཔྱད་ཞིབ་བྱེད་བཞིན་འདུག ཕྲན་གྱི་ཁུག་མ་སོགས་གློག་པར་འཕྲུལ་ཆས་ནས་དྲངས་རྗེས་ལུས་པོར་བརྟག་དཔྱད་བྱེད། དེ་ནི་བུ་མོ་ན་ཆུང་ཞིག་འདུག ངས་རྒྱ་སྐད་མི་ཤེས་སྟབས་བོད་སྐད་བཤད་པ་ཡིན། མོས་ངའི་ལུས་པོར་བརྟག་དཔྱད་བྱས། “ཁ་ཕར་འཁོར་དང་།” “མགོ་དགྱེ་དགྱེ་བྱོས་དང་།” “ད་སོངས།” ང་ལ་བོད་སྐད་ཀྱི་ལམ་ནས་བཀོད་པ་དེ་ལྟར་བཏང་སྐབས་དགའ་སྣང་ཞིག་བྱུང་། རྗེས་སུ་ཤེས་ཚོད་ལ་མེ་འཁོར་ལ་ཞབས་ཞུ་བྱེད་མཁན་གྱི་ལས་བྱ་བོད་རིགས་མང་པོ་ཡོད་ཚོད་འདུག དེ་ནས་མེ་འཁོར་དུ་ཞུགས་རྗེས་མེ་འཁོར་བསྐྱོད་མགོ་བཙུགས། གཡས་གཡོན་དུ་ཡོད་པའི་འགྲུལ་པ་མང་ཆེ་བ་བོད་རིགས་རེད། མཚམས་ཤིག་ལ་ང་ཚོར་གཡག་ཤ་བཙོས་པ་དུམ་བུ་རེ་ཡང་སྤྲད་བྱུང་། བྱིས་པ་ཆུང་ཆུང་འགའ་ཡིས་བོད་གཞས་དང་རྒྱ་གཞས་སོགས་གཏོང་བཞིན་པ་ལ་སེམས་གཡེང་བཞིན་ཡོང་། ཆུ་ཚོད་གཉིས་ཙམ་གྱིས་ང་ཚོ་གཞིས་རྩེའི་འབབ་ཚིགས་སུ་བསྐྱལ།
གཞིས་རྩེའི་འབབ་ཚིགས་ལ་སླེབས་རྗེས་ཁ་ལག་བཟའ་ས་ཞིག་ལ་སླེབས་སོང་། དེར་བལ་ཡུལ་གྱི་ཁ་ལག་ཡང་འདུག ཕྱིས་སུ་གོ་ཐོས་ལ་འགྲམ་ཁུལ་དུ་ས་ཡོམ་བྱུང་རྗེས་ཚོང་པ་དང་ཟ་ཁང་མང་པོ་གཞིས་རྩེ་ཁུལ་དུ་སྤོར་རབས་འདུག གང་ལྟར་དེ་ནས་ང་ཚོ་སླར་ཡང་འགྲུལ་བཞུད་ཀྱིས་ཞ་ལུ་དགོན་པར་སླེབས། ཞ་ལུ་དགོན་པ་ནི་བུ་སྟོན་རིན་ཆེན་གྲུབ་ཀྱི་གདན་ས་ཡིན་པ་དང་། དགོན་དེར་བོད་ཀྱི་དཔེ་རྙིང་རིག་གསར་སྐབས་ལའང་མ་འཇིག་པའི་པོད་སྟོང་ཕྲག་མང་པོ་ཡོད་སྐད་འདུག དགོན་པའི་གདན་རབས་དང་ལོ་རྒྱུས་ཀྱི་དེབ་གཉིས་ཉོས་ཤིང་། དེབ་དེའི་རྩོམ་པ་པོ་ལའང་མཇལ་བྱུང་། དེ་ནས་མཆོད་མཇལ་གྲུབ་རྗེས་སླར་ཡང་རྒྱང་རྩེའི་ཕྱོགས་ལ་བསྐྱོད་པ་ཡིན།
ཐང་བདེ་མོ་དང་ས་ཞིང་རྒྱ་ཆེན་པོ། ཡུངས་དཀར་གྱི་ཞིང་ལ་མེ་ཏོག་སེར་པོ་བཞད་པ་སོགས་ཀྱི་ཡུལ་ལྗོངས་དེའི་མཛེས་སྡུག་གིས་མིག་དབང་འཕྲོག་པར་གྱུར། ལམ་དུ་ངལ་གསོའི་མཚམས་ཤིག་ལ་ཡུལ་དེའི་ཆུ་འཐག་ལ་བལྟས་ཤིང་། དེར་ཡོས་ཀྱང་ཚོང་བཞིན་འདུག སྲན་ཡོས་ཤིག་ལ་མཛུབ་མོ་འཛུགས་བཞིན་འདི་ཅི་རེད་དྲིས་སྐབས་ “ཧྲན་མ་ཡོས་”རེད་ཅེས་བརྗོད་བྱུང་། དེ་ནས་ང་ཚོ་རྒྱང་རྩེར་བསྐྱོད་ཅིང་དགོན་པར་མཇལ། དཔལ་འཁོར་ཆོས་སྡེའི་ལྷ་ཁང་རྣམས་སུ་ཡང་གསུང་རབ་ཕོན་ཆེ་ལྷག་འདུག་དྲན་ཅིང་། སྒོར་མོའི་ཞལ་འདེབས་ཕུལ་ཚེ་པར་བརྒྱབ་ཆོག་པ་འདུག ཐང་ག་དང་ལྡེབ་རིས་སོགས་པར་འདེབས་བྱེད་བཞིན་པའི་སྐབས་ཤིག་ལ་ངེད་ཀྱི་གྲོགས་པོ་ཞིག་གིས་ལ་ང་ལ་ “ཁ་ཆེ་པཎ་ཆེན་འདིར་འདུག་”ཅེས་་ཁ་ཆེ་པཎ་ཆེན་གྱི་འཇིམ་སྐུ་མི་ཚད་མ་ཞིག་བསྟན་བྱུང་། དེ་ནི་ཁོང་གིས་ངས་ཞིབ་འཇུག་བྱེད་བཞིན་པའི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་ལ་བརྟེན་ནས་འཇིམ་སྐུ་དེ་ང་ལ་བསྟན་པ་རེད། མཆོད་རྟེན་ལ་ཞིག་གསོ་བྱེད་བཞིན་པའི་སྒང་ཡིན་སྟབས་རིམ་པ་འགའ་ཞིག་ལ་མ་གཏོགས་རྩེ་ཐོག་བར་དུ་མཇལ་ཁ་མི་འདུག གང་ཡོད་པ་རྣམས་ལ་མཇལ་སྐབས་ལྡེབས་རིས་རྣམས་ཀྱིས་ངའི་མིག་དབང་ཀུན་ནས་འཕྲོག་པར་གྱུར། ངས་ལྡེབས་རིས་ཀྱི་ཁྲོད་ནས་བོད་ཀྱི་མཁས་པ་དང་ལོ་ཙ་བ་རྣམས་འཚོལ་བཞིན་དུས་ཡུན་རིང་པོ་འགོར། བུ་སྟོན་རིན་ཆེན་གྲུབ་དང་ཐུགས་སྲས་སྒྲ་ཚད་པ། ལོ་མཆོག་པ་དང་བཅས་པའི་ལྡེབས་རིས་འགའ་པར་དུ་བཏབ་པ་ཡིན། བོད་མི་མཇལ་ཁ་བ་རྣམས་ཀྱིས་ལྡེབས་རིས་རྟེན་དུ་འཁྱེར་བའི་སྐད་ཀྱིས་བཀོག་བཞིན་པ་ནི་ཇི་འདྲའི་སེམས་ལ་གཟན་པ་ཞིག་རེད་ཨང་། ད་དུང་ལྡེབས་རིས་འགའ་ནི་ཞིག་གསོ་ལ་བརྟེན་ནས་ཉམས་སྐྱོན་མི་འབྱུང་ངམ་སྙམ་པའི་འཇིགས་དངངས་ཤིག་ཀྱང་ཡིད་ལ་འཁོར།
དེ་ནས་ཚེས་ ༣༠ ཉིན་རྒྱང་རྩེ་ནས་ཐོན་ཏེ་གཞིས་རྩེའི་ལམ་དུ་ཞུགས་ཤིང་། ལམ་བར་དུ་ཚན་རིག་དང་མཐུན་པའི་ཐོག་ནས་ཞིང་ལས་འདེབས་ཚུལ་སྟོན་པའི་ས་ཁུལ་ཞིག་དང་། དེ་བཞིན་ཕ་ལྷའི་གཞིས་ཀ་སོགས་ལ་བལྟས་ཤིང་། མཐར་བཀྲ་ཤིས་ལྷུན་པོའི་དགོན་པར་མཇལ། བཀྲ་ཤིས་ལྷུན་པོ་ནི་ངེད་ཀྱི་མི་ཐོག་རྣམས་ལ་ཆེས་བརྩེ་བའི་ས་ཁུལ་ཞིག་ཡིན་པ་ནི་པཎ་ཆེན་སྐུ་གོང་མའི་ཤུགས་རྐྱེན་ལས་ཡིན་ལས་ཆེ། ཁོང་གི་སྐུ་གདུང་ལ་མཇལ་ཅིང་སྨོན་ལམ་བཏབ། དེ་ནས་ལྷ་ཁང་རྣམས་ལ་མཆོད་མཇལ་གྲུབ་མཚམས་ལྡེབས་རིས་སོགས་གནའ་བོའི་ཡིག་རིགས་ཡོད་མེད་འཚོལ་བཞིན་ཕྱིར་སླེབས་སྐབས་ལམ་བར་དུ་ལྷ་ས་ནས་ཡིན་ཟེར་བའི་བུ་མོ་ན་ཆུང་གཉིས་འདུག “ངས་པར་བརྒྱབ་ན་འགྲིག་གམ”ཞེས་དྲིས་སྐབས་ཐོག་མར་མི་འདོད་པའི་རྣམ་འགྱུར་སྟོན་མོད་རྗེས་ནས་པར་འདེབས་ཆོག་པའི་བརྡ་གནང་བྱུང་བ་ལྟར་ངས་པར་བཏབ་པ་ཡིན། དེ་ནས་རྡོ་ལ་བརྐོས་པའི་ཡིག་རྙིང་གི་བཟོ་དབྱིབས་ཅན་འགའ་རེ་རྙེད། དེ་དག་གི་ལོ་རྒྱུས་ཞིབ་ཚགས་གདན་སའི་ལོ་རྒྱུས་ཁག་ན་གསལ་ངེས་ཀྱང་དཔེ་ཀློག་གི་གོ་སྐབས་མ་བྱུང་། དེ་རྗེས་སླར་ཡང་གཞིས་རྩེའི་མེ་འཁོར་འབབ་ཚིགས་ལ་ཕྱིན་ཅིང་། མེ་འཁོར་བརྒྱུད་ལྷ་སར་ཡོང་ཞིང་། ལྷ་སར་འབྱོར་སྐབས་མཚན་མོ་རེད།
ཐེངས་འདིའི་འགྲུལ་བཞུད་འདིའི་སྐབས་སུ་ང་ཚོར་འཕྲད་པའི་མི་སྣ་མང་ཆེ་བ་ནི་བོད་རིགས་ཡིན་པ་དང་། བོད་རིགས་ཡིན་པའི་ཉེར་ལེན་ལ་བརྟེན་ནས་ཕན་ཚུན་བཀའ་མོལ་ཞུ་བདེ་བ་སོགས་བྱུང་། ད་དུང་ང་ཚོར་གཞུང་འབྲེལ་གྱི་འདྲི་བརྩད་བྱེད་པ་སོགས་གཅིག་ཀྱང་མེད་པ་མ་ཟད། མི་སྣ་སུ་ལའང་ཐུག་འཕྲད་བྱེད་རྒྱུར་རང་དབང་ཡིན་པ་བཅས་ལ་བརྟེན་ནས་ང་ཚོ་ནི་རང་རང་གི་གྲོགས་པོ་དང་གཉེན་ཉེ་ལ་མཇལ་འཕྲད་བྱེད་པའི་ལང་ལོང་ཞིག་ཀྱང་བྱུང་སོང་།
ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་ང་ཚོ་ལྷ་ས་ནས་ཐོན་རྒྱུ་ཡིན་པ་དང་། ངེད་ལྷ་ས་ནས་རང་མོས་ལྟར་ཉིན་འགའ་རེར་་སྡོད་རྒྱུའི་གོ་སྐབས་བྱུང་ནའང་མ་རྒན་གྱིས་ཕ་ཡུལ་ན་ང་ལ་སྒུག་བཞིན་ཡོད་སྟབས་བྲེལ་འཚུབ་ཀྱིས་ ཆུ་ཚོད་དགུ་པ་ཙམ་ལ་ཞོགས་ཇ་ཟས་རྗེས་ལྷ་ས་ནས་ལམ་ལ་ཆས་ཏེ་གོང་དཀར་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ཟི་ལིང་དུ་འབྱོར་རྗེས་གཉེན་ཉེའི་རླངས་འཁོར་བརྒྱུད་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་རེབ་གོང་དུ་འབྱོར་ཞིང་། ཨ་མ་དང་ལྷན་དུ་ནུབ་ཟས་ལ་རོལ། དེ་ནས་ཉིན་བཅོ་ལྔ་ཙམ་གྱི་རིང་ལ་མ་རྒན་དང་འབྲལ་མེད་ཀྱིས་བསྡད་པ་ཡིན། མས་བཤད་རྒྱུ་ལ་ཁྱེད་རང་སྐྱེས་སའི་ས་ཆ་དེར་སོང་ནས་ཞོགས་ཇ་ཞིག་འཐུང་འདོད་གསུངས། ངེད་ཀྱིས་ཀྱང་མའི་ངག་ལ་ཉན་ཏེ་བདག་གི་ལྟེ་ཁྲག་འཕོས་སའི་ཁང་ཐོག་དེར་སོང་ནས་ཞོགས་ཇ་འཐུང་པ་ཡིན། ངེད་ཆེས་དགའ་བའི་ཕ་ཡུལ་གྱི་ཟས་ནི་ངའི་ཕ་སྐད་དུ་ “རྟུའུ་མ་”ཞེས་འབོད་པའི་སྐྱོ་མའམ་རྩམ་ཁུ་དེ་ཡིན།
འཐབ་ཕྱོགས་གཅིག་གྱུར་ལ་ཐུགས་རྗེ་ཆེ་ཟེར་མཁན་ནི་ཀླུ་སྨྱོན་ལས་ཡོད་རྒྱུ་མ་རེད། ཅིག་ཡིན་མདོག་མདོག་བྱེད་རྒྱུར་དགའ་བའི་མི་འདི། གནད་ལ་ཐུག་དུས་རང་ཚུགས་མི་ཟིན་པའི་བླ་རྒན་འདི། ངའི་རྩ་བའི་བླ་མ་༧་ཡིན་བཞིན་ནོར་བུར་དངོས་དང་ཤུགས་ནས་ཟུར་ཟ་བྱས་བ་སྐད་འཕྲིན་སོགས་སུ་ཐོས་བ་ནས་བཟུང་། ང་དངོས་གནས་མི་འདིར་ཡིད་ཐང་ཆད་སོང་། གུང་ཕྲན་ལ་ཐུགས་རྗེ་ཆེ་ཟེར་མཁན་ནི་མི་འད྄ི་དག་ལོས་ཡིན།
དྲན་ཐོ་ལེགས། བཀའ་དྲིན་ཆེ། ལྷ་ས་མིག་ལམ་དུ་ལྷང་ངེར་ཤར། པར་དེ་ཚོ་ཆེན་པོ་བཟོ་ཐུབ་ན་ཡང་བསྐྱར་བལྟ་འདོད་ཆེ།
གཡག་རྒོད་ལགས།
རྒན་ཀླུ་སྨྱོན་གྱིས་རྒྱལ་དབང་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟ་བྱེད་ཨེ་སྲིད། ཀླུ་སྨྱོན་སྤྲུལ་སྐུར་ངོས་འཛིན་གནང་མཁན་འཁྲུལ་ཞིག་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་དང་། གུ་རུའི་རྣམ་སྤྲུལ་རེད་ཅེས་ཡིག་ཆའི་ངོ་བཤུས་ང་ལ་ཡོད། མ་ཟད། ཀླུ་སྨྱོན་གྱིས་རྒྱལ་བ་རིན་པོ་ཆེའི་དྲུང་ལས་དབང་ལུང་མན་ངག་མང་པོ་ཞུས་པ་ཚང་མས་ཤེས་གསལ་རེད། བྱས་གཙང་དེ་བདེན་པ་ཨེ་ཡིན་སྙམ་པའི་དྭོགས་པ་བྱུང་།
རྒན་ཀླུ་སྨྱོན་ནས་དེ་ལ་གསལ་བཤད་ཅིག་གནང་རོགས། སྔགས་ཀྱི་སྡོམ་པར་གཅེས་སྤྲད་བྱེད་མཁན་ཞིག་གིས་ངོས་ནས་དེ་ཤེས་རྒྱུ་གལ་ཆེ་ཡིན་ལགས། བཀའ་དྲིན་ཆེ།
ཀླུ་སྨྱོན་དང་པོར་དགེ་ལུགས་དེ་ནས་རྙིང་མ་དེ་ནས་ས་སྐྱ་འགྱུར་སོང་བ་རེད་རབ་གསལ་ལགས་ཀྱི་འགྲུལ་བཞུད་དང་པར་རིས་མཐོང་བ་དང་ཡང་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ངོ་དགའ་འཁྲབ་ནས་བོད་ལ་འགྲོ་དྲན་ཡོད་རེད།
ཟིན་ཐོ་ལེགས། ང་བཙན་བྱོལ་དུ་སྐྱེས་ནས་བོད་ལ་༡༩༨༦ དང་༡༩༩༣ ལ་ཕྱིན་པ་ཡིན། དབུས་གཙང་གི་གདན་ས་ཁག་མཇལ་དུས་དད་པ་དབང་མེད་དུ་འཕྲོག་ཅིང་དེ་དུས། ལྷ་ས་རུ་ཇོ་ཁང་དང་སེར་འབྲས་གཉིས། རྒྱུད་གྲྭ་སྟོད་སྨད། གནས་ཆུང་དགོན། སྟོད་ལུང་དུ་དཔལ་ཀརྨ་པའི་གདན་ས་འོག་མིན་མཚུར་ཕུ། གནས་ནང་དགོན། ཡངས་པ་ཅན་རྒྱལ་བ་ཞྭ་དམར་པའི་གདན་ས། ལྷོ་ཁ་རུ་དཔལ་གྱི་བསམ་ཡས། སྨིན་གྲོལ་གླིང་། གཙང་དུ་བཀྲ་ཤིས་ལྷུན་པོ། དཔལ་ས་སྐྱ། ཞྭ་ལུ་དགོན། རྒྱང་རྩེ་དཔལ་མགོན་མཆོད་བརྟེན། འདི་དག་ཐམས་ཅད་མཇལ་བའི་སྐལ་བཟང་བྱུང་། ཡང་བསྐྱར་འགྲོ་ཐུབ་ན། གངས་རིན་པོ་ཆེ། མཚོ་མ་ཕམ། ཏྲེ་ཏ་པུ་རི། འབྲི་གུང་མཐིལ། དགའ་ལྡན། རྡོ་རྗེ་བྲག ཇོ་ནང་རྟག་བརྟན་གླིང་། ངོར་དགོན་པ། འབྲུག་སངས་སྔགས་ཆོས་གླིང་། སངས་ཕུ་ནིའུ་ཐོག་གི་གཙུག་ལག་ཁང་སོགས་དབུས་གཙང་གི་གདན་ས་ལྷག་མ་རྣམས་མཇལ་ཐུབ་པའི་སྨོན་ལམ་ཡོད།
༅༅། གུང་དྲན་ལ་ཐུགས་རྗེ་ཆེ་ཟེར་མཁན་དེ་ནི་། ཕ་བསད་པར་བཀའ་དྲིན་ཆེ་དང། མ་བསད་པར་ཐུགས་རྗེ་ཆེ་། ཕ་ཡུལ་འཕྲོག་པར་དྲིན་ཆེ་ཟེར་བ་ མི་དེའི་རིགས་ནི་རྒྱ་དམར་པོ་ནས་གཅིག་རག་གི་ཡོད་པ་ཐག་ཆོད་པ་རེད། དེ་མིན་བ་གླང་ཡིན་ཡང་བརྗོད་མི་སྲིད། སྙིང་རྗེ་། སྐྱེ་བ་ཕྱི་མ་བ་གླང་ལུས་ཀྱང་ལེན་པ་དཀའ་།
དགེ་འདུན་རབ་གསལ་མཆོག་གི་བོད་ཀྱི་ལྟ་བསྐོར་ཉམས་མྱོང་དང་། ལོ་རྒྱུས་རྣམས་བཀླགས་པས་དངོས་སུ་ས་གནས་དེ་དག་ཏུ་སླེབས་པ་ལྟ་བུའི་ཚོང་སྣང་སྐྱེས་པས། ས་གནས་ཀྱི་ལོ་རྒྱུས་དང་། སྤར་བཅས་བཀོད་པར་བཀའ་དྲིན་ཆེ། འོན་ཀྱང་དིང་སང་བོད་ཀྱི་འབྲི་བ་པོ་ཕལ་ཆེ་བས་བྲིས་དང་འབྲི་བཞིན་པ་ལྟར་གྱི་སླད་ཞུགས་པ་རྣམས་སྔར་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པ་ལྟར་ཞུས་དག་མཛད་པར་རེ་བསྐུལ། དཔེར་ན། བསྐོར་བ་ལ་བསྐོར་ར་འབྲི་བའི་ནི་རང་གི་རྣ་བའི་དབང་པོ་ལ་ལེགས་པར་མ་བརྟགས་པ། ལ་དྭགས་པ་འགའ་རེས་རྣམ་དབྱེ་དག་གི་གསལ་བྱེད་མེད་པར་སོང་། ཨི་རྐྱང་པ་ལུས་པ་ན། ཨི་རྗེས་འཇུག་རྣམསལ་ཞུགས་ཏེ། བོ་དི་དང་། ཆོ་སི་ཞེས་ཁ་ནས་འབོད་པ་ལ། མ་བརྟགས་པར་བོད་དི། ཆོས་སི། ཞེས་པ་ལྟ་བུ།
དེང་ཡང་། བསྐོར་བ། ཞེས་པར་བ་ཡིག་མེད་སོང་། ཨ་རྐྱང་པ་ལུས་་པ་ན། ཨ་ཡིག་དེ་ཉིད་བསྐོར་གྱི་རྗེས་འཇུག་ར་ལ་ཞུགས་ཏེ། མིང་གཞི་སྐོ་ད་དང་རྗེས་འཇུག་ར་ཡིག་སོ་སོར་ཕྱེ་སྟེ། བསྐོ་ར། ཞེས་ཆགས་སོ། དཔེར་ན། ལ་དྭགས་གཤམ་ཕྱོགས་པ་དང་སྟོད་པས། རྒྱལ་བ་དང་རྒྱ་ལ། ཟེར་བ་ལྟ་བུའོ།
མིང་གཞི་སྐོ་ད་དང་རྗེས་འཇུག་ར་ཡིག་སོ་སོར་ཕྱེ་སྟེ། ཞེས་པར་མིང་གཞི་སྐོ་དང་ར་ཡིག་སོ་སོར་ཕྱེ་སྟེ། ཞེས་ཞུས་དག་བྱས་སོ།
ཀླུ་སྨྱོན་ནི་ཨ་མདོ་རྡོ་བུས་རྡོ་རྗེ་རྣ་ཆེ་ལྟར་ར་བཟི་ཡོད་པ་ཡིན་འགྲོ། དེ་མིན་འདི་ཅན་པོས་༧རྒྱལ་བ་མཆོག་ལ་དཔེ་མི་སྲིད་པའི་གླེང་འགེལ་བ་དང་ནག་འདད་གཏོང་ཁུལ་གྱིས་ཉི་མ་ཟད་ཀྱི་ལོག་ལྟ་དང་ལོག་མཐོང་བཤད་ནས་ང་ཚོ་ལ་གང་མི་ཚད་པའི་ཁོང་ཁྲོ་སླངས་ཡོད།
ད་དུང་བཙན་བྱོལ་ཡུལ་གྱི་བསམ་ཚུལ་དང་འགྲོ་ཚུལ་མ་འགྲིགས་པ་འདྲ་པོ་ཞིག་བཤད་འདུག། ངོ་མ་རྐུས་ནས་སྒང་ལ་སྨྱོས་ནི་ཟེར་ན་འདི་ཚོ་རེད་ཡ། བོད་ལ་འཁོར་དུས་དད་མདོག། དགྱ་ལ་འཁོར་དུས་མཚན་སྨོད་བྱེད་པ་འདི་ཚོ་ཅན་པོ་རྣ་རྐྱང་ལ་ཁུ་ཚུར་སྤྲོད་དགོས་ས་རྐྱང་རེད། དྲ་བའི་ནང་གི་དཔའ་བོ་ཚོ།
དགེ་རབ་ལགས་ཁྲོ་ཕུ་ལོ་ཙཱ་བར་ཞིབ་འཇུག་བྱེད་མཁན་ཞིག་གི་ཆ་ནས་གཞིས་རྩེར་ཕེབས་ཀྱང་ཁྲོ་ཕུར་ཕེབས་མ་ཐུབ་པ་དེ་ཅུང་ཕངས་པོ་བྱུང་། ལྡེབས་རིས་ཀྱི་པར་དེ་ཚོ་ཉར་ཚགས་བྱ་རིན་ཡོད་པ་ཞིག་འདུག དིང་གི་ལྷ་སའི་གཞི་ཁྱོན་ནི་བསམ་ཚོད་ལས་ཀྱང་འགལ་འདུག
ཐང་བདེ་མོ་དང་། ཐང་བདེ་པོ་གཉིས་ལ་ཁྱད་པར་གང་ཡོད་དམ། ལགས།
ལྷ་སའི་ཁུལ་གྱི་གནའ་ཤུལ་གཙོ་བོ་ཁག
http://www.rfa.org/tibetan/tibet/historic-buildings-in-lhasa-09012016130120.html
བཀུར་འོས་པའི་མཁས་པ་དགེ་འདུན་རབ་གསལ་ལགས་ཀྱི་ཕ་ཡུལ་དུ་ཕེབས་པའི་ཟིན་ཐོ་ཧ་ཅང་ལེགས་པོ་འདུག
ཞིབ་ཏུ་མཇལ་བ་ཡིན། རང་ཉིད་ཀྱང་ནམ་ཞིག་དེ་ལྟར་ཡུལ་སྐོར་རེ་བྱ་ཐུབ་ན་ཨང་བསམ་བསམ་པ་ཡང་ཡང་སྐྱེས་སོང་།
རང་ཡུལ་དུ་འབྱོར་ནས་ནང་མིར་མཇལ་བ་མ་ཟད། བོད་དབུས་ཁུལ་གྱི་གནས་རྩ་ཆེན་དང་ཡུལ་གལ་ཆེན་མང་པོར་ཕེབས་ཏེ་ཞིབ་འཇུག་རང་བཞིན་ཀྱིས་པར་དང་ཟིན་ཐོ་ཡག་པོ་བཀོད་བསྒྲིགས་གནང་འདུག དངོས་གནས་སྐུ་དྲིན་ཆེ་ཞུ་འདོད།
གཞན་(རྟུའུ་མ་) ཟེར་བ་དེའི་དག་ཆའི་སྐོར་ངས་མང་པོ་བཙལ་བ་ཡིན་ལ། མཐར་རྙེད་སོན་བྱུང་བ་ནི་(གཏུལ་མ་) ཞེས་པ་འདི་རེད། འོན་ཀྱང་ངའི་ཕ་ཡུལ་ནས་ཀྱང་ཁྱོད་ཀྱིས་བྲིས་པའི་རྟུའུ་མ་ཞེས་པའི་སྒྲ་དེ་དང་འདྲ་བར་ཟེར་གྱི་འདུག་པས། དོན་ལ་(རྟུའུ་མ་)དང་(གཏུལ་མ་)གང་ཡིན་གསལ་ཆ་མ་ངེས་ལགས།
འདི་བསམ་ཚུལ་ཙམ་ཡིན།
གནས་ལུགས་མང་པོ་རྟོགས་པའི་བརྒྱུད་ལམ་ནས་མི་མང་པོ་ལ་བོད་ཀྱི་གནས་བབས་ངོ་སྤྲོད་ཐུབ་པའི་ཕན་ཐོགས་བྷུང་ཡོད་པ་དང་འགྲུལ་ཡིག་ཆ་ག་འདྲ་ཞིག་བརྒྱུད་ནས་བོད་དང་རྒྱ་ནག་ལ་ཕེབས་པ་ཡིན་ངོ་སྤྲོད་གནང་ཐུབ་ན་མི་མང་པོ་ལ་ཕན་སྲིད་པ་བཅས་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཟིན་ཐོ་ཡག་པོ་འདུག ངས་ཀྱང་བཀླགས་པ་ཡིན། ཐུགས་རྗེ་ཆེ།
དེའི་ནང་སྐུ་པར་ཡག་པོ་དེ་འདྲ་གནང་འདུག་ཐུགས་རྗེ་ཆེ་ཞུ།
དད་པ་ལོག་སྤྱོད་པ་ཚོས་ཀླུ་སྨྱོན་རྡུང་མདོག་མདོག་བྱས་ཀི་མ་སྡོད་་་་ཅང་མི་ཧྲེ་ཁུ་མོ
པདྨ་འབུམ་དང་། རབ་གསལ་གཉིས་ཀྱི་བར་ལ། དད་མེད་ལོག་སྤྱོད་པ་སྲིད་སྐྱོང་ལང་མཁན་རང་བཙན་པ་ཡང་ཡིན་གསར་འབྱོར་པ་ཡིན་པ། ཁོང་་་་་་་ བཅུར་ནས་སེམས་ནད་ཐེབས་བཅུག་ཏུ་མ་སོང་ངམ། རང་བཙན་པ་ཅོ་རི་དང་། གཞོན་ལྷན་རྣམས་དབུས་ལམ་ལ་ཐད་ཀར་བཞུགས་ན་མི་ལེགས་སམ། ལགས།
དེང་རབས་ཀྱི་བོད་རིག་པའི་སློབ་དཔོན་དགེ་འདུན་རབ་གསལ་ལགས། ཟིན་བྲིས་སྙན་པོ་བྱུང་། ངས་བལྟས་ན། ལོ་རྒྱུས་གཏིང་མ་དངོས་གནས་པ་དེ་མ་འོངས་པ་ན། དེའི་ཚེ་དེའི་དུས་ཀྱི་རྩོམ་ཡིག་འཕར་མ་ཞིག་གི་ནང་མཉན་རྒྱུ་བཀླག་རྒྱུ་ཡོད་རྐྱང་རེད། དེ་སྒུག་ནས་བསྡད་ཡོད། བདེ་མོ་ཐང་མོ་བྱས་ནས་ཕྱིར་འཁོད་པར་རང་ཉིད་བློ་བདེ་སོང་བས། བཀྲ་ཤིས་བདེ་ལེགས་ཞུ།། །།
སྔ་མོའི་བོད་མི་རིགས་ཀྱིས་རིག་གཞུང་དང་འབྲེལ་བའི་པར་རིས་དེ་ཚོ་ཕྱི་རབས་མི་ཐོག་གསར་པའི་ཤེས་རྟོགས་ཆེད་དེབ་གཟུགས་སུ་བཀོད་ཐུབ་ན་ཅི་མ་རུང་བཀྲིན་ཆེ་ཐུགས་རྗེ་ཆེ་