ཀླུ་སྨྱོན།
ཐལ་རྡུལ་འཕྱུར་བའི་གྲོང་ན། །
ཤོག་བུ་རླུང་གིས་འཁུར་བཞིན། །
སྲང་ལམ་སྟོང་པའི་གད་སྙིགས། །
ཆང་དམ་ངོས་སུ་འཕོས་འདུག །
གློག་དམར་འཁྱུག་ཙམ་འཁྱུག་ཙམ། །
སྦི་རག་འདེག་ཙམ་འདེག་ཙམ། །
དེ་ལས་མིག་ལ་གཟན་པ། །
མཛེས་མའི་སེན་མོ་དམར་པོ། །
གྲོང་པའི་ཆང་ཁང་ནང་དུ། །
སྐྱིད་པོ་མི་འདུག་མ་གསུངས། །
གླུ་དང་གར་ལ་རོལ་བཞིན། །
འཁོར་བ་སྐྱིད་པོ་རེད་འདུག །
རླངས་འཁོར་ཁྲ་ཁྲ་སིལ་སིལ། །
འཁོར་ལོ་ཆེ་ཆུང་འདྲ་མིན། །
ཆར་རྗེས་ལམ་ཁའི་ངོས་སུ། །
གློག་འོད་རི་མོ་མཛེས་པ། །
མེ་མདའ་AKཞེ་བདུན། །
མཛུབ་དཀྲིས་རྡོ་རྗེ་ཕ་ལམ། །
དངུལ་ལོར་བརྩེགས་མའི་གསེབ་ན། །
དུད་དྲི་འཐུལ་ཙམ་ཡལ་ཙམ། །
ཆུ་ཚོད་ཆེན་པོའི་མདའ་མོས། །
འཆི་བ་ཆང་དང་བརྗེས་ནས། །
ཕ་གའི་གསེར་སོ་ཅན་དེར། །
ཝུ་ཆང་ལན་མང་བཀྱགས་སོང་། །
རླུང་བུ་ལྡང་ཐེངས་མང་པས། །
རྩིགས་ངོས་ཁྱབ་བསྒྲགས་དབྲལ་སོང་། །
ཤོག་བུ་ཐེར་ཚལ་སྦར་ཚལ། །
ཆར་བའི་ནང་དུ་སྦངས་སོང་། །
དོར་མའི་ཁ་འདིག་ཆེན་པོ། །
ཟངས་ཀྱི་འབྲོང་རྒོད་བསྣོལ་མ། །
ཨི་ཁུང་བརྒྱ་དང་བཞི་ཅུ། །
མདེའུ་ཤག་སྒྲ་ཡོད་དོ། །
མདང་ནུབ་ཆར་བ་བབས་པས། །
དོ་ནུབ་རླུང་བུ་བསིལ་བ། །
ལན་བུ་ཕྲག་པར་འཕྱོ་དུས། །
ལང་ཚོའི་ཕྱིར་དྲན་ལྕི་བ། །
སྒོ་ལྕགས་བཙའ་ཡིས་ཟིན་པས། །
ལྡེའུ་མིག་ག་རེས་ཆོག་པ། །
སྐྱེ་འགོག་རིལ་བུ་ཆ་གཅིག །
རྒུན་ཆང་དམར་པོས་དེད་སོང་། །
གནའ་བོའི་སྙན་ངག་ཐར་ཐོར། །
དུར་རྡོའི་ངོས་སུ་བརྐོས་པ། །
མུན་ནག་མཚན་མོའི་ལྗོངས་སུ།
གློག་འོད་འཁྱུགས་པ་འདྲ་བ། །
སྐྲ་ལོའི་འདབ་མའི་ངོས་སུ། །
ཐ་མག་འཚིག་དྲི་ཁ་བ། །
རི་མོར་བྲིས་པའི་འཆར་ཡན། །
གད་སྙིགས་ནང་དུ་གཡུགས་འདྲ། །
གཙག་རིས་གཡུ་འབྲུག་ཁ་སྤྲོད། །
ཡིན་པ་འདྲ་ཞིག་འདུག་སྟེ། །
གྲོད་ཁོག་ལྕི་མོ་དེ་ལ། །
གཏམ་རྒྱུད་ག་ཚོད་ཡོད་དམ། །
སེན་མོའི་བར་གྱི་དྲེགས་པ། །
མངར་སྐྱུར་འདྲ་མིན་ཡོད་ཀྱང་། །
མི་ཚེའི་གཏམ་རྒྱུད་རིང་མོ། །
ཤོག་བུའི་ངོས་སུ་མི་འདུག །
གློ་བུར་རླངས་འཁོར་མང་པོ། །
འཚང་ག་བྱས་ནས་བསླེབས་པས། །
རོལ་དབྱངས་དུས་སྟོན་ཞིག་གི །
ཁྱབ་བསྒྲགས་ཡིད་ལ་ལྷང་ངེ། །
མུན་ནག་ཁྲོད་ཀྱི་གྲོང་བརྡལ། །
སྣུམ་ཚོན་རི་མོ་འདྲ་བ། །
དེ་ལ་གོང་ཚད་རྒྱག་པར། །
ང་ལ་འཆར་གཞི་མེད་དོ། །
མཚན་མོའི་དུས་སྟོན་འཚོག་དུས། །
སྐར་མ་ཁྲ་ཆིལ་འཚེར་བ། །
རྒས་པའི་སྡུག་བསྔལ་གསེབ་ཀྱི། །
སྨྲེ་སྔགས་འཐོར་བ་འདྲ་བྱུང་། །
ཡིད་ལ་འཁོར་བའི་སྙིང་སྡུག །
ཆར་བའི་ནང་དུ་ལུས་པ། །
སྟོན་མཇུག་མེ་ཏོག་རྐང་གཅིག །
དེབ་ཀྱི་བར་དུ་བཅུག་འདྲ། །
ཅོག་ཙེ་རྙིང་ཞིང་གོག་པ། །
གློག་ཀླད་ངལ་ཞིང་དུབ་པ། །
སྙན་ངག་འཆོལ་ཞིང་འཐོར་བས། །
དྲན་པ་བརླགས་པ་འདྲ་བྱུང་། །
མཚན་མོའི་མོ་ཊའི་སྐད་སྒྲ །
ཉིན་མོའི་མཛེས་མའི་རྐང་སྒྲ །
མཚན་ཚོགས་རོལ་དབྱངས་སྙན་སྒྲ །
བྲག་ཆའི་སྒྲ་བརྙན་རང་ལོག །
་
གཟུགས་མཛེས་སྙིང་པོ་མི་འདུག །
ཁ་འཇམ་ལག་ཡོད་མི་འདུག །
ལུས་འཇམ་འདོད་འཚིམ་མི་འདུག །
ཞེན་ལོག་བསྒོམ་དགོས་མི་འདུག །
་
མཛེས་མ་མཁའ་འགྲོ་ཡིན་མདོག །
མཛེས་མ་ཆོས་དད་ཡོད་མདོག །
མཛེས་མ་བརྩེ་སེམས་ཡོད་མདོག །
མཛེས་མ་མཛའ་གྲོགས་ཡིན་མདོག །
་
ཐང་རིང་བུ་མོའི་མཛེས་མདོག །
ཐག་ཉེའི་དགའ་གྲོགས་བརྩེ་སེམས། །
ཚེ་གྲོགས་ཚེ་རིང་ཆོས་སྒྲོན། །
རྒད་པོ་བཞག་ནས་མ་འགྲོ །
་
ཧ་ཧ། ཀུ་རེ་དང་བཅས།། །།
ཀླུ་སྨྱོན་ཡར་འཁོར་མར་འཁོར།
ཨ་རིའི་ནུབ་བརྒྱུད་འཁོར་སོང་།
གླང་རྫིའི་ཉམས་དང་གཟི་བརྗིད།
གླང་རྫི་མ་ཡི་འཇོ་སྒེག
བླ་རྒན་ཡིད་དབང་འཕྲོག་སྟེ།
རང་གི་དགའ་མ་བརྗེད་འདྲ།
རི་བོ་སྒལ་ཚིགས་ཆག་སོང་།
གླང་རྫིའི་འདོད་པ་ལོག་སོང་།
ཡོད་ཚད་རླུང་གིས་ཁུར་སོང་།
ཤུལ་ན་ཤིང་རྟ་ལུས་སོང་།
ཧ་ཧ་ཀུ་རེ་ཟབ་མོ།
ཨེ་གོ་སོ་སོའི་ལས་ཡིན།
ཤོག་སྐྱ་ཡར་ཁུར་མར་ཁུར།།
སྐྱི་པགས་ཡར་འཐེན་མར་འཐེན།།
ལྕགས་སྨྱུག་ཟད་པོའི་ཁ་ནས།།
འཚོ་བའི་དུད་ཁུ་སྐྱུགས་འདྲ།།
མངར་མོ་སྣ་ལ་སྐྱུར་བ།།
སྐྱུར་མོ་མིག་ལ་ཁ་བ།།
རོ་དྲུག་མྱོང་བྱང་གོག་པོ།།
རྒས་ཁའི་འཁྲེས་པོ་ཡིན་འགྲོ།
དབེན་པའི་རི་ལ་མ་ཆས།།
གྲོང་གི་སྙིགས་མ་སྒུམ་པས།།
བྱུ་རུའི་གོས་ཆེན་སྟེང་ལ།།
ཁྭ་ཏས་སྐྱག་པ་བཏང་བཞག།
མིག་ལོག་གནམ་ལ་མ་འཕེན།།
གཉེར་མའི་ཁ་གྲངས་ཤེས་འགྲོ།
མཆིལ་མ་ས་ལ་མ་འཕེན།།
ལྷམ་ཆུང་རྫད་རོགས་ཡིན་འགྲོ།
ཐལ་རྡུལ་འཕྱུར་བའི་གྲོང་ནས། །
ཤོག་བུ་རླུང་གིས་འཁུར་བཞིན། །
དམར་སེར་མདངས་རྒྱན་ཨ་ཁུ། །
ཀླུ་དབང་ཕྱོགས་སུ་འཕོས་འདུག
གློག་དམར་འཁྱུག་པ་འདྲ་བའི། །
ཨ་ཁུའི་མིག་ཟུང་ཟུར་མདའ། །
མཛེས་མའི་ཕྱོགས་སུ་འཕེན་ཀྱང། །
ཡ་ལན་མེད་འདི་སྐྱོ་བྱུང། །
གྲོང་ཉུལ་འགྲོ་ས་མང་འདུག །
གྲོང་འཁྱེར་འཁྱམས་ས་མང་འདུག །
རེ་ཚད་འོངས་ས་མི་འདུག །
ཤེས་ཚད་བསླབ་ས་མི་འདུག །
་
མཛེས་ཚད་མཐོང་སར་མི་འདུག །
མཛེས་མ་མང་པོ་མི་འདུག །
མཛེས་མས་རེ་བསྐོང་མི་འདུག །
མཛེས་མ་མཉམ་འགྲོགས་མི་འདུག །