དུར་བྱང་།
བར་སྐབས་ཤིག་ཏུ། གྲོགས་པོ་འགའ་ལ་ང་ཅག་གིས་དབུགས་ཚ་བོ་དང་འགྲོགས་ནས་མིད་པ་ལྷུག་ལྷུག་འགུལ་བ་ལས་རེ་ཞིག་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བསྡད་ན་ག་འདྲ་ཡིན་ནམ་ཞེས་ནང་གཏམ་གྱི་ཚུལ་དུ་གྲོས་བཏབ་པ་ཡིན། ལག་མཐིལ་ལྟ་བུའི་སྤྱི་ཚོགས་འདིའི་ནང་ནས་སྙིང་འཕར་བ་དང་མིག་ཚ་བ་བསྟུད་མར་ཡོང་གྱིན་པ་སྨྲ་ཅི་དགོས་ཏེ། གང་ཙམ་ཞིག་ལ་ཁ་དང་ལག་པ་མ་འགུལ་བར་ངེས་ངེས་བསྡད་པ་ཡིན། དངོས་གནས་ལྐུགས་པའི་ངང་ཚུལ་བཟུང་ནས་གནས་པ་ཡིན་ཏེ། བསྡད་ཀྱིན་བསྡད་ཀྱིན་གདོང་ལ་མཆོང་ནས་སྙིང་ལ་སྤར་འབྲད་བྱེད་བཞིན་འདུག རང་ཉིད་ཀྱི་ཚེ་སྲོག་ལ་མི་གཅེས་མཁན་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད་ན། ཕྲན་པས་ཀྱང་རང་ཉིད་ཀྱི་ཚེ་སྲོག་རྟ་རྔ་འདྲ་བོ་བསྐྱབ་པར་འདོད་པས་དེ་རིང་ནས་ཡང་སྐྱར་སྨྲ་བ་གྲོལ་བ་ཡིན།
ཉེ་བའི་ཆར། ༧ འཛམ་གླིང་ཞི་བདེའི་དེད་དཔོན ༧ གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེར་སའི་གོ་ལར་གཡོ་འགུལ་ཐེབས་བྱུང་། སྐྱེ་རྒུ་ཕལ་མོ་ཆེའི་འཛུམ་མདངས་ཁྲོད་ཀྱི་སྐད་སྒྲ་དེས་ས་ཆེན་པོ་འདི་ཧྲིལ་གྱིས་བསྒུལ་བྱུང་། ལོས་ཡིན་ཏེ། ངེས་དོན་གྱི་བྱམས་བརྩེའི་བདག་ཉིད་ཁོང་ལྟ་བུ་ཞིག་འཇིག་རྟེན་འདིར་བྱོན་པར་མིག་ཡོད་ཅིག་ཡིན་ཕྱིན་བསོད་ནམས་ཀྱི་བགོ་སྐལ་དུ་མི་བསམ་མཁན་ཞིག་གང་ན་ཡོད་དེ། ཕལ་ཆེར་ཡོད་མི་སྲིད། རིགས་རུས་དང་ཤ་མདོག་ལ་དབྱེ་བ་མེད་པར་དད་མོས་དང་ས་ཁོངས་ལའང་དབྱེ་བ་མེད་པར་རང་རང་གི་ཡི་གེ་དང་སྐད་ཆའི་ལམ་ནས་འཚམས་ཞུའི་ཕྱག་འཕྲིན་དང་བཅས་དགའ་བའི་རྣམ་པ་ཤུགས་ཆེར་བསྟན་སོང་། དེ་ནི་བྱམས་བརྩེས་བསྐྲུན་པའི་ནུས་སྟོབས་ཟེར་བ་དེ་ཡིན་པ་སུས་ཀྱང་མཁྱེན་ནི་རེད།
རབ་ཏུ་ཁྲོས་པའི་ངང་ཞུ་དོན། རྐུབ་སྟེགས་རྩིས་སྤྲོད་བྱོས་ཟེར་བ་དེ་ཡིན། སྐད་འདི་འུ་ཚང་གི་དཔོན་པོ་འགའ་ལ་འཕྲོད་དགོས་ཡོད། རང་སྐད་རྡོག་པས་བརྫིས་ཤིང་གཞན་སྐད་གཙུག་ཏུ་ལེན་པའི་དཔོན་པོ་འགའ་ལ་འཕྲོད་དགོས་ཡོད། རིགས་ཀྱི་འདུ་ཤེས་རྨང་ནས་དོར་བའི་དཔོན་པོ་འགའ་ལ་འཕྲོད་དགོས་ཡོད། རླབས་ཆེ་བའི་མེས་པོ་གོང་མ་ཚོའི་ཚེ་སྲོག་གིས་བསྐྲུན་ལ་ཚེ་སྲོག་གིས་བསྐྱངས་པའི་སྐད་ཡིག་རིན་པོ་ཆེ་གད་སྙིགས་ཀྱི་རྐོ་དོང་དུ་གཡུག་པའི་དཔོན་པོ་འགའ་ལ་འཕྲོད་དགོས་ཡོད། སྐད་བསྐུར་འདི་ཅི་བས་ཀྱང་འཕྲོད་དགོས་ཡོད། རྐུབ་སྟེགས་རྩིས་སྤྲོད་བྱོས།
སྐབས་དེར། ཁོ་བོ་ཡུལ་ག་ཤེད་ཅིག་ཏུ་མེ་འཁོར་ལས་འགྲུལ་བཞུད་བྱེད་བཞིན་པའི་སྐབས་སུ་ཁེལ་ཡོད། ཏག་ཏག་ཉིན་མོ་དེར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་རེད། ཕྱི་ལོ 2016.7.6 རེད། བོད་ཀྱི་རྒྱལ་ས་གཉིས་པ་གནས་མཆོག་ངྷ་སར་ཡོད་པའི་ཐེག་ཆེན་གཙུག་ལག་ཁང་ནས་ཁོང་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་བྱེད་བཞིན་འདུག འཛམ་གླིང་གི་བསམ་བློའི་དབུ་ཁྲིད་ཆེན་པོ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུ་ཡིག་དེ་དབྱིན་ཡིག་གིས་བྲིས་འདུག
ནམ་ཞར་དུ། ཁྱེད་ཚོས་ང་ཅག་སྟེ་འབངས་མི་སེར་གྱི་ཁ་དང་ལག་པ་འགོག་བྱེད་ཀྱི་མིང་ཚིག་འཇིགས་སྣང་ཅན་དེ། དེ་རིང་ཕྲན་པས་ཁྱེད་ཚོར་བཤད་དགོས་ཡོད། ཁྱེད་ཚོས་དགྲ་བོའི་སྲིད་གཞུང་གིས་དམིགས་འབེན་ལ་བསྟུན་ཐབས་བྱས་པ་ཡིན་ནམ། ༧གོང་ས་མཆོག་གི་བོད་སྐད་ཡིག་སྐོར་ལ་གནང་བའི་བཀའ་སློབ་གསེར་ནག་མ་དེ་ཚོར་མངོན་སུམ་གྱིས་རྒོལ་བ་ཡིན་ནམ། རུས་པ་ལྕགས་ལས་སྲ་བའི་མེས་པོ་གོང་མ་ཚོའི་རླབས་ཆེ་བའི་མཛད་རྗེས་འཕྲོ་མཐུད་ལ་ཉོབ་སྣང་སྐྱེས་པ་ཡིན་ནམ། ན་ནིང་དོ་ཚིགས་ན་གཞོན་དཔའ་ངར་ཅན་དག་གིས་རང་སྐད་ཀྱི་སླད་དུ་གཅེས་པའི་ཚེ་སྲོག་མེ་ལ་བསྒྲོན་པ་དེ་གཏིང་བརྗེད་དུ་ཕྱིན་པ་ཡིན་ནམ། ང་ཅག་འབངས་མི་སེར་གྱི་ཤ་ཐང་ཐང་གིས་འབད་བརྩོན་བྱེད་བཞིན་པའི་རྣམ་འགྱུར་ལ་སྣང་ཆུང་བྱས་པ་ཡིན་ནམ། ཁྱེད་ཚོ་རྒྱ་ནག་སྲིད་གཞུང་གི་གསང་ཉུལ་བ་ཡིན་ནམ། འོ་ན་ཁྱེད་ཚོ་ཅི་ཞིག་ཡིན།
ཁྱེད་ཚོར་འདི་ལྟར་བཤད་ན་དགའ་བ་ལས། དངོས་ཡོད་གནས་སྟངས་ལག་མཐིལ་དུ་བཞག་ཀྱང་སྨན་དང་ཕན་པ་མི་འདུག་པ་ཁོ་བོས་སྔ་མོ་ནས་ཚོད་དཔོག་བྱས་ཡོད། གནས་ལུགས་ལ་གཞོལ་བའི་རྣམ་དཔྱོད་ཀྱི་ཤེས་རབ་རྒྱུན་ཆད་ནས་ཡོད་པ་ཁོ་བོས་དེ་སྔ་ནས་ཚོད་དཔོག་བྱས་ཡོད། ཁྱེད་ཚོར་ཡོད་པ་ནི། དགྲ་བོར་བསྟུན་ཐབས་དང་འབངས་མི་ལ་བཙན་གཏམ་བྱ་རྒྱུ་དེ་རེད། ཆེ་ཆེ་རྫིག་རྫིག་ཁོ་ནས་ལྟོ་རྒྱབ་གསོས་ནས་ཡོད་པ་དེ་རེད། གཞན་ལ་བསླབ་བྱ་རྒྱག་རྒྱུར་བྲེལ་བ་ལས་རང་ཉིད་ལ་སྔོག་འདོན་བྱེད་པའི་ལུགས་སྲོལ་ཁྱོན་ནས་མེད་པ་དེ་རེད།
ང་ཚོ། བསྟུན་ཤེས་ལ་མཐའ་མེད་ཀྱང་བཟོད་སྒོམ་ལ་མཐའ་ཡོད་ནི་རེད། གཅེས་པའི་ཚེ་སྲོག་ལས་ཀྱང་གལ་ཆེ་ལ་འགངས་ཆེ་བའི་སྐད་ཡིག་རིན་པོ་ཆེར་སུ་ཞིག་གིས་བརྙས་བཅོས་བྱས་ན་དེ་ནི་བོད་ཀྱི་དགྲ་བོ་དྭངས་མར་བརྩི་རྒྱུ་ཡིན། ཚེ་སྲོག་ལ་སྤར་འབྲད་བྱེད་མཁན་དེ་དགྲ་བོ་མིན་ན་དགྲ་བོ་ཟེར་བ་ཞིག་བཙལ་ཡང་མི་རྙེད་པ་ཡིན། ནམ་ཞིག ང་ཅག་དབང་མེད་དག་ལའང་འུ་ཐུག་པའི་ཉིན་མོ་ཞིག་ཏན་ཏན་ཡོད། དེ་དུས་ཁུ་ཚུར་གནམ་ལ་འཕྱར་ས་དགྲ་བོའི་སྲིད་གཞུང་མ་ཡིན་པར་ས་མཐའི་རང་གཞུང་ཡིན། སྐབས་དེར། གདམ་ཁ་གཅིག་ལས་གང་ན་ཡོད་དེ། རྐུབ་སྟེགས་རྩིས་སྤྲོད་བྱ་རྒྱུ་དེ་ཡིན། རླབས་ཆེ་བའི་མེས་པོ་གོང་མ་ཚོར་འགྱོད་བཤགས་དང་བཅས་རང་སྐད་ཀྱི་འབྲི་ཀློག་འགོ་ནས་སྦྱང་བརྩོན་བྱ་ཁོ་ཐག་ཡིན་ཞེས་དམ་བཅའ་འབུལ་རྒྱུ་དེ་ཡིན། ང་ཅག་སྟེ་གསར་བུ་ཟུར་ཁ་ཅན་དག་གི་མདུན་དྲུང་ནས་པུས་མོ་ས་ལ་བཙུགས་ནས་ཐམ་ཀ་རྩིས་སྤྲོད་བྱ་རྒྱུ་དེ་ཡིན།
སྐད་ཆ་འདི་ལྟར་མ་བཤད་ན་གོ་བརྡ་འཕྲོད་ཁག་པོ་རེད་དེ། གནས་ལུགས་ཅི་ཙམ་བཤད་ཀྱང་གོ་བརྡ་འཕྲོད་ཁག་པོ་རེད་དེ། ཞོར་དུ་རིགས་ཀྱི་ཞེན་པ་ཤ་གསེང་རུས་གསེང་ལ་ཐིམ་པའི་ང་ཅག་གསར་བུ་སྣང་མཐོ་ཚོས་ཅི་བས་ཀྱང་གནད་ཁེལ་དང་གཏིང་སྙོབ་ཀྱི་རྩོམ་ཡིག་རེ་བྲིས་ཏེ་མིག་ལོང་བ་དག་ལ་མིག་སྦྱིན་ཞིག་གནང་དགོས་ས་རེད། རིགས་ཀྱི་འདུ་ཤེས་རྨང་ནས་བོར་བའི་དཔོན་པོ་འགའ་ལ་རིགས་ཀྱི་འདུ་ཤེས་ཤིག་བསྐྲུན་དགོས་ས་རེད། ངས་ངེས་ངེས་ཟེར་བ་ཡིན།
ས་ཆེན་གོ་ལ་འདིར་འཚོ་ཞིང་བཞུགས་པའི་སྐད་ཡིག་ཉིས་བརྒྱ་ལྷག་ཅིག་ཡོད་པའི་གནས་བབ་གསལ་བཤད་བྱས་ནའང་ཕན་པ་ཨེ་ཡོད། རང་རེའི་མཁས་གྲུབ་རིམ་བྱོན་གྱི་སྐད་ཡིག་གཅེས་སྐྱོང་ཇི་ལྟར་མཛད་པའི་ཚུལ་ངོ་སྤྲོད་བྱས་ནའང་ཕན་པ་ཨེ་ཡོད། སྐད་ཡིག་བླ་སྲོག་ཡིན་ཞེས་འབོད་སྒྲ་བསྒྲགས་ཤིང་ཚེ་སྲོག་ཕུལ་བའི་དཔའ་ངར་ཅན་དག་གི་མཚན་ཐོ་བཀྲམ་ནའང་ཕན་པ་ཨེ་ཡོད། དགྲ་བོའི་སྲིད་གཞུང་གིས་བོད་སྐད་ཡིག་ལ་བཟུང་བའི་སྲིད་ཇུས་འདིའོ་ཞེས་བསྟན་ནའང་ཕན་པ་ཨེ་ཡོད། སློབ་ཚན་ཁག་རྒྱ་ཡིག་ཏུ་བསྒྱུར་ཞིང་དགེ་འདུན་པ་ཚོད་འཛིན་གྱིས་རིག་གཞུང་རྨང་ནས་བྲུ་བའི་སྲིད་ཇུས་གཏིང་ནག་དེ་དག་གསལ་འདོན་བྱས་ནའང་ཕན་པ་ཨེ་ཡོད། མི་རིགས་ཤིག་རྩ་གཏོར་གཏོང་བ་ལ་ཐོག་མར་གང་དེའི་སྐད་ཡིག་རྩ་མེད་བཟོ་དགོས་པའི་མོའོ་ཙེ་ཏུང་གི་དགོངས་པ་དེ་མངོན་པ་དང་མི་མངོན་པའི་ཚུལ་དུ་ལག་བསྟར་བྱེད་བཞིན་པའི་འཆར་འགོད་དག་རེ་རེ་བཞིན་མིག་ལམ་དུ་བསྟན་ནའང་ཕན་པ་ཨེ་ཡོད། བོད་ཀྱི་རིག་གཞུང་གི་ལྟེ་བ་རུ་གྱུར་བའི་དགོན་སྡེ་ཁག་དང་ལྷག་ཏུ་ཡར་ངོའི་ཟླ་ལྟར་འཕེལ་བའི་དགེ་ལུགས་པའི་དགོན་སྡེ་ཁག་རྩ་མེད་དུ་བཟོ་དགོས་པའི་རྩ་འཛུགས་ཚོགས་པ་རྒྱལ་ཁབ་གང་སར་བཙུགས་དང་འཛུགས་བཞིན་པའི་གྲ་སྒྲིག་གཏིང་རིང་དེ་དག་ངོ་སྤྲོད་པས་ཀྱང་ཕན་པ་ཨེ་ཡོད།
ཉེ་བའི་ཆར། བོད་དོན་དང་འབྲེལ་བའི་རྒྱ་ནག་གི་བཞུགས་མོལ་ཚོགས་འདུའི་སྟེང་དུ་ཅི་ཞིག་ཐག་བཅད་པའི་མཐོང་ཆུང་ཁྱད་གསོད་ཀྱི་གྲོས་ཆོད་དེ་དག་གོ་ཐོས་བྱུང་ཡོད་ཤག་རེད་དེ། བཙན་བྱོལ་བ་ལས་བོད་ནང་གི་ན་གཞོན་ཚོར་དམ་དྲག་བྱ་རྒྱུའི་གྲོས་ཆོད་དག་གོ་ཐོས་བྱུང་ཡོད་ཤག་རེད་དེ། རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོས་རིས་སུ་མ་ཆད་པའི་་སྐྱེས་བུ་དམ་པ་ཚོས་སྐད་ཡིག་གི་རིན་ཐང་རིགས་ཀྱི་འདུ་ཤེས་ཐོག་ཏུ་བཞག་སྟེ་བཀའ་སློབ་གསེར་ནག་མ་དེ་དག་ལ་མཇལ་ཡོད་ཤག་རེད་དེ། མ་གཞི་རང་ཉིད་ཀྱིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། རང་ངོ་མ་ཟིན་པ་རྒྱུ་མཚན་དུ་བྱས་ཏེ། ཡིན་རྒྱུ་ནི། རང་ཉིད་ལྟེ་བར་བཟུང་བའི་བསམ་བློ་ནར་མ་དེ་ཁོ་ནས་ལན་པ་རེད། རིགས་ཀྱི་འདུ་ཤེས་གཏིང་བརྗེད་དུ་ཕྱིན་པ་ཁོ་ནས་ལན་པ་རེད།
ཞར་བྱུང་དུ། རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ལམ་སྟོན་འོག་ཨ་རི་ན་ཡོད་པའི་བོད་ཀྱི་བྱིས་པ་ཚོར་བསླབ་དེབ་ཅིག་བསྒྲིགས་ཡོད། བྱེད་འབྲེལ་གཙོར་གྱུར་བའི་ཕྲད་དང་རྣམ་དབྱེ། ཚིག་སྒྲུབ་བཟོ་སྟངས་ཚུན་ཆད་ནས་རིག་གནས་གསར་བརྗེ་སྐྱར་ལོག་བརྒྱབ་པ་ལྟ་བུ་ཞིག་མཐོང་རྒྱུ་བྱུང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གྱི་ལས་འགུལ་ཏེ «རིག་གནས་གསར་བརྗེ་འཕྲོ་མཐུད་བྱས་པ» ཟེར་བའི་རྩོམ་ཡིག་ཅིག་ཟུར་དུ་སྤེལ་རྩིས་ཡོད་པས། འདིར་ཡི་གེར་འཇིགས་པས་བཞག་པ་ཡིན།
ད་དུང་། རང་གཞུང་གི་ལས་ཁུངས་ཁག་ཏུ་བོད་ཡིག་མི་ཤེས་པའི་ལས་བྱེད་པའི་མིང་ཐོབ་ཅན་ཚོས་བོད་ཡིག་གི་ཕྱག་ལས་གནང་བཞིན་པ་དེར་མཐའ་གཅིག་ཏུ་རྒོལ་བ་ཡིན། སྙན་ཞུ་གཅིག་གི་ནང་དུའང་ཡིག་ནོར་རྟ་འདྲ་དང་གཡག་འདྲ་གྲངས་ཀྱིས་མི་ཟིན་པ་དག་ལའང་མཐའ་གཅིག་ཏུ་རྒོལ་བ་ཡིན། རིགས་ཀྱི་འདུ་ཤེས་རུས་པར་ཟུག་ཅིང་བོད་སྐད་ཡིག་གི་ཚད་གཞི་རང་རྐྱ་འཕར་བ་དག་རང་གཞུང་གི་སྒོ་ཐེམ་ལ་འཛུལ་ས་མེད་པའི་སྲིད་ཇུས་འཇིགས་སྣང་ཅན་དེར་ཡང་མཐའ་གཅིག་ཏུ་རྒོལ་བ་ཡིན། བོད་སྐད་ཡིག་ནི་རང་གི་སྐྱག་པ་ལས་ཀྱང་བེད་མེད་དུ་ལྟ་བའི་བོད་ཀྱི་དཔོན་པོ་ཚོར་མཐའ་གཅིག་ཏུ་རྒོལ་བ་ཡིན།
བདག་གི་བྲིས་རྩོམ་འདི་ལ་གསལ་བཤད་ཡིན་མདོག་དང་གནས་ལུགས་ཡོད་མདོག་གིས་རྣམ་འགྱུར་སྟོན་རྒྱུ་གཞར་ཡང་མེད་པ་ཡིན། ཁ་དཔེར། ཕ་གསོད་ཀྱི་བུ་ལའང་རྒྱུ་མཚན་ཉི་ཚེ་བ་ཞིག་ཏན་ཏན་ཡོད་མོད། དེ་ནི་རྒྱུ་མཚན་དུ་འགྲོ་བ་མིན་ལ་སུས་ཀྱང་ཁས་འཆེ་བའང་མིན།
ཡུག་གསར་མ་ཞིག་གིས་ཚིག་ངན་བཤེ་བ་འདྲ་ཞིག་མ་གཏོགས་ཚིག་དོན་གཉིས་ཀ་བལྟ་ས་གང་ཡང་མེད་མཁན་བྲིས་འདུག
སྲོང་བཙན་ལགས། དེ་འདྲ་དང་བྲིས་མི་འདུག་གདའ། དོན་རྡོག་ན་མི་རབས་གསར་པ་ལ་རྩིས་སྤྲོད་ཤོག་ཟེར་འདུག་སྙམ། དངོས་གནས་བདེན་པ་རེད་དྲན། ད་ལྟ་ནས་རྩིས་འབུལ་ཞུ་ན་ཡག་རེད་མ་གཏོགས་ང་དགུ་ལོའི་ནང་སྡེ་གཞུང་གིས་གོང་ས༧བཅུ་བཞི་པ་མཆོག་ལ་སྲིད་དབང་རྩིས་འབུལ་ཞུས་གཏོང་བཟོས་ན་ཕྱིས་དྲགས་མ་རེད་དམ། བདེན་མིན་མནོ་ན་ཡག་ཀི་་་་་
ཞིབ་ཀློག་ཅིག་བྱས་ཡོད། བཀའ་དྲིན་ཆེ། ཀློག་རིན་འདུག
བཙན་བྱོལའཁོར་ཡུག་གི་སྒར་སྤྱིའི་སྒོ་བྱང་དང་ཕྲད་དར་སོགས་ལ་བོད་ཡིག་མབཞག་པའམ་མཐོང་ས་ན་མེད་པ་དེ་ཚོ་སྣང་བར་མི་འགྲོ་ན། ཁྱོད་ལ་ཁག་མེད། ཡིན་ན་ཡང་ཁོ་ཚོ་ལ་ཡང་ཁག་མེད། རྒྱུ་མཚན་ཞིག་ཡོད། ལས་བྱེད་པ་མང་པོ་ཞིག་གིས་བོད་ཡིག་ཡག་པོ་མི་ཤེས་བ་དང་། བོད་སྐད་ཀྱི་བརྡ་སྤྲོད་ནི་དེ་ལས་ཀྱང་སྐྱོ་བ་ཡོད། རྒྱུ་མཚན་དེས་ཁོ་ཚོས་སྔོན་མ་ནང་བཞིན་བོད་ཡིག་ར་མ་ལུག་འདྲ་བོ་དེ་འདྲ་ད་ལྟར་འགྲོ་ས་མེད་པ་ཤེས་ཡོད་པས། ཁོང་ཚོའི་བོད་ཡིག་གི་ཚུ་ཚད་དམའ་བས་ཁོ་ཚོའི་དཔའ་ཞུམ་དུ་བཅུག་ནས། དབྱིན་ཡིག་འབྲི་དགོས་ལ་ཐུག་པ་ཞིག་རེད། དེ་ཡིས་མི་ཚད། བོད་ཡིག་དག་ཙམ་ཤེས་བའི་དབང་དུ་སོང་ཡང་། ཡིག་གཟུགས་ལ་དེ་འདྲ་མཁས་བ་མེད། ད་དུང་། ཡིག་འབྲི་རེ་རེར་དུས་དང་མཚོན་ལ་རིན་པ་རྒྱག་དགོས་ན། གོང་ཚད་ཡང་ཆེན་པོ་ཡིན། རྒྱུ་མཚན་སྣང་མང་དབང་གིས་དབྱིན་ཡིག་བཀོལ་བ་ཞིག་རེད།
དེ་ན་འདི་ལས་སྐྱོབས་ཐབས་ཞིག་ཨེ་ཡོད་ཞུས་ན་ཡོད། དེ་ནི་ཁྱོད་འདྲ་བོས་གནད་དོན་འདི་ལ་དམིགས་པའི་ཚོང་དོན་ཉེར་དགོས་བ་རེད། འབྲི་དང་དཔར། དོན་ཚིག་གཉིས་ཀ་དགྱ་བོད་ཧུན་གསུམ་བར་ལ་བྱང་ཆུབ་པའི་ཡི་གེ་བ་ཞིག་ཡིན་དགོས། ད་དུང་གོང་ཚོད་ཀྱི་རིན་པ་ཡང་རེན་པ་ཡིན་དགོས་བ་རེད དེ་འདྲ་བྱུང་ན།
ཁྱོད་བརླུང་ལང་དགོས་བ་མ་རེད་ལ། གཞན་གྱི་ངོ་རྣ་ཚ་དགོས་བ་ཡང་མ་རེད། བྱས་ཙང་། རང་གིས་དེ་འདྲ་ཞིག་ཡོང་པ་འདུག་གམ། མི་ཡོང་ན། ར་མ་ར་ཁང་ནང་གིས་འཕག་ནས་ར་ཁང་གཏོར་མི་ཐུབ་པ་ཤེས་བའི་སྒོ་ནས། མི་ཡར་སྐོར་ཐབས་ཀྱི་རྩོམ་ཡིག་འདྲ་ལས། བཙན་བཙན་རྒོད་རྒོད་བྱས་ན། འབྲས་བུ་ལྡོག་ཕྱོགས་ནས་འབུས་སྲིད། དེའི་དུས། ཁྱོད་ཀྱང་མ་སྐྱིད། གཞན་ལ་ཕན་པ་མ་ཡང་བྱུང་བས། སྔ་ལྟས་དེ་འདྲ་ཞིག་མིན་ན། སྐད་ཆ་ཤོད་ཤེས་བྱོས། ཨ་རོགས།
བསམ་ཚུལ་ཡག་པོ་བཤད་ཡོད་ཀི
རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་བོ་ཡོད། དངོས་གནས་བྱས་ན། མི་དམངས་ཀྱིས་འདེམས་པའི་སྤྱི་འཐུས་དེ་ཚོ་བཙིར་ན། ད་གཟོད། རྐུབ་སྟེགས་སྒང་གི་དེ་ཚོར་གཡོ་འགུལ་རེ་ཐེབས་ན་ཐང་མ་གཏོགས། མི་སྒེར་རེ་ཟུང་དང་། ཚོགས་པ་ཁ་ཤས་ཀྱི་བསམ་ཚུལ་ལ་འདི་ཚོས་ཁ་ཡ་བྱེད་ཁག་པོ་རེད། གང་ལྟར་གླེང་སློང་རེ་བྱས་བསྡད་ན། ཁོང་ཚོས་ཀྱང་ཏོག་ཙམ་འགྲིག་གི་མེད་པ་ཤེས་ན་ཐང་།
བོད་ཡིག་བོད་དོན་མི་ཤེས་པ་ཚོས་རྐུབ་ཀྱོག་དང་བོད་དོན་སྤྲོ་སྐྱིད་ལ་བསྒྱུར་བཞིན་པ་གསལ་བོ་རེད། ཁ་སང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་ལྟོས་ན་ཧ་གོ་སླ། ཤར་གླིང་ཟླ་སྒྲོན་ཟེར་བའི་སྟོད་མོ་དེ་འདྲ་བོད་ཀྱི་བཀའ་བློན་ཟེར་བ་མིང་བསྐོས་དུས་ནས་བཙན་བྱོལ་ན་རེ་བ་ཞིག་མེད་པ་གསལ་བོ་ཆགས་སོང་བ་རེད།
དིང་སང་འབྲོག་ཕྲུག་གིས། སྲིད་སྐྱོང་དང་། བཀའ་བློན་བྱེད་བཞིན་པའི་དུས་ཚོད་རེད། དགའ་ལྡན་ཁྲི་ལ་བདག་པོ་མེད་པ་ནང་བཞིན། སྲིད་སྐྱོང་དང་། བཀའ་བློན་སོགས་ཀྱི་གོ་སའམ། མི་དམངས་ཀྱི་གཡོག་པོ་རྒྱུགས་ས་ལ་ཡང་བདག་པོ་ཡོད་མ་རེད་དོ།།
ཁ་ཞིག་འགུལ་ཤེས་བ་ནས་བཟུང་འུ་ཅག་གི་གཞུང་དང་མཐོ་རིམས་མི་སྣང་གལ་ཆེན་ཚོར་སྡིག་ཨེ་ཐུབ་ལྟོས་ར་དགྲ་བོ་ལ་ཁ་གཏད་ངོ་མ་བྱེད་ཐུབ་ས་རེད་དམ། ཁྲམ་པ་འདི་ཚོ
དོན་དག་ཧ་ཅང་གལ་ཆེན་གླེང་འདུག རང་རེའི་སྲིད་སྐྱོང་གཙོས་པའི་གཞུང་འཛིན་པ་རྣམས་ཀྱིས་བོད་ཡིག་ལ་རྩིས་ཐང་མི་འཇོག་པ་དང་། བོད་ཡིག་ལ་ཞེ་དྲག་དགའ་བོ་མེད་པའི་རྣམ་འགྱུར་དུས་ནས་དུས་སུ་ཡོང་བཞིན་འདུག སྐུའི་འཁྲུངས་སྐར་གྱི་སྤྲི་གོར་སྟེང་དབྱིན་ཡིག་རྐྱང་བ་འབྲི་བ་དང་། ཉེ་སྔོན་གྱི་ཚོང་ལས་བྱ་དགའ་དེའི་སྟེང་དུའང་བོད་ཡིག་བོད་ཡིག་མེད་པ། དེ་དང་དེ་ལྟ་བུ་ཧ་ཅང་མང་བ་མ་ཟད། བོད་རིགས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་སློབ་སྟོན་དྲ་བ་དབྱིན་ཡིག་རྐྱང་བ་ཡིན་པ་དང་། བོད་མིའི་འཕྲོད་བསྟེན་གོ་རྟོགས་སྤེལ་བའི་དྲ་བའང་དབྱིན་ཡིག་རྐྱང་བ་ཡིན་པ། ཕྱི་ལོ ༢༠༡༧ ལོའི་དུས་དབང་ཐོ་འགོད་དང་གནས་ཚུལ་ལེན་སའི་དྲ་བའང་དབྱིན་ཡིག་རྐྱང་བ་ཡིན་པ། བོད་མི་དང་འབྲེལ་ཡོད་ཀྱི་དྲ་བ་དང་ཡིག་ཆ་སོགས་བོད་ཡིག་ཉམས་ཞན་ཚབས་ཆེ་བ་ཙམ་དུ་མ་ཟད་ཕལ་ཆེར་བོད་ཡིག་དགོས་མེད་དུ་བརྩིས་ཡོད་པ་རེད། འདི་ནི་ཕྱོགས་ཞེན་ཞེན་ཁོག་གི་སྐད་ཆ་མ་ཡིན་པར་ད་ལྟའི་གཞུང་འཛིན་ལ་རྒྱབ་སྐྱོར་ཡོད་ནའང་རེད། མེད་ནའང་རེད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་རེད།
མཆན་དང་པོ་འབྲི་མཁན་སྲོང་བཙན་ཟེར་བས་འོས་བསྡུའི་སྐབས་ནས་ཅོལ་ཆུང་གི་སྨྱོ་ཆུ་འཐུང་ནས་ནད་གདོན་ཀྱིས་བཟུང་བ་ད་དུང་དྲག་རྐྱེན་བྱུང་མེད་པ་འདྲ་བས་སྐུ་ངོ་སྲིད་སྐྱོང་བློ་སེང་གིས་སྲིད་སྐྱོང་དམ་འབུལ་ལ་མགྲོན་ཤོག་བཏང་བ་ལྟར་ན་ཚ་དྲག་རྐྱེན་ཡོང་ཐབས་ཀྱི་གོ་བསྐོན་བློ་འགུགས་ཀྱི་བསླབ་བྱའང་གཏོང་རྒྱུར་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད།