མཚམས་སྦྱོར་བ། བསྟན་འཇམ།
བྱ་རྒོད་སྟོབས་ལྡན་དང་དེའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་རགས་རིམ་ནི། ཐོག་མར་བྱ་རྒོད་ཁྱིམ་རྒྱུད་ཇི་ལྟར་བྱུང་ཚུལ་ནི་ངག་རྒྱུན་ལྟར་ན།སྡེ་དགེ་ཆོས་རྒྱལ་ཚེ་དབང་རྡོ་རྗེ་རིག་འཛིན་ཕྱིན་ལོ་༡༧༨༦—༡༨༤༧ གྱི་སྐབས་ཙམ་ན། སྡེ་དགེ་རྒྱལ་པོའི་སྲིད་དོན་ལོ་རྒྱུས་ལས། དམ་ཚིག་རྡོ་རྗེ་རྣམ་རྒྱལ་༡༨༡༡–༡༨༥༣ གྱིས་སྲིད་དབང་འཛིན་པའི་སྐབས། ཆོས་རྒྱལ་དེ་ཉིད་ཀྱི་མངའ་ཁོངས་མདུན་སྐོར་རྣ་ཕུ་ས་དཀར་ཚང་གི་བུ་མོ་དང་སྲིད་དོན་རྒྱལ་རབས་ལས་ཚ་མོ་ཨ་སྡིས་མ་ཞེས་པ་དེ་དང་རྒྱལ་པོའི་རྟ་རྫི་སྙིང་རླུང་ཅན་ཞིག་དང་ལྐོག་འབྲེལ་བྱས་པའི་མི་ཁ་ཕོག་ནས་རྡོ་འཇམ་ཚང་སར་བསྡད། ཉིན་ཞིག་ཕྱུགས་རྫི་སོང་སྟེ་རི་མགོར་གཉིད་སྐབས་རྨི་ལམ་དུ་མི་དཀར་རྟ་དཀར་ཅན་ཞིག་དང་ལུས་འབྲེལ་བྱས་པ་རྨིས།བུ་ཞིག་སྐྱེས་པར་མིང་པདྨ་ལས་གྲུབ་བཏགས། སྐབས་དེར་རིགས་རུས་ཀྱི་འདུ་ཤེས་ཆེ་སྟབས་ཨ་སྡིས་མ་མི་ཁ་ཇེ་ཆེར་སོང་ནས་ས་དཀར་ཚང་གིས་མ་བུ་གཉིས་ཁྱིམ་ནས་ཕུད། འཁོར་ལོ་མདོའི་འགོ་བ་རུ་དཔོན་བསྟན་འཛིན་ཕུན་ཚོགས་ཀྱི་བྲན་གཡོག་བྱས། བསྟན་འཛིན་ཕུན་ཚོགས་ཀྱིས་པདྨ་ལས་གྲུབ་ཆུང་ནས་འཇོམ་ཐང་ཅན་ཞིག་ཡིན་པར་ཤེས་ཏེ་གསོས་ཕྲུག་ལྟར་སྐྱོང་ཞིང་ནར་སོན་སྐབས་རང་གི་བུ་མོ་དང་མཉམ་འདུག་བཅོལ། བསྟན་འཛིན་ཕུན་ཚོགས་གྲོངས་རྗེས་པདྨ་ལས་གྲུབ་ནས་རུ་དཔོན་འགོ་པའི་ཁྱིམ་རྒྱུད་སྐྱོང་།
དེ་ནས་དེང་སང་ཧྱ་ཁོག་ཏུ་གྲགས་པར་བྲག་རི་བྱ་རྒོད་པོའི་དབྱིབས་ཅན་ཞིག་ཡོད་པ་དེའི་འོག་ཏུ་གཞིས་ཀ་གསར་དུ་རྒྱག་པས་བྱ་རྒོད་ཞེས་མིང་ཐོགས། སྔར་རུ་དཔོན་འགོ་པ་ཞེས་པའི་དུད་མིང་དེ་འང་བྱ་རྒོད་ཚང་ཞེས་པར་བསྒྱུར། བྱ་རྒོད་པདྨ་ལས་གྲུབ་ནི་སྙིང་ཤེད་དང་འཇོན་ཐང་ཆེ། སྡེ་དགེ་ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེའི་སྐབས། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྤྱི་ལོ་༡༨༦༢་ལོར་ཉག་སྐེད་བུ་ལོང་མའམ་མགོན་པོ་རྣམ་རྒྱལ་དཔུང་གིས་སྡེ་དགེར་བཙན་འཛུལ་བྱས། དེའི་ཕྱི་ལོ་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་བར་སླེབས། བྱ་རྒོད་པདྨ་ལས་གྲུབ་ཀྱིས་དང་ཐོག་ཉག་དམག་དང་འཐབ་སྟེ་མཚོན་ཆ་གང་ཡང་མེད་པར་ལག་སྟོང་པས་སྦར་འཛིན་བྱས་ཏེ་ཉག་དམག་གཉིས་མགོ་ཐད་བརྡུང་བྱས་ཏེ་བསད་པ་སོགས་བྱས་ལ། མཐར་གཡོ་ཐབས་ཀྱིས་ཉག་རོང་དམག་དཔོན་ཨ་མཆོག་ལུ་གུ་མ་དང་མནའ་ཤག་བྱེད་ཁུལ་བྱ་པས་ཉག་རོང་གི་སྲུང་དམག་གྲས་སུ་བཞག་སྟེ་མཐོང་ཆེན་བྱས།
དེ་ནས་ཡུན་མ་རིང་བར་ལུ་གུ་མས་རྒྱལ་པོ་སྐུ་འཁོར་ཐམས་ཅད་བགྲོངས་གྲབས་བྱེད་པའི་གཏམ་དེ་པདྨ་ལས་གྲུབ་ཀྱིས་ཐོས། ཁོས་དངོས་གནས་ལུ་གུ་མ་ལ་བློ་ཕུད་ཁུལ་བྱས་ཏེ་རྒྱལ་པོ་སྐུ་འཁོར་ཉག་རོང་ལ་དེད་སོང་ན་ཁྱོད་ཀྱི་སྙན་གྲགས་དེ་བས་ཆེ་རུ་འགྲོ་ཞེས་བཤད། ལུ་གུ་མས་པདྨ་ལས་གྲུབ་ཀྱི་གཏམ་ལ་རྒྱུ་མཚན་འདུག་སྙམ་ནས། སྡེ་དགེ་རྒྱལ་པོ་ཡུམ་སྲས། དཔལ་སྤུངས་དབོན་རྒན། ཀཿཐོག་ཞིང་སྐྱོང་། རྫོགས་ཆེན་དཔོན་སློབ་སོགས་ཉག་རོང་དུ་དེད་ནས་མི་གཏའ་བཀག་ཉར་བྱས་པ་སོགས་ཀྱི་ཟིང་འཁྲུགས་ཆེན་པོ་བྱུང་སྐབས། པདྨ་ལས་གྲུབ་ཀྱིས་བློ་ཕུག་སྡེ་དགེ་ཆོས་རྒྱལ་ལ་གཏད་ཀྱང་། ཕྱི་ཚུལ་ཉག་སྐེད་ཀྱི་ཕྱོགས་སུ་བྱས་ཏེ། སྐབས་འགར་སྡེ་དགེའི་མཚན་ཐོག་ནས་བོད་གཞུང་ལ་གནས་ཚུལ་སྙན་ཞུ་དང་འབྲེལ་འཕྲལ་དུ་དམག་བཏང་དགོས་པའི་ཞུ་ནན་ཕུལ་བ་དང་། སྐབས་འགར་ཉག་དཔོན་ཡིན་ཁུལ་གྱིས་བོད་ལ་འཇིགས་བསྐུལ་གྱི་ཡིག་བརྫུན་ཀྱང་བཏང་བས། བོད་དམག་ཕྱི་ལོ་༡༨༦༣ལོའི་བོད་ཟླ་དྲུག་པར་སྡེ་དགེར་སླེབས་ཏེ་ཉག་དམག་དང་འཐབ་པས་ཉག་དམག་ཕམ་ཉེར་སྐབས་ཨ་མཆོག་ལུ་གུ་མས་སྡེ་དགེའི་ཕོ་བྲང་དང་སྡེ་དགེ་པར་ཁང་མེར་བསྲེག་འཆར་ཡོད་པ་བྱ་རྒོད་པདྨ་ལས་གྲུབ་ནས་ཤེས་ཏེ། ཨ་མཆོག་ལུ་གུ་མས་མ་སྨོས་སྔོན་པདྨ་ལས་གྲུབ་ནས་ཕོ་བྲང་དང་པར་ཁང་མེར་བསྲེག་དགོས་སྨྲས།
ལུ་གུ་མས་ངས་དེ་ལྟར་འཆར་གཞི་སྔོན་ནས་བཞག་ཟིན། ཁྱེད་ཕོ་རབ་རེད་ཅེས་བཤད། པདྨ་ལས་གྲུབ་ཀྱིས་ཁྱེད་ཀྱིས་ཕོ་བྲང་མེར་རྒྱོབ་དང་།ངས་པར་ཁང་མེར་བསྲེག་བྱེད་ཡང་ཅེས་པར་ཁང་དུ་ཕུར་སོག་དུད་པ་གཏོང་བྱེད་དང་མེ་བསད་མཁན་སྔར་ནས་གྲ་སྒྲིག་ཟིན་སྟབས་ཕུར་སོག་ལ་མེ་བཏང་ནས་ཕྱིར་བུད་སྐབས། ལུ་གུ་མས་ཕོ་བྲང་མེར་བསྲེགས་ནས་ཕྱིན་འོང་པ་ཁེལ་བས་པར་ཁང་ནང་དུད་པ་མཐོང་བས་ཕོ་རབ་ད་བྱ་བ་འགྲུབ་སོང་ཞེས་ལབ་སྐད། དེ་ནས་ལུ་གུ་མ་དང་པདྨ་ལས་གྲུབ་གཉིས་མཉམ་དུ་བྲོས་སོང་བ་འཕྲང་རོང་འགག་ཏུ་སླེབས་པར་པདྨ་ལས་གྲུབ་ཀྱིས་གཟི་མགུལ་ལུ་གུ་མར་བཅོལ་ཏེ་མགུལ་གབ་དང་ཐམ་ཀ་ལྷག་སོང་བའི་ཟོལ་གྱིས་ཕྱིར་འོང་ནས་བོད་དམག་དང་མཉམ་དུ་འཐབ་སོང་བས་རིམ་བཞིན་ཉག་སྐེད་དུ་སླེབས་ནས་ཉག་བོད་བར་འདུམ་བྱེད་ཁུལ་གྱིས་སྡེ་དགེ་རྒྱལ་པོ་ཡུམ་སྲས་སྐུ་འཁོར་བཅས་ཉེས་སྐྱོབ་བྱས།
ཤིང་གླང་ཕྱི་ལོ་༡༨༦༥ལོའི་ཟླ་བ་བརྒྱད་པའི་ཚེས་གཅིག་ཉིན་མགོན་པོ་རྣམ་རྒྱལ་ཕ་བུ་མཁར་རྫོང་བཅས་མེར་བསྲེགས་ཏེ་སྡེ་དགེ་རྒྱལ་པོ་སྐུ་འཁོར་བཅས་དབུ་ཐོན་ངེས་སྡེ་དགེར་སླེབས་པའི་མཐུན་རྐྱེན་སྦྱར་བས། པདྨ་ལས་གྲུབ་ལ་གཟེངས་བསྟོད་དང་བཅས་སྡེ་དགེའི་གཉེར་ཆེན་གྱི་གོ་ས་ཐོབ། རྗེས་སུ་ཆོས་དབྱིངས་བཟང་མོ་དབལ་ཤུལ་བཀྲ་བསམ་དང་འགབ་འབྲེལ་བྱས་པར།པདྨ་ལས་གྲུབ་ཐུགས་མ་དགྱེས་ནས་ཐེངས་མང་ཐེ་གཏོགས་བྱས་མཐར། ཆོས་དབྱིངས་བཟང་མོས་པདྨ་ལས་གྲུབ་དགྲ་བོར་བཟུང་ནས་དུག་གིས་དཀྲོངས། དེ་ལ་རིགས་རྒྱུད་བྱ་རྒོད་བཀྲ་ཤིས་རྣམ་རྒྱལ་ཞེས་པ་དང་། བུ་མོ་གཅིག་སྐྱེས། པདྨ་ལས་གྲུབ་གཤེགས་རྗེས་བཀྲ་ཤིས་རྣམ་རྒྱལ་ཕ་རྒན་སྐུ་ཚབ་ཏུ་སྡེ་དགེའི་གཉེར་ཆེན་བསྐོས། སྡེ་དགེ་རྒྱལ་པོ་འཆི་མེད་རྟག་པའི་རྡོ་རྗེ་ཡུམ་སྲས་བཅས་རྒྱ་ནག་ཁྲིན་ཏུར་དེད་སྐབས་དང་། རྒྱལ་པོ་ཡབ་ཡུམ་ཁྲིན་ཏུར་གཤེགས་ནས་རྒྱལ་སྲས་ཨ་ཇ་དང་བ་བ་གཉིས་གདན་འདྲེན་ཞུ་སྐབས་ཞབས་གྲས་ཡིན།
དེ་ནས་སྡེ་དགེའི་སྲས་རྒན་གཞོན་རྒྱལ་ས་རྩོད་དེ་ནང་འགལ་བྱུང་སྐབས། བྱ་རྒོད་བཀྲཤིས་རྣམ་རྒྱལ་གྱིས་བ་བའམ་ངག་དབང་འཇམ་དཔལ་རིན་ཆེན་གྱི་རྒྱབ་གཉེར་བྱས། དེའི་ཕྱོགས་སུ་བྲེ་འབོད། འོག་མ། རྒྱ་མཁར། ས་དཀར་བཅས་ཡོད། བཀྲ་ཤིས་རྣམ་རྒྱལ་གྱི་ཁྱིམ་ཐབ་ཚེ་དབང་སྒྲོལ་མ་བསུས་པའི་བུ་བྱ་རྒོད་རྒྱལ་མཚན། བློ་འགྱུར་མེད། བདེ་དགའ། དབྱངས་ཅན་བཅས་མིང་སྲིང་བདུན་སྐྱེས། བུ་ཆུང་བ་ནུ་ཞོ་འཐུང་སྐབས་དང་། སྟོབས་ལྡན་ལོ་བཅུ་ལྷག་སོན་སྐབས། ཨ་ཇའི་ཤོག་ཁག་གྱང་ཁང་བདེ་ཆེད་གྱིས་དུག་དྲངས་ཏེ་བཀྲ་ཤིས་རྣམ་རྒྱལ་བསད། ཤུལ་དུ་བུ་གཉིས་ཆུང་དུས་ནས་ཤི་སོང་བའི་ལྷག་མ་མིང་སྲིང་ལྔ་ལུས་པ་སྟེ་བྱ་རྒོད་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་བསྟན་ཟིན།
ད་ནི་བྱ་རྒོད་སྟོབས་ལྡན་གྱི་ལོ་རྒྱུས་དངོས་བཤད་པ་ལ་ཕ་ཡབ་བཀྲ་ཤིས་རྣམ་རྒྱལ་དང་མ་ཚེ་དབང་སྒྲོལ་མ་གཉིས་ལ་སྲས་མིང་སྲིང་བདུན་གྱི་ནང་གི་དྲུག་པ་སྟོབས་ལྡན་ནི་རབ་ཚེས་ས་ཁྱི་ཕྱི་ལོ་༡༨༩༨ལོར་འཁྲུངས། སྟོབས་ལྡན་མིང་སྲིང་ནར་མ་སོན་ཅིང་། ཕ་ཡབ་བསད་ཤུལ་དུ་བྱ་རྒོད་ཁྱིམ་གཞིས་ཀྱི་འགན་ཡོངས་རྫོགས་མ་ཡུམ་བྱ་རྒོད་ཚེ་དབང་སྒྲོལ་མའི་ཐོག་ཏུ་བབས། བྱ་རྒོད་ཚེ་དབང་སྒྲོལ་མ་དང་། དཀར་མཛེས་ཁང་གསར་དབྱངས་ཅན་མཁའ་འགྲོ། ཉག་རོང་རྒྱ་རུ་འཆི་མེད་སྒྲོལ་མ་གསུམ་ལ་ཁམས་པའི་བདུད་མོ་གསུམ་འབོད་སྲོལ་ཡོད་ཟེར།ཚེ་དབང་སྒྲོལ་མས་ཁྱོ་ག་གཤེགས་པའི་གོ་གནས་དང་ལ་རྒྱ་བརྒྱུད་འཛིན་བྱས་ཏེ་བ་བའི་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས། མཐར་ཨ་ཇ་ནས་ཆིང་དམག་བཀུག་སྟེ་བ་བའི་ཕྱོགས་ཕམ་ནས་བྲོས་བྱོལ་སོང་སྐབས་ཚེ་དབང་སྒྲོལ་མ་མ་བུ་ཡོངས་རྫོགས་བ་བ་དང་ལྷན་དུ་ཟི་ལིང་བརྒྱུད་བླ་བྲང་དུ་ཨ་མདོ་འཇམ་དབྱངས་བཞད་པར་སྐྱབས་ཞུ་བྱས།
སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིང་ནས་བོད་དུ་ཕེབས་སྐབས་ཁེལ་བས་འཇམ་བཞད་ཀྱིས་ཞུ་སྣ་མཛད་དེ་བ་བ་དང་བྱ་རྒོད་བོད་གཞུང་ལ་མགོ་བཏགས། བ་བར་ཐའི་ཇི་གོ་ཐོབ་དང་བྱ་རྒོད་ཚང་བྱང་རྒྱབ་ཀྱི་འགོ་པ་ཞིག་བསྐོ་བཞག་མཛད་དེ་བོད་གཞུང་གི་ཞལ་གྲས་སུ་གྱུར། ཆིང་རྒྱལ་རབས་ཀྱི་ཞོན་ཐང་ཁྲི་ལོ་གཉིས་པར་བོད་ལྕགས་ཁྱི་ཕྱི་ལོ་༡༩༡༠ལོའི་ཟླ་བ་གཉིས་པར་ཆིང་དམག་ཆབ་མདོའི་ནུབ་ཕྱོགས་ནས་བོད་དུ་སླེབས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཕྱོགས་ཀྱི་དམག་བསྡུ་རུབ་བྱས་ཏེ་རྒྱལ་རྩེ་ཕྱོགས་ནས་འགོག་རྒོལ་བྱས། ནག་ཆུ་ས་ཆར་བཀོད་སྒྲིག་བྱས་ཡོད་པའི་བ་བྱ་བྲེ་གསུམ་གྱིས། སྔར་ཁས་ལེན་པ་མི་བརྒྱད་ཅུ་ལྷག་ཙམ་རྩ་འཛུགས་བྱས་ཡོད་པ་དེ་དག་བྲེ་འབོད་ཨ་བདེའི་བུ་བྲེ་འབོད་ཕུར་པས་སྣེ་ཁྲིད་ནས་རྒྱལ་རྩེའི་གཡུལ་འགྱེད་ནང་ཞུགས། རྗེས་སུ་ལྷ་སའི་གཡུ་ཐོག་ཟམ་པའི་གཡུལ་འགྱེད་ནང་བྲེ་འབོད་ཕུར་པ་བསད།
དེའི་སྐབས་ལྕགས་ཕག་ལོའི་གསར་བརྗེ་བྱུང་། བོད་དུ་གཡུལ་འགྱེད་བྱེད་མཁན་གྱི་ཆིང་དམག་ཕྱོགས་ནས་ཁྲིམས་མེད་ལུགས་མེད་ཀྱིས་བསད་འཕྲོག་བཅོམ་གསུམ་བྱས་པས། དབྱིན་ཇི་དང་ཨུ་རུ་སུ་སོགས་ཀྱི་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས། མཐར་ཆིང་དམག་ཕམ་ཉེས་ཚབས་ཆེན་ཐེབས།ཆིང་དམག་དང་གཡུལ་འབྱེད་བྱེད་པའི་སྐབས་སུ་སྡེ་དགེའི་དམག་གིས་དཔའ་ཐོན། བོད་དམག་ནང་སྙན་གྲགས་ཆེན་པོ་བཞག་ཡོད་པས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་གཟེངས་བསྟོད་གནང་བ་དང་། བྱ་རྒོད་དང་བྲེ་འབོད་ཁྱིམ་ཁག་གཉིས་ལ་སེ་ར་དགོན་པའི་ཉེ་འདབས་དང་། ལྷ་སའི་ལྷོ་རྒྱུད་ཀྱི་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་གྱི་ས་ཆ་སོ་སོར་གཞིས་ཀ་གཅིག་དང་ཁོལ་དུད་བཅུ་ལྷག་གི་བདག་རྐྱེན་དང་འབྲེལ་གཞུངས་སའི་སྐུ་དྲག་གི་རིམ་པའི་གྲས་སུ་བཞག
མེ་འབྲུག་ཕྱི་ལོ་༡༩༡༨ལོའི་ཟླ་བ་བཞི་པར། བྱ་རྒོད་ཚང་གིས་ཏཱ་ལའི་བླ་མར་ཞུས་པ་བཞིན། ཏཱ་ལའི་བླ་མས་ཆབ་མདོར་བཅའ་སྡོད་བོད་གཞུང་བཀའ་བློན་ལ། བོད་དམག་གིས་བྱ་རྒོད་ཚང་ལ་སྔོན་སྡེ་དགེའི་དབང་ཆའི་ཐོབ་ཐང་སྐྱར་གསོ་བྱ་རྒྱུར་རོགས་སྐྱོར་དང་། ཁྲལ་འུལ་ཐམས་ཅད་སྤྲོད་མི་དགོས་པའི་བཀའ་རྒྱ་གནང་། བྱ་རྒོད་ཚང་འཇོ་མདའ་ལ་སླེབས་རྗེས། ཨ་ཇས་ཁྲི་འཛིན་བཞིན་ཡོད་པས་འབྲི་ཆུ་ཚུར་ཁར་འོང་མ་ཕོད་ནས་གནས་སྐབས་དབོན་པོ་སྟོད་ལེབ་མར་ཁྱིམ་གཞིས་རྒྱག་དེ་ནས་བྱ་རྒོད་སྟོད་སྟོབས་ལྡན་དང་བྱ་རྒོད་ཚེ་རྣམ་སྤུན་གཉིས་སླར་བོད་དུ་ལོག་སྟེ་ལྷ་ས་སྐུ་དྲག་སློབ་གྲྭ་ནང་སློབ་གཉེར་བྱས་རྗེས། བྱ་རྒོད་ཚེ་རྣམ་གྱིས་སློབ་གྲོགས་ལ་གྲི་རྒྱབ་པ་སོགས་པས་རྐྱེན་གྱིས་ཕྱི་ཕུད། སྟོབས་ལྡན་ནས་ལོ་གསུམ་རིང་བྲིས་དང་། དག་ཡིག་སུམ་རྟགས། སྙན་ངག སྤྱོད་འཇུག་སོགས་སློབ་གཉེར་སྦྱོང་པ་ཕུལ་དུ་ཕྱིན།
བྱ་རྒོད་སྟོབས་ལྡན་སྐུ་དྲག་སློབ་གྲྭ་ལས་སློབ་མཐར་ཕྱིན་རྗེས། འགོ་པའི་ཐོབ་ཐང་གི་ཚུལ་དུ་ཕྱིར་སྡེ་དགེར་ལོག བོད་དམག་གིས་ཨ་ཇ་འཇུ་བཟུང་བྱས་ཏེ་ལྷ་སར་ཁྲིད། སྡེ་དགེ་ཚང་བོད་དམག་གིས་དབང་དུ་བསྡུས། རྒྱལ་རབས་ཉེར་གཅིག་པ་འཇིགས་མེད་ཚེ་དབང་བདུད་འདུལ་སོགས་མི་རེར་ཟླ་རེར་ཤིན་ཏུ་དམའ་བའི་འཚོ་བའི་འགྲོ་གྲོན་མ་གཏོགས་གཞན་མངའ་འོག་གི་འགོ་པ་སོ་སོའི་ལོ་རེའི་འབུལ་བའང་ཚང་མ་བོད་དམག་གིས་བླངས། བོད་དམག་སྡེ་དགེར་བཅའ་སྡོད་བྱས་ཏེ་སྡེ་དགེའི་མངའ་འོག་གི་ས་ཞིང་དང་། མི་གྲངས། དགོན་པ།སློབ་གྲྭ། འགོ་པ་སོགས་ཞིབ་གཤེར་ནན་པོ་བྱས། བྱ་རྒོད་སྟོབས་ལྡན་ཕྱིར་སྡེ་དགེར་སླེབས་རྗེས། སྡེ་སྤྱི་ཁྱུང་རམ་མདའ་དཔོན་ཡོད་སྐབས་ཁེལ་ནས་སྟོབས་ལྡན་དང་ཅུང་འཕྲོད་མིན་གྱིས་མདུན་སྐོར་དཀྱུས་མའི་གོ་ཐོབ་ལས་མ་བྱུང་། དེའི་སྐབས་སུ་སྡེ་དགེའི་གཉེར་ཕྱག་ལྷན་རྒྱས་ཁོང་གི་ཁོངས་མི་ཞིག་གི་འགན་བཞེས། གཉེར་ཕྱག་ལྷན་རྒྱས་ཁང་ནང་དུ་གཙོ་བོར་གྱང་ཁང་སྤྲུལ་སྐུ་དང་ཧོ་ཆོ་པད་རྡོར། ར་རུ་མི་རྒོད། ཕྱག་མདའ་རྣམ་སྲས་ཚེ་དགའ། འོག་མ་བསོད་ནམས་ཚེ་རིང་སོགས་ཡོད། དེ་རྗེས་ཕྱག་མཛོད་རྣམ་སྲས་ཚེ་དགས་རྒྱུ་ནོར་ལྐོ་ཟ་བྱས་པས་ཁྱུང་རམ་གྱིས་ཁོ་གོ་ས་ནས་ཕུད། འོག་མ་བསོད་ནམས་ཚེ་རིང་ཁོའི་ཚབ་ཏུ་བཞག
རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ་༡༩༢༩་ལོར་སྡེ་དགེར་བོད་གཞུང་སྐུ་ཚབ་སྡེ་སྤྱི་བཀྲས་ཐང་དམའ་དཔོན་ནམ་མཁས་མེས་གཙོ་འགན་བཞེས་སྐབས་སྟོབས་ལྡན་བོད་དུ་བཞུག་དུས་གྲོགས་པོར་སོང་གཤིས་འཕྲལ་དུ་སྟོབས་ལྡན་སྡེ་དགེའི་གཉེར་ཆེན་གྱི་གོ་ཐོབ་སྤྲད། སྐབས་དེར་སྟོབས་ལྡན་རང་ལོ་སོ་གཉིས་ཡིན། དེ་ནས་སྐུ་ཞབས་དེ་ཉིད་ཆབ་སྲིད་ཀྱི་བྱ་བར་མཁས་མཛངས་ལྡན་པས་སྡེ་དགེ་དང་བོད་ས་གནས་སྲིད་གཞུང་བར་རམ། ནུབ་ཁམས་ལའུ་ཝན་ཧུའུ་མཚོ་སྔོན་མཱ་པུའུ་སྤྱང་སོགས་ཀྱི་བར་འགལ་བ་ཐག་གཅོད་བྱེད་པར་འབྲེལ་གཏུག་མཁས་ཤིང་དོན་གོ་ཆོད་པ་མང་དུ་བྱུང་བས། བྱ་རྒོད་སྟོབས་ལྡན་ཞེས་འཇོན་ཐང་ཆེ་བའི་ཚད་དུ་བྱེད་ཅིང་སྐབས་དེར་ཁམས་ཕྱོགས་ཁ་དྲག་དབང་ཤེད་ཅན་གྱི་གྲགས་ཅན་མི་སྣར་གྱུར།
ཆུ་བྱ་ཕྱི་ལོ་༡༩༣༣་ལོར་བྱ་རྒོད་སྟོབས་ལྡན་གྱིས་རང་ཉིད་ཀྱི་སྟོབས་དང་དབང་ཤུགས་རྒྱ་ཆེར་འགྲོ་ཆེད། སྡེ་དགེའི་མངའ་འོག་ཏུ་ཡིད་ལྷུང་ལྷ་རི་ཚང་ཞེས་པ་དེ། ཡིད་ལྷུང་བ་ནི་བེ་རི་འབྲོག་སྡེ་ལས་གུ་ཤྲཱི་བསྟན་ཆོས་རྒྱལ་གྱིས་སྐབས་སུ་སྡེ་དགེ་ལེགས་གསོལ་བྱིས་ཕུལ་བའི། ལྷ་རུ་དཔོན་ནི་སྐྱ་མི་བདུན་པོ་སླེབས་སྟེ་ཡིད་ལྷུང་དུ་ཆག་པ་ལས་རིམ་གྱིས་མགོ་པ་བརྐོས་པའི་རྒྱུད་དང་། དེ་དག་ལས་འཕེལ་བའི་མི་རྒྱུད་རྣམས་ལ་ལྷ་སྟག་གཉིས་ཞེས་གྲགས་པ་ཡིན། དེའི་འོག་ལ་ཡིད་ལྷུང་སྒར་བཞི་དགོན་བརྒྱད་དང་། བཅུ་ཕྱོགས་བརྒྱད་ལ་ཁོལ་པ་སྟོང་ལྷག་ཙམ་ཡོད་པའི་སྟོབས་འབྱོར་དང་མངའ་ཐང་རྒྱས་ཤིང་། མཁས་མཛངས་ཆེ་བའི་ཡིད་ལྷུང་ལྷ་རི་དཔོན་རབ་རིམ་པས་བཞུགས་གནས་ལྷ་རི་དཔོན་རྒན་དཔོན་སྐལ་བཟང་ཕུན་ཚོགས་ཀྱི་སྲས་མོ་ཡ་མ་དགེ་མཚོ་འམ་བསོད་ནམས་ཆོས་མཚོ་ཞེས་པ་ཁྱིམ་ཐབ་བསུས།
དེ་ནས་དུས་ཡུན་མ་འགྱངས་བར་ལྷ་རི་དཔོན་རྒན་གྱིས་བྱ་རྒོད་སྟོབས་ལྡན་སྐུ་འཁོར་ཡིད་ལྷུང་དུ་བསུས་ནས་བྱ་རྒོད་ལྷ་རི་གཉིས་གཞིས་སྡོང་བྱས། ལྷ་རི་དཔོན་སྐལ་བཟང་ཕུན་ཚོགས་ལ་བུ་གཅིག་ཡོད་པ་དེ་གེ་མཛོ་བསང་གསོལ་སྐབས་རྟ་ལས་ལྷུང་སྟེ་གཤེགས་པས་རྒྱུད་འཛིན་གྱི་སྲས་མེད་པས། ལྷ་རི་དཔོན་རྒན་གྱིས་བྱ་རྒོད་སྟོབས་ལྡན་ཡིད་ལྷུང་ལྷ་རི་དཔོན་གྱི་གོ་ས་བཀོད་དེ་ཡིད་ལྷུང་གི་པགས་སློག་དང་སྐམ་བུ་གྱོན་མཁན་གྱི་མི་རྒན་རྣམས་ལ་གྲོས་ཕུག་དང་གློ་ཕུག་བྱས་ན་བྱ་བ་གང་ཡང་འགྲུབ་ངེས་འོང་ཚུལ་གྱི་ལམ་སྟོན་གནང་ནས་དཔོན་རྒན་མཆོག་ལྷ་རྒྱལ་དགོན་དུ་དཔོན་ཚང་གི་གཟིམས་ཁང་དུ་ཕེབས་བཞུགས་མཛད་རྗེས། དཔལ་ས་སྐྱའི་རྗེ་བཙུན་མའི་ལུང་བསྟན་ལྟར་རྒྱལ་སྲས་རིན་པོ་ཆེའི་མདུན་ཡིད་ལྷུང་ལྷ་མཚོའི་སྔོན་དུས་ཆོས་རྗེ་ས་པཎ་ཁུ་དབོན་གཙོས་ས་ངོར་གྱི་མཁས་གྲུབ་དུ་མའི་སྒྲུབ་གནས་བྱིན་ལྡན་སྒུག་ར་ཕུ་ལ་སྐུ་མ་འདས་བར་སྒྲུབ་པ་ལ་བཞུགས།
བྱ་རྒོད་སྟོབས་ལྡན་ནས་དེ་བཞིན་ཡིད་ལྷུང་ལྷ་རི་དཔོན་གྱི་གོ་ས་བཟུང་ནས་ཡིད་ལྷུང་ལྷ་རི་དཔོན་ཞེས་པ་དེ་ཡིད་ལྷུང་བྱ་རྒོད་དཔོན་ཞེས་མིང་བསྒྱུར། ཡིད་ལྷུང་སྒར་བཞི་དགོན་བརྒྱད་དང་བཅུ་ཕྱོགས་བརྒྱད་ལས། སྒར་བཞི་ནི། ལྷ་རི་སྒར་དང་། གེ་མཛོ་སྒར། ཨ་འཛི་སྒར་སྟོད་སྨད། ཨོ་གུར་སྒར་བཅས་སྒར་བཞི་དང་། དགོན་བརྒྱད་ནི། ལྷ་རྒྱལ་དགོན་དང་། རྒྱ་རོངས་དགོན། གཡག་ཟེ་དགོན། རྩ་ཤུལ་དགོན། ཨོ་གུར་དགོན། སྨན་རྒྱལ་དགོན། སེང་འགྱེང་དགོན།དགོན་སར་དགོན་བཅས། བཅུ་ཕྱོགས་བརྒྱད་ནི།
༡༽ གནའ་རོང་དང་ཆུ་སྐྱེད།
༢༽ གེ་ཁོག་དང་ཨོ་སྒང་།
༣༽ ཁྲོ་ཐང་དང་རོང་ཚ།
༤༽ ཧོ་ར་ཕྱོགས་ཆེན་དང་།
༥༽ དུང་འབྲུག་དང་ཁྲོ་བ།
༦༽ འཛིན་ནང་དང་ཤེལ་ཁོག་རོང་ཆེན།
༧༽ རྨ་ཟླ་ཕྱོགས་ཆེན།
༨༽ ཚེམས་ཁོག་དང་འབམ་ཁོག་བཅས་ཤོག་ཆེན་བརྒྱད་ཀྱི་དབང་ཆ་ཚང་མ་བཟུང་། དེའི་མངའ་འབངས་སྟོང་སྡེ་ལྷག་ཡོད། དེ་ལ་གྱད་རུ་བརྒྱད་དང་། དམག་དཔོན་བརྒྱད། བསམ་གནས་བརྒྱད་ཡོད། དེ་ལས་དམག་ཤོག་བརྒྱད་ཀྱི་སྤྱི་ཁྱབ་དཔོན་བྱ་རྒོད་ཚང་གི་མག་པ་སྤོམ་ཁ་རྣམ་རྒྱལ་རྡོ་རྗེས་བྱས།བསམ་གནས་ནི་བློ་ཕུད་པ་དང་གྲོས་འགོ་འདོན་པ་ལས་ཐག་གཅོད་དབང་མེད། དེ་ནི་ས་གནས་ཀྱིས་བརྩི་བཀུར་བྱེད་སའི་མི་བསམ་སེམས་ཅན་ཞིག་ཡིན་དགོས། གྱད་རུ་ནི་ཡུལ་ཕྱོགས་སོ་སོའི་དཔོན་པོ་ལ་གོ། དུས་མཚུངས་སུ་སྟོབས་ལྡན་གྱིས་མདུན་སྐོར་ལྟོ་རུ་ཚང་གི་ཚུལ་ཁྲིམས་དཔལ་ལྡན་གྱི་བུ་མོ་བཀྲ་གཡང་དང་། བྲེ་འབོད་ཨ་དགེའི་བུ་ལྷ་རྒྱལ་གཉིས་གཉེན་གཏུགས་བྱས་པས། དབང་ཤུགས་ཆེ་བའི་འགོ་པ་འགའ་དང་འབྲེལ་བ་དེ་བས་དམ་པོར་གྱུར།
དེ་ནས་ཡུན་རིང་མ་སོང་རྗེས་གཉེར་ཕྱག་ལྷན་རྒྱས་ཁང་ནང་གི་ར་རུ་འཇམ་དབྱངས་བློ་གྲོས་དང་། མཁར་མདོ་གཉེར་པ་སོགས་ཕྱག་ལས་ཐོག་ནས་ངལ་གསོ་བྱས་རྗེས། ཡང་སྡེ་དགེ་ཚང་གི་དབང་ཆ་རིམ་བཞིན་བྱ་རྒོད་སྟོབས་ལྡན་དང་། འོག་མ་ཕྱག་མཛོད་གཉིས་ཀྱི་ལག་ཏུ་སོང་། བྱ་རྒོད་སྟོབས་ལྡན་གྱིས་ཡུལ་གཞན་གྱི་དབང་ཤུགས་ལྡན་པའི་མི་དང་མཐུན་འབྲེལ་ལེགས་པོ་བྱས། ཁོས་སྐུལ་མ་བཏང་ནས་འཇུ་ཆུང་བུ་འཇུ་ཆུང་ཚེ་རྡོར་དཀར་མཛེས་ཁང་སར་རྒྱལ་པོ་མག་པ་བཏང་། དིལ་མགོའི་བུ་དིལ་མགོ་འཇམ་དགའ་དཀར་མཛེས་ཨ་ཐུབ་རྙ་དཀར་ཚང་གི་མག་པ་བྱས། ཞིང་མོའི་བུ་རབ་དགའ་དཀར་མཛེར་མ་ཟུར་དཔོན་དང་གཉེན་སྒྲིག་བྱས་ཏེ་གཉེན་ཚན་གྱི་འབྲེལ་བ་དང་སྟོབས་ཤུག་ཇེ་ཆེར་བཏང་། ཕྱི་ལོ་༡༩༣༢ལོའི་ཟླ་བ་བདུན་པར། མཚོ་སྔོན་མཱ་པུའུ་སྤྱང་གིས་སྔོན་རྗེས་སུ་མཱ་བྱུས་དང་། མཱ་ལུའུ་ཟེར་བའི་མི་གཉིས་ལ་ཉུས་དམག་གཉིས་ཁྲིད་བཅུག་སྟེ་མཚོ་སྔོན་ས་ཁོངས་སུ་ཡོད་པའི་བོད་དམག་དེ་དག་ཕྱི་མཐར་སྐྲོད་བཅུག བོད་དམག་ལ་ཕམ་ཉེས་བྱུང་ནས་མཱ་དམག་གིས་རྗེས་བཅད་ཅིང་། ཁམས་ནུབ་ཕྱོགས་ཀྱི་སེར་ཤུལ་དང་། འདན་ཁོན་སོགས་ཀྱི་རྫོང་ས་བཟུང་། ལིའུ་ཝིན་ཧུའུ་ཕྱོགས་སུ་དམག་འཐབ་བྱས་ནས་དཀར་མཛེས་དང་ཉག་རོང་། སྡེ་དགེ་སོགས་ཀྱི་རྫོངས་བླངས།
དེ་ནས་འབྲི་ཆུ་ཤར་རྒྱུད་བོད་དམག་གིས་བཟུང་ཡོད་པའི་ས་ཁུལ་ཐམས་ཅད་བླངས། འབྲི་ཆུ་ཤར་ནུབ་གཉིས་སུ་ཤོག་ཁག་གཉིས་ཀྱི་དམག་གིས་སོ་སོར་བཟུང་། ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ཉིན་པར། ཏཱ་ལའི་བླ་མ་དང་། ལིའུ་ཝིན་ཧུའུའི་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ཆེད་བཏང་མི་སྣ་དང་།ཕྱི་འབྲེལ་ཨུ་ཡོན་སོགས་མངགས། སྐམ་ཐོག་ལ་གྲོས་མོལ་ཚོགས་འདུ་འཚོགས་ཏེ་སྐམ་ཐོག་གྲོས་མཐུན་ཞེས་པའི་ཆིངས་ཡིག་དོན་ཚན་དྲུག་བཞགགནས་སྐབས་འབྲི་ཆུས་བཅད་མཚམས་བྱས་པའི་འབྲི་ཆུའི་ཤར་རྒྱུད་ཤིས་ཁམས་ཞིང་ཆེན་གྱི་ཁོངས་གཏོགས་དང་འབྲི་ཆུ་ནུབ་རྒྱུད་བོད་གཞུང་གི་ཁོངས་གཏོགས་བྱས།
འོན་ཀྱང་འབྲི་ཆུའི་ཤར་ནུབ་གཉིས་སུ་ཡོད་པའི་སྡེ་དགེའི་མངའ་སྡེ་རྣམས་སྔར་སོར་རང་འཇགས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་བྱས་ཐོག་སྡེ་དགེའི་ཤར་རྒྱུད་དུ་ཤིས་ཁམས་སྲིད་དོན་སྐུ་ཚབ་ཀྱི་ས་སྒོ་བཞག། སྡེ་དགེའི་ནུབ་རྒྱུད་ས་ཁུལ་དུ་མདོ་སྤྱི་ས་དབང་གི་ཁོངས་གཏོགས་བྱས། དེ་ནས་དུས་ཡུན་མི་རིང་བ་ལིའུ་ཝིན་ཧུའུ་ཡིས་སྡེ་དགེ་རྫོང་སྲིད་གཞུང་བཙུགས་རྗེས། དམག་དཔུང་ཆེ་བ་སྡེ་དགེ་ནས་ཕྱིར་འཐེན་བྱས། བྱ་རྒོད་སྟོབས་ལྡན་དང་། འོག་མ་ཕྱག་མཛོད་སོགས་འགོ་པ་རྣམས་ཀྱིས་རོགས་སྐྱོར་འོག་སྡེ་དགེ་རྒྱལ་པོ་ཚེ་དབང་བདུད་འདུལ་གྱིས་སྲིད་དབང་གསར་དུ་བཙུགས།
བྱ་རྒོད་སྟོབས་ལྡན་སོགས་ཀྱིས་ཚེ་དབང་བདུད་འདུལ་ལ་ནང་ཆེན་རྒྱལ་པོའི་སྲས་མོ་འཇམ་དབྱངས་དཔལ་མོ་བཙུན་མོ་བླངས་པ་དང་། དཔལ་ཡུལ། ཧོར་པོ་སོགས་ཀྱི་ས་གནས་འགོ་པ་རྣམས་ཀྱིས་སྡེ་དགེ་རྒྱལ་པོར་ངོ་རྒོལ་བྱེད་པ་དེ་ཞི་འཇགས་སུ་བཏང་བ་བཅས་ཀྱིས། སྡེ་དགེ་རྒྱལ་པོས་རིམ་བཞིན་བྱ་རྒོད་སྟོབས་ལྡན་ལ་ཡིད་ཆེས་དང་མཐོང་ཆེན་བྱས་ནས་ཁོའི་དབང་ཤུགས་དང་སྙན་གྲགས་ཀྱང་ཉིན་རེ་བཞིན་ཇེ་མཐོར་སོང་། སྐབས་དེར་སྤྱི་ཚོགས་དང་ཆབ་སྲིད་རྙོག་འཛིན་ཆེ་བའི་དུས་སུ་ཁེལ་བས་ཁམས་པ་ཕྱོགས་ས་ཁུལ་གྱི་བོད་རིགས་གོང་གྲས་འགའ་ཤས་ལ་ཁམས་པས་ཁམས་པ་སྐྱོང་བའི་མི་རིགས་ཀྱི་འདུ་ཤེས་ཞིག་སྐྱེས།
ཕྱི་ལོ་༡༩༣༥་ལོའི་སྤྱི་ཟླ་བརྒྱད་པར་མགར་བླ་མས་གོ་མིན་ཏང་གི་བཀའ་དང་ལེན་ཞུས་ཏེ་ནུབ་ཁམས་ཞོན་ཝན་ཧྲའི་སྤྱི་ཁྱབ་ཁང་བཙུགས་ནས་ཁམས་ཀྱི་སྟོབས་ཤུགས་ཟླ་སྒྲིལ་བྱས་ཏེ་དམར་དམག་འགོག་རྒོལ་ལ་ཕན་ཚུན་གཞོགས་འདེགས་བྱས་པར། བྱ་རྒོད་སྟོབས་ལྡན་སྡེ་དགེ་རྒྱལ་པོས་བཀའ་མངགས་བཞིན་དར་མདོ་མགར་བླ་མས་འཚོགས་པའི་ཞོན་ཝན་ཚོགས་ཆེན་དུ་ཞུགས་ནས་མགར་བླ་སྟེང་དུ་དམག་སྒར་བརྒྱབ། སྡེ་དགེ་རྒྱལ་པོ་སྐུ་འཁོར་ཐམས་ཅད་འབྲི་ཆུ་ནུབ་རྒྱུད་ཀྱི་འཇོ་མདའ་ལ་བྲོས། འོག་མ་ཕྱག་མཛོད་སོགས་སྡེ་དགེར་བྲོས་རྗེས། འཁོར་ལོ་མདོར་སྒར་བབས། བྱ་རྒོད་སྟོབས་ལྡན་ཤི་གསོན་གང་ཡིན་མ་ཤེས་ནས་འཇོ་མདའ་ཕྱོགས་ཀྱི་འགོ་པ་ཨོ་རྒྱན་ཚེ་བརྟན་དཀར་མཛེས་ལ་འཇབ་ཉན་དུ་བཏང་། ཨོ་རྒྱན་ཚེ་བརྟན་དཀར་མཛེས་ཡེ་རྣམ་དགེ་ལེགས་ཀྱི་ཁྱིམ་ནས་བྱ་རྒོད་སྟོབས་ལྡན་དང་ཐུག
བྱ་རྒོད་སྟོབས་ལྡན་དམར་དམག་གིས་ལག་ཟིན་ཐེབས་རྗེས་དམིགས་བསལ་གྱི་གཟིགས་སྐྱོང་ཐོབ། སྐབས་དེར་དམར་དམག་དཔུང་ཁག་སུམ་ཅུའི་ཀྲེན་ཨུད་ཀྱི་འགན་བཞེས་པ་ལིའི་ཞན་ཉན་སོགས་འགོ་ཁྲིད་རྣམས་སྐུ་ངོ་མས་ཁོང་དང་བཀའ་མོལ་གནང་སྟེ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས། དམར་དམག་རྒྱང་སྐྱོད་བྱེད་པའི་དམིགས་ཡུལ་བཅས་དང་གྲངས་ཉུང་མི་རིགས་རང་གི་སྲིད་དབང་འཛུགས་ཏེ། གོ་མིན་ཏང་གི་དབང་བསྒྱུར་དང་གཉའ་གནོན་བཤུ་གཞོག་ལ་ངོ་རྒོལ་བྱེད་དགོས་ཚུལ་སོགས་ཞིབ་ཏུ་བཤད་ཅིང་། ཚུང་སི་ལིང་ཀྲུའུ་ཏེས་ཀྱང་མཇལ་འཕྲད་གནང་བ་མ་ཟད་རྨ་བཅོས་ཡག་པོ་གྱིས་ཞེས་གསུངས་པས་བྱ་རྒོད་སྟོབས་ལྡན་སེམས་འགུལ་ཆེན་པོ་ཐེབས་པའི་སྐབས་དེར། སྡེ་དགེ་རྒྱལ་བློན་རྣམས་འབྲི་ནུབ་རི་མདའ་ལ་བྲོས་ཡིབ་བཞུགས་པར། ཨུ་རྒྱན་ཚེ་བརྟན་བང་མི་ཆེད་བཏང་བརྒྱུད་ཞུ་ཤོག་ཕུལ་དོན། སྟོབས་ལྡན་རང་རྨས་ནས་འཇུ་བཟུང་བྱས་ཀྱང་། དམར་དམག་གིས་རྨ་བཅོས་དང་གཟིགས་སྐྱོང་ཡག་པོ་ཐོབ་ཚུལ།རྨ་དྲག་ནས་སྡེ་དགེར་ཕྱིར་ཕེབས་རྒྱུ་ཡིན་ཚུལ། དམར་དམག་རྒྱང་སྐྱོད་བྱེད་པ་ནི། རི་པི་འདྲེ་དམག་བཏུལ་ནས་མི་དམངས་དབུལ་པོའི་ཆེད་གསར་བརྗེ་སློང་བ་དང་། མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ཡང་དག་ཁྱབ་བསྒྲགས་གཏོང་ཆེད་མངགས་པའི་ཕོ་ཉ་ལྟ་བུ་ཡིན་ཚུལ། དམར་དམག་ནི་བོད་རིགས་མི་དམངས་ཀྱི་གྲོགས་པོ་ཡིན་པ་ལས་གོ་མིན་ཏང་གིས་སྙོན་འཛུགས་བྱད་པའི་དགར་ཇག་མིན་ངེས་པས། ད་ནས་དམར་དམག་དང་འཐབ་རྩོད་བཟོ་མི་ཉན་པ་བློ་བདེ་མོ་གྱིས་ཞེས་པ་དང་། འབྱུང་འགྱུར་ལོ་བཅུ་ནས་བཅོ་ལྔའི་མཚམས་ཁོང་ཚོ་ད་རུང་ཕྱིར་ལོག་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁམས་པ་ས་ཁུལ་འཛུགས་བསྐྲུན་གནང་རྒྱུའི་བཀའ་མོལ་ཡོད་འདུག་པས་དེ་དོན་ཡུལ་མི་སྤུན་ཟླ་ཚོར་བརྒྱུད་བཤད་གནང་རོགས་ཞེས་པའི་དོན་རྩ་ཅན་གྱི་ཞུ་ཤོག་ཕུལ་སྐད།
དེ་ནས་སྡེ་དགེ་རྒྱལ་པོའི་བཀའ་མངགས་བྱ་རྒོད་སྟོབས་ལྡན་དང་། དམར་དམག་འཐུས་ཚབ་ལིའི་བཀའ་བཀོད་འོག་ཝམ་ཝུའུ་ཀྲུའུ་གཉིས་ཀྱིས་ཕན་ཚུན་འཁྲུག་རྩོད་མི་བྱེད་པའི་ཆིངས་ཡིག་འཇོག་པ་རེད། ཕྱི་ལོ་༡༩༣༦་ལོའི་སྤྱི་ཟླ་ལྔ་པའི་འགོར་ཀྲུང་ཧ་སུའུ་ཝེ་ཨེད་བོད་པ་སྲིད་གཞུང་འཛུགས་སྐབས་བྱ་རྒོད་སྟོབས་ལྡན་ནས་བོད་པ་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་འགན་གཞེས་པ་ནས། དམར་དམག་རྨས་མ་ལ་རོགས་སྐྱོར་སོགས་ཞབས་ཞུ་མི་ཉུང་བ་བསྒྲུབས་ཅིང་། ད་རུང་ཡིད་ལྷུང་དང་རྔ་སྣ་ཕྱོགས་ནས་ཁལ་བཞི་བརྒྱ་དང་རྟ་གཅིག་བརྒྱ་ལྷག་བཅས་བསྡུས་ནས་དམར་དམག་རྒྱང་སྐྱོད་བྱེད་པར་རོགས་སྐྱོར་བྱས་པ་དང་། ལམ་སྣེ་ཁྲིད་མཁན་དང་སྐད་སྒྱུར་སོགས་ཀྱི་མཐུན་རྐྱེན་སྦྱར་བས་ཀྲུའུ་ཙུང་ལིང་གྱིས་གཟེངས་བསྟོད་ཐོབ། དམར་དམག་རྒྱང་སྐྱོད་ཟིན་རྗེས་གོ་མིན་ཏང་གི་དམག་ཤོག་ཨང་ཉེར་བཞི་པ་སླར་ཕྱིར་ལོག་པས། ཕྱི་ལོ་༡༩༣༧ལོར་བྱ་རྒོད་སྟོབས་ལྡན་བོད་དུ་བྲོས་བྱོལ་འགྲོ་རྩིས་བྱེད་སྐབས། ལུའུ་ལྦེན་ཧུའུ་ཡིས་དཔལ་ཡུལ་གྱི་རྫོང་དཔོན་སྤྱན་ཙམ་ཡོན་སྡེ་དགེར་ཆེད་བཏང་གིས་སྡེ་དགེ་རྒྱལ་བློན་གྱི་དབང་ཆ་སྔར་ལུགས་བཞིན་སོར་གནས་འགན་ལེན་བྱེད་རྒྱུ་དང་། སྡེ་དགེ་རྒྱལ་པོ་དང་བྱ་རྒོད་སྟོབས་ལྡན་རྒྱལ་བློན་སོགས་ཀྱིས་མགར་བླ་མའི་རྗེས་སུ་འབྲངས་བའི་བྱ་སྤྱོད་ལ་རྩད་གཅོད་མི་བྱེད་པའི་དྲིལ་བསྒྲགས་བྱས་པས། དེ་དོན་ལ་ཡིད་ཆེས་བྱས་ཏེ་སྡེ་དགེ་རྒྱལ་པོས་བྱ་རྒོད་སྟོབས་ལྡན་ལུའུ་ལྦེན་ཧུའུ་མདུན་དར་མདོར་ཆེད་དུ་དགོངས་སེལ་ཞུ་བར་བཏང་ཞིང་། མགར་བླ་མ་དང་ངན་འབྲེལ་བཅད་རྒྱུ་བྱས་པས་སྡེ་དགེ་དང་འདན་ཁོག་གི་རྫོང་དཔོན་བཀྲོངས་པའི་ཉེས་འགན་ཚང་མ་མགར་བླ་མར་དཀྲིས།
ཕྱི་ལོ་༡༩༣༨ལོར་བྱ་རྒོད་སྟོབས་ལྡན་ཉིད་ནུབ་ཁམས་དབུ་འཛིན་ལུའུ་ལྦེན་ཧུའུ་ཡིས། ས་གནས་ཀྱི་རྒྱལ་པོ་འམ་འགོ་པའི་སྟོབས་ཤུགས་བསླུ་ཁྲིད་བྱ་ཕྱིར་ཆེད་གཉེར་བྱས་པའི་ནུབ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིད་སྦྱང་ཚོགས་འདུར་ཞུགས་ཤིང་། དེ་ནས་ནུབ་ཁམས་ཆེད་ལས་བདེ་འཇགས་སྲུངས་སྐྱོབ་ཀྱི་ཏུའུ་ཀྲང་ཆེ་བ་དང་། ནུབ་ཁམས་ཞིང་ཆེན་གྱི་སྤྱི་གྲོས་པ་སྡེ་དགེ་རྫོང་གི་སྤྱི་གྲོས་པ་ཆེན་མོ་སོགས་ཀྱི་མཚན་གནས་བསྐོས། ལྦན་ཐིངས་ཅའོ་དང་མའ་ཆུན་དབང་གིས་ངོ་སྤྲོད་བྱས་ཏེ་གོ་མིན་ཏང་ནང་ཞུགས་ཤིང་། གོ་ཐིངས་ཅའོ་དང་མའ་ཆུན་དབང་གིས་ངོ་སྤྲོད་བྱས་ཏེ་གོ་མིན་ཏང་ནང་ཞུགས་ཤིང་། གོ་མིན་ཏང་ཀྲུང་དབྱང་དང་འབྲེལ་ཟབ་མི་སྣ་སྤོམ་མདའ་རྡོ་རྗེ་དང་སྐལ་བཟང་ཚེ་རིང་སོགས་དང་འབྲེལ་འདྲིས་དམ་པོར་བཟོས།
ཕྱི་ལོ་༡༩༣༩ལོར་ཁང་གསར་ཕྱོགས་པཎ་ཆེན་མཁན་པོ་གྲོས་ཚོགས་ཁང་གི་དཔུང་དམག་དང་། དཀར་མཛེས་བཅའ་སྡོད་དམག་དཔུང་བར་ནང་འགལ་ཟིང་འཁྲུགས་བྱུང་སྐབས་པཎ་ཆེན་མཁན་པོ་གྲོས་ཚོགས་ཁང་གི་ཕྱོགས་རྒྱལ་ཁ་ཐོབ་རྗེས། ཁམས་པས་ཁམས་ཁུལ་གཅེས་སྐྱོང་བྱེད་རྒྱུའི་ཁྱབ་བསྒྲགས་དང་འབྲེལ་དཀར་མཛེས། ཉག་རོང་། བྲག་འགོ་སོགས་སུ་པཎ་ཆེན་མཁན་པོ་གྲོས་ཚོགས་ཁང་ནས་ཐད་ཀར་རྫོང་དཔོན་བསྐོས་ཀྱང་སྡེ་དགེར་ཇུས་གཏོགས་མ་ཐུབ།
སྐབས་དེར་བྱ་རྒོད་སྟོབས་ལྡན་གོ་མིན་ཏང་གི་ལས་ཚན་པ་རྒྱུན་འཛིན་གནང་སྟེ་མཐའ་གཅིག་ཏུ་ནུབ་ཁམས་ཞིང་ཆེན་སྲིད་གཞུང་ལ་བློ་སེམས་དཀར། ཕྱི་ལོ་༡༩༤༠ལོར། མཱ་པུའུ་སྤྱང་གིས་ཡང་སྟོང་དམག་གཅིག་སྡེ་དགེ་ཡིད་ལྷུང་དུ་བརྒྱབ། བྱ་རྒོད་སྟོབས་ལྡན་གྱིས་ཡར་ཞུ་བྱས་ནས་དཀར་མཛེས་ལ་བྲོས། མཱ་པུའུ་སྤྱང་ཕྱོགས་ཀྱིས་རྒྱུ་རྫས་བཅོམ་འཕྲོག་བྱས་ནས་ཕྱིར་ལོག་གོ།