ཁྲི་རལ་པ་ཅན།
བོད་ནང་གི་བོད་པ་མང་ཆེ་ཤོས་ཀྱི་ཕུགས་འདུན་ནི་གཞིས་བྱེས་ལྷན་འཛོམས་དང་བོད་ལ་རང་དབང་ཡོང་བ། ༧གོང་ས་སྐྱབས་མགོན་ཆེན་པོ་དང་གཞིས་ལུས་བོད་མི་རྣམས་ལྷ་ངོ་མི་ངོ་འཕྲོད་རྒྱུ་དེ་རང་ཡིན་པ་དང་། དེའི་ཆེད་འབད་བརྩོན་བློས་གཏོང་ཡང་གང་དྲག་གནང་བཞིན་པར་ཐེ་ཚོམ་བྲལ།
འོན་ཀྱང་། བོད་མི་ཚོའི་རྨི་ལམ་སྡུག་ཤོས་དེ་བཙན་བྱོལ་ནང་འཁྲུག་གིན་ཡོད་སྙམ། བཙན་བྱོལ་གྱི་མི་རབས་སྔ་མ་རྣམས་ལས་འཇོན་པོའི་རིགས།འབྱོར་ལྡན་རྒྱལ་ཁབ་ཁག་གི་ནང་རྒན་གཞོན་གཉིས་ཀ་བཀྲམས་ཚར་ཡོད་ལ། འབྱོར་མེད་རྣམས་ཀྱང་ཕྲུག་གུ་བུ་དང་བུ་མོ་གང་ཡིན། ཕྱི་རྒྱལ་དུ་མནའ་མ་དང་མག་པར་བཏང་སྟེ་བཟང་ཐག་ངན་ཐག་ཆོད་པའི་ཚུལ་གྱིས། གཞིས་ཆགས་ཁག་ལ་ཞིབ་འཇུག་རྒྱུས་ལོན་བྱས་ན། རྒན་རྒོན་དང་བྱིས་པ་ལོ་ཆུང་སློབ་གྲྭ་ཆུང་ངུར་བསྐྱོད་མཁན་དེ་འདྲ་ལས་ལྷག་མེད་ཙམ་རེད། གྲྭ་ཚང་དང་བཙུན་མའི་དགོན་སྡེ་ལའང་བོད་རིགས་གཙང་མ་མང་ཆེ་ཤོས་གྲྭ་ཇོ་རྣམས་མར་ལོག་གིས། བོད་ནང་དང་ཕྱི་རྒྱལ་ལ་འཚང་ཀ་བྱེད་བཞིན་ཡོད་ན། དགོན་སྡེ་ཁག་གི་གྲྭ་རྒྱུན་ཧི་མ་ལ་ཡ་དང་ཧོར་སོག་ལྟ་བུར་རེ་ལྟོས་འཆའ་རྒྱུ་ལས། བོད་ནང་དང་བཙན་བྱོལ་གྱི་གྲྭ་ཇོའི་འབྱུང་ཁུངས་ལྟག་ཆུ་ཆད་པའི་རྫིང་བུར་གྱུར།
མི་ཆུང་ང་རང་གི་མཐའ་འཁོར་གྱི་གྲོགས་ཕོ་མོ་ཚོར་བསམ་བློ་ཞིག་བཏང་ན། རྒྱ་གར་རྡ་ས་ནས་མི་ལོ་བཅོ་ལྔ་ཙམ་བསྡད་པའི་རིང་། སྐྱིད་སྡུག་གི་གྲོགས་ཕོ་མོ་ཧ་ཅང་མང་པོར་འབྲེལ་འདྲིས་བྱུང་བའི་ཁྲོད། ད་ཆ་སོ་སོ་དང་གྲོགས་དགེ་འདུན་པ་གཅིག་མ་གཏོགས་ལྷག་མེད། གཞན་རྣམས། རང་རང་གི་རྨི་ལམ་འཚོལ་ཕྱིར་གནས་འདིར་མ་བསྡད་པར་ཡུལ་ལུང་གང་སར་འཐོར་ཟིན། དཔེར་ན། དང་པོ། འཇོན་པོ་རྣམས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་རེ་རེ་བཞིན་འཕུར་སོང་། དེ་ནས་གྲུང་པོ་ཚོ་ཆབ་སྲིད་བཙོན་པ་དང་འབྲེལ་ཆགས་ཀྱི་ནང་འཛུལ་ཏེ་ཨོ་སི་ཁྲི་ལི་ཡ་ལ་འཐོན་སོང་། དེ་རྗེས་དངུལ་གང་འཚམ་ཡོད་པ་རྣམས། ཐོངས་མཆན་དང་ལག་དེབ་སོགས་ཉོས་ཏེ་རེ་རེ་བཞིན་ཡོ་རོབ་ཡུལ་ལུང་གང་སར་ཕྱིན་ཚར། རིམ་པ་དམའ་ཤོས་ཀྱི་གྲས་གོང་གི་དེ་རིགས་གང་ཡང་མི་འཇོན་མཁན་ཚོ། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཏུ་འཚང་ཀ་བརྒྱབས་ཏེ་ལག་ཁྱེར་བླངས་ནས་བོད་ནང་བཤར་ཟིན།
ད་ཆ་ཤུལ་ལུས་རྡ་ས་དང་ལྡི་ལི། གཞིས་སྒར་ཁག་ཡོད་ཀྱི་གཞོན་སྐྱེས་ཚོ་ཡང་སང་འགྲོ་གནངས་འགྲོ་གྲ་སྒྲིག་ཨང་གསར་ཡིན་པ་ལས། གཏན་འདུག་གི་ཕུགས་དམིགས་ཡོད་མཁན་ཉིན་སྐར་རེད། གང་ལྟར། ཚང་མ་ས་གནས་འདིར་འདུག་ཆགས་མི་ཐུབ་པའི་རྨི་ལམ་ཞིག་འཁྲུག་བསྡད་ཡོད་ཅིང་། རྨི་ལམ་དེ་ཚོ་མཐར་དེད་ན། རང་ཉིད་རྩྭ་ཆུ་བཟང་ས་ཞིག་དང་མི་ཚེ་སྐྱིད་པོ་ཅིག་བསྐྱལ་འདོད་པ་ཙམ་རེད། དེ་ལ་ནོར་འཁྲུལ་དང་མ་འགྲིག་པ་གང་ཡང་མ་མཐོང་།
ལར་རྒྱ་གར་ནང་བཙན་བྱོལ་བོད་མི་གནས་ཡུལ་ཁག་ཏུ་ལྷག་ལུས་བོད་མི་མང་ཆེ་བ། ཡང་ན་འཇོན་ཤོས་དང་ཡང་མིན་ན་མི་འཇོན་ཤོས་རྣམས་རེད། དཔེར་ན། འཇོན་ཤོས་ཁག་ནི་སྲིད་དོན་གྱི་མི་སྣ་གནད་ཡོད་དང་གཞུང་ཞབས། ཡང་ན་ས་ཁང་དང་མགྲོན་ཁང་། ཚོང་ལས་སོགས་གཞི་རྒྱ་ཆེན་པོ་ཡོད་མཁན་རྣམས་རེད། དེ་ཚོས་རང་གི་གོ་ས་དང་མ་རྩ་སོགས་ས་གནས་དེ་གར་རྒྱུན་བསྲིང་ན་ཁེ་ཕན་ཆེ་བར་མཐོང་སྟེ། ཕྱི་རྒྱལ་དུ་མི་འགྲོ་བ་ནི་སོ་སོའི་ཁ་རྗེ་དབང་ཐང་ལ་ཐད་ཀར་འབྲེལ་བ་མངོན་གསལ་དོད་པོ་ཡིན། འོན་ཀྱང་། དཀའ་ངལ་ཆེ་ཤོས་མི་འཇོན་ཤོས་རྣམས་ལ་གྱོང་གཉིས་བརྩེགས་རག་གི་འདུག།
བོད་མི་བཙན་བྱོལ་བ་ཉམ་ཞན་དབུལ་ཕོངས་རྣམས་ལ་ཡུལ་ལུང་གཞན་གྱི་སྐྱབས་བཅོལ་སྤྱི་མཚུངས་ལྟར། སྐྱབས་བཅོལ་གྱི་ངོ་བོའི་རོགས་རམ་དང་ཐོབ་ཐང་དམིགས་བསལ་གཅིག་ཀྱང་མེད་པ་མ་ཟད། ཐ་ན་འཚོ་གོས་བཟང་སའི་ཕྱི་རྒྱལ་ཁག་ཏུ་ལས་གླ་བ་ཙམ་ལ་གོ་སྒྲིག་བྱ་མཁན་ཡང་མེད། ཁོང་ཚོ་ཡར་མར་གང་ལ་མི་ཐར་བར་ལྟོ་སྐྱ་གོས་ཧྲལ་གྱིས་ངང་། འཇོན་པོ་དང་གྲིམ་པོ་རྣམས་འདུག་འདོད་མེད་པའི་དཀའ་ངལ་ཅན་གྱི་ཁོར་ཡུག་ཏུ། གཞན་གྱི་རོགས་མགོན་མེད་པར་རང་ཁ་རང་གསོ་གནང་ནས་བཞུགས་དགོས།
དེའི་རྒྱུ་མཚན། སྲིད་དོན་དང་ཚོང་སོགས་ཀྱི་ཕྱག་ལས་རྒྱ་ཆེན་པོ་གནང་མཁན་ཚོ་ད་དུང་ཁོར་ཡུག་འདིེར་བཞུགས་ཡོད་པས། ཁོང་ཚོ་ལ་དབང་བསྒྱུར་ཡུལ་གྱི་འབངས་མི་སེར་གང་འཚམས་ངེས་པར་དགོས་མཁོ་ཡོད་རུང་། འཇོན་པོ་དང་རྒོད་པོའི་གྲལ་རིམ་དབང་འོག་ཏུ་ཆུག་གི་མེད་ཙ་ན། ཐ་མའི་འབབ་ས་དབུལ་པོ་དང་ཉམ་ཞན་གྱི་སྟེང་བབས་ཡོད།
མདོར་ན། འགྲོ་བ་མི་སྤྱི་མཚུངས་ལྟར། བཙན་བྱོལ་ནང་མི་གོང་འོག་བར་གསུམ་སུ་ལ་བལྟས་ཀྱང་། བརྒྱ་ཆ་དགུ་བཅུ་རང་དོན་དང་རང་ཉིད་སྐྱིད་ས་བདེ་ས་ཞིག་འཚོལ་སྙེག་གི་རྨི་ལམ་འཁྲུག་བསྡད་ཡོད་པ་དངོས་ཡོད་གནས་ཚུལ་རེད་ལ། དེ་ལྟར་སྒྲུབ་བཞིན་པའང་མངོན་སུམ་ལ་བསྙོན་ཐབས་བྲལ། རྒྱ་ལ་གནས་སྟངས་དེ་དམིགས་བསལ་སྡུག་པོ་འདྲ་གང་ཡང་མིན་པར། འགྲོ་བ་མིའི་མ་བཅོས་པའི་གཤིས་སྤྱོད་ཅིག་རེད།
ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་དེ་ཚོ་ཁས་ལེན་མི་བྱེད་པར། ང་ཚོ་ནི་རང་དབང་འཐབ་རྩོད་པ་ཡིན་པ་དང་། བོད་ནང་གི་མི་མང་གི་མགྲིན་ཚབ་པ་ཡིན་ལུགས། གཞིས་ལུས་མི་མང་གི་ཆེད་ཉིན་མཚན་ལྟོས་མེད་རང་དོན་བློས་གཏོང་གིས་ཕྱག་ལས་གནང་གིན་ཡོད་པ་ལྟ་བུ། སྲིད་དོན་གྱི་ཁ་གཡང་ཁ་ཁོག་མི་མཚུངས་པ་མང་པོ་ཞིག་གསུང་བཞིན། ལག་ལེན་སྟེང་རང་དོན་དང་རང་གི་ཕྱོགས་གཏོགས་པ་དང་བཅས་ལམ་ཁ་བཟོ་ཐབས་ཀྱི་བྱེད་སྟངས་འདིས། བོད་མི་ཉམ་ཐག་དང་དབུལ་ཕོངས་སྐྱོ་བོ་ཁག། ཆག་སྒོ་མྱོང་མཁན་དང་གྱོང་རག་ས། ཕམ་ཁ་རག་མཁན་ཆགས་ཡོང་གི་ཡོད་སྟབས། གལ་ཏེ། དབུལ་པོ་དང་ཉམ་ཞན་རྣམས་དཀའ་ངལ་འདི་ཚོ་ལས་གྲོལ་དགོས་ན། ང་ཚོའི་མི་ཆེན་དཔོན་ཆེན་ཚོས་བཙན་བྱོལ་ནང་གི་འཁྲུག་བཞིན་པའི་རྨི་ལམ་དེ་ངོས་ལེན་གནང་སྟེ། དོན་དངོས་དང་མཐུན་པའི་ཕྱག་ལེན་འགྱུར་བཅོས་གཏོང་མིན་ལ་ཐུག་ཡོད།
བཙན་བྱོལ་ནང་གི་དགོན་པའི་གྲྭ་བ་ད་ལྟ་ཧི་མ་ལ་ཡའི་མི་རིགས་གང་མཚམས་གསར་འཛུལ་བྱེད་ཀྱི་ཡོད་རེད། ལོ་ངོ་ཉི་ཤུ་རྗེས་དེ་དག་ཀྱང་མཚམས་འཇོག་བྱེད་ཀྱི་རེད། རྒྱུ་མཚན་ནི་དཔལ་འབྱོར་ཡར་འཐོན་ཆགས་འགྲོ་བགྱི་རེད། བཙན་བྱོ་ལ་བོད་པ་ཚོ་ཕྱི་རྒྱལ་ལ་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག་ནི། འཛམ་གླིང་སྤྱི་སྲོལ་ལྟར་རང་ཉིད་ཀྱི་ངོ་སྤྲོད་ ( Identy) གསལ་པོ་མེད་པའི་རྐྱེན་གྱིས་རེད། དཔེར་ན་རྒྱ་གར་དང་བལ་ཡུལ་ལ་སྐྱེས་པའི་བོད་ཕྲུག་ཚོ་ས་གནས་དེ་གའི་(cityzine) བཟོ་དགོས་རེད། ཡིན་ནའང་ཀླད་རྙིང་འཁྲེགས་བཟུང་བོད་གཞུང་དང་མི་མང་གཉིས་ཀའི་དེ་ལ་དྭང་ལེན་མ་བྱེད་པར་བརྟེན་རྒྱལ་ཁབ་གཞན་གྱིས་Cityzine མ་བྱེད་རང་བྱེད་རེད། ལུང་པ་དེའི་cityzine མ་ལེན་ན་ཐོབ་ཐང་ཆ་ཚང་རག་གི་མ་རེད། རྒྱུ་མཚན་གཉིས་པ། དཔལ་འབྱོར་དང་འཚོ་བའི་གནས་སྟངས་རྒྱ་བལ་ལས་ཕྱི་རྒྱལ་ལེགས་པའི་རྐྱེན་གྱིས་རེད།
རྡ་ས་ནས་ཡུན་རིང་བསྡད་པ་ཡིན་ཏེ་ཅི་གང་འཇོན་མ་སོང་། བདག་པོ་འདྲ་ཅང་མེད་པ་འདྲ། ག་ལེར་ཐོན་འགྲོ་གི་ཡིན། བདེ་མོ་བྱོས། རྡ་ས།ཁྱོད་ཀྱིས་ང་མི་མཐོང་ན་ངས་ཀྱང་ཁྱོད་ལ་ལྟ་དགོས་དོན་མེད། གསར་འབྱོར་བ་ཚང་མ་ང་དང་སྤྱི་མཚུངས་ལྟར་གང་སར་འཐོར་སོང་། ང་ཡང་དེ་ལྟར་འཐོར་དགོས་བའི་མི་ལྷག་མ་དེ་ཡིན་པ་འདྲ། ས་ཞིང་ཡོད་ལ་འདུག་གནས་ཀྱང་དྲོད་སོབ་སོབ་ཅིག་ཡོད་པའི་གཞིས་ཆགས་ཚོ། ཆིག་སྟོང་ཆིག་སྟོང་བྱས་ནས་ཕྱི་རྒྱལ་ལ་གཏོང་གི་འདུག ཅི་གང་མེད་ལ་ཐ་ན་ཉིན་རེའི་འཚོ་བའང་མི་འཁྱོངས་བའི་གསར་འབྱོར་ཁ་སྟབས་ཞན་པ་ཚོར་མིག་གིས་མི་མཐོང་བ་འདི་རྡ་སའི་ང་ཚོར་སྤྲད་པའི་བརྗེད་ཐོ་དེ་ཡིན། བརྗེད་ཐོ་འདི་ཀློག་གིན་ཀློག་གིན་ང་ཚོ་ཕྱིར་མི་ལྡོག་པའི་གནས་མལ་ཞིག་ལ་ཆས་འགྲོ དབྱངས་གསལ་གྱི་རུམ་བྲོ་དེ་ཟ་བཞིན་ཆས་འགྲོ བདེ་མོ་བྱོས། ཕ་སྐད་ཕ་ཡིག་གི་བཀྲེས་ལྟོགས་མྱོང་གིན་པའི་རྡ་ས།
དེ་རིང་གཡག་རྒོད་ལགས་ཀྱིས་གཡག་ཆེ་ཐག་ཆོད་ཅིག་བཏང་བཞག ང་ལ་ནི་རྡ་ས་ལ་ཅིག་ཅིག་མིག་མིག་ལབ་ཆོག་གི་མ་རེད་ཟེར་ནས་བཀའ་ཕེབས་བྱུང་། ངས་ནི་དེ་བདེན་པ་ཡིན་འགྲོ་བསམ་ནས་ད་བར་གང་ཡང་ལབ་མ་ཕོད། རང་རིན་པོ་ཆེ་ལ་ཐུག་དུས་མི་ཟེར་བ་དེ་འདི་འདྲ་འདྲ་པོ་རེད། །
དངོས་གནས་དུས་ལ་བབ་པའི་སྐད་ཆ་ཞིག་བཤད་འདུག ལྷག་པར་དུ་བཙན་བྱོལ་གྱི་ལྟོ་གོས་ཆེད་ བོད་མི་དམངས་དང་བོད་མི་དམངས་ཞེས་སྡུག་སྐད་སྒྲོག་པ་འདི་རིགས་དངོས་མཚམས་འཇོག་རན་འདུག
བདེན་པ་རེད། ངོས་ལེན་ཞུ་ཆོག ༧གོང་ས་མཆོག་ལ་ཅིག་མ་བཤད་ན་གཞན་བསམ་བློ་གཏོང་ས་གང་ཡང་ལྷག་མེད།
ཁྲི་རལ་བ་ཅན་གྱིས་ཉན་ལོ་བའི་སྐད་ཅ་འདི་དངོས་ཡོད་ལ་གཟིགས་འདུག་གདའ། ཁ་གསང་ན་བཙན་བྱོལ་ནང་འདི་འདྲ་རང་རེད་་་་་་་
༅༅། ཁྲི་རལ་པ་ཅན་ནས་དངོས་གནས་ཀྱི་ཡག་པོ་བྲིས་འདུག།
ངས་ཀྱང་དེ་འདྲ་བོ་བསམ་བཞིན་ཡོད། ལྷག་པར་དུ་གྲ་སའི་དགེ་འདུན་པ་ཚོར་དངོས་གནས་ལོ་བཅུ་
ཉི་ཤུའི་ནང་ལ་དགོན་པ་སྟོང་པ་ཆགས་ཉེན་ཆེ།
༢༠༡༥ ལོར་ང་རྒྱ་གར་ལྷོ་ཕྱོགས་ལ་གཉེན་སྤུན་ཐུག་ཏུ་ཕྱིན་པ་ཡིན། དགོན་པ་ཚང་མ་མཇལ་དུ་ཕྱིན་པའི་སྐབས་ལ་དགོན་པ་དེ་ཚོ་གཅིག་ལས་གཅིག་ཆེ་བ་དང་རྗིགས་པ། རྒྱ་ཆེ་བ་རྐང་རྕེད་སྤོ་ལེ་རྕེད་ས་འདྲ་བོ་འདུག་་་་གྲ་པ་ནི་དེ་ཙམ་མང་བ་མཐོང་མ་སོང། ངས་ཕོ་གསར་གཅིག་ལ་ གཞིས་ཆགས་རང་
ནས་ལོ་རེའི་ནས་གྲ་པ་འཛུལ་མཁན་ལ་ག་ཚོད་ཡོད་ས་རེད་དྲིས་པས། ཕོ་གསར་དེས་་་་གཞིས་ཆགས་ནང་ནས་གྲ་པ་བཟོ་མཁན་ཕལ་ཆེར་ཡོད་ཨེ་ཡོད། འཛིན་གྲ་ ༡༢ ཐོན་ཚར་བ་དང་གཞིས་ཆགས་བཞག་ནས་ལྡི་ལེ་ཕྱོགས་ལ་འགྲོ་གི་འདུག་ དེ་ནས་རིམ་གྱི་ཕྱི་རྒྱལ་ཁག་ལ་་་་འགྲོ་གི་འདུག་བརྗོད་བྱུང།
དེ་རྗེས། ངས་དེ་འདྲ་ཞིག་དྲན་བྱུང། སྔོན་ལོ་ཁ་ཤས་གོང་ལ་༧གོང་ས་མཆོག་གི་དགོན་པའི་གྲ་མང་ལ་དཀའ་སློབ་ཞིག་གནང་སྐབས། དགོན་པ་ཆེན་པོ་དེ་འདྲ་ག་རེ་བྱས་ནས་བརྒྱབ་ཀྱི་ཡོད་ ཆོ་ཡོད་པ་མ་རེད། ཕྱི་རྫིགས་པོ་བཟོས་པ་ལས་་་བསླབ་པ་སློབ་གཉེར་ཡང་དག་པ་བྱེད་དེ་ནང་རྗིགས་པོ་བཟོ་དགོས་སྐོར་གསུངས་པ་དྲན་གྱི་འདུག་ གྲ་པ་མང་པོ་ཞིག་ནི་རི་མཚམས་ཧི་ལ་ལ་ཡའི་མི་རིགས་རེད་འདུག་
དགོན་པའི་པད་ཤག་ཚང་མ་ཐང་ལ་བཏབ་འདུག་
རྒན་པ་ཚང་མ་འཆི་མའི་ལམ་ལ་གཤེགས། འཆི་བའི་ཁ་ཆེསམ་ས་དང་རྡོ་ལ་ཐིམས།
ན་གཞོན་ཕེལ་ཆེར་ནུབ་ཕྱོགས་ལུང་པར་ཐོན། སྐྱིད་དང་སྡུག་གི་འཚོ་བར་ལོངས་སུ་སྤྱད།
གཞིས་བྱེས་མཉམ་འཛོམས་ཡོང་ཆེད་ཞི་མོལ་བརྕོན་ན་ཡང། ཁ་གཏད་རྒྱ་དམར་ཀླ་ཀློའི་དྲང་བདེན་
ཞི་མོལ་མི་བྱེད། དེ་དང་དེ་འདྲའི་ངང་ནས་གངས་ཆན་བོད་མི་འཐོར་འགྲོ།
བདེན་ནི་ལོས་ཀྱང་བདེན་ལ། བྲོད་ཁོག་རྕ་རང་ཆེ་ནས། བདེ་སྐྱིད་རག་ཡོང་བསམ་ནས།
ནུབ་ཕྱོགས་མི་འགྲོ་རང་འགྲོ། རང་དོན་མ་འགྲུབ་རང་འགྲུབ།
བོད་ཀྱི་སྐྱེས་ལྷ་ཡུལ་ལྷ། ལྷ་སྲུང་ནོར་ལྷ་ཐམས་ཅད། སྐྱོབ་པའི་མཐུ་ནུས་མི་འདུག་།
་་་་་་་་་་ བོད་མི་ཉམ་ཐག་དང་དབུལ་ཕོངས་སྐྱོ་བོ་ཁག། ཆག་སྒོ་མྱོང་མཁན་དང་གྱོང་རག་ས། ཕམ་ཁ་རག་མཁན་ཆགས་ཡོང་གི་ཡོད་སྟབས། ་་་་་་་་་
ང་ཚོ་ཕྱི་ལོ་1959ལོར་བོད་དོན་རྩོད་ལེན་ཆེད་མི་ཡུལ་དུ་ཡོང་བ་ཡིན་ན་ད་ལྟའི་བཙན་བྱོལ་བོད་མིའི་འགྲོ་སྟངས་དང་སྡོད་སྟངས་ལས་སྟངས་དེ་་ཚོ་ཐོག་མའི་འཆར་གཞི་དང་དམིགས་ཡུལ་སོགས་ལས་ཡོངས་སུ་འགལ་བ་རེད་།
ང་ཚོ་ཐོག་མ་ནས་རྒྱ་ལ་ཞེད་ནས་བདེ་ས་དང་སྐྱིད་ས་ཞིག་ལ་ཡོང་བ་ཡིན་ད་ལྟའི་བཙན་བྱོལ་བོད་མིའི་བྱེད་སྟངས་དང་ལས་སྟངས་འགྲོ་སྟངས་དེ་ཚོ་འགྲིག་པ་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད
འགྲོ་བ་མིའི་རིགས་ལ་གནས་ལུགས་མང་ཙམ་ཡོད་སྲིད་ཀྱང དོན་དངོས་ལ་བོད་མིའི་སྤྱི་ཚོགས་ནང་ནས་རྒྱ་དམར་ཚོར་དགོས་ཅན་གྱིས་དཔྱད་རྩོམ་འགྱུར་མི་སྲིད་པ་མིན གང་ལྟར་ནང་བ་སངས་རྒྱས་པའི་ཆོས་ནི་གོ་ལའི་སྟེང་དར་བས དམར་ཚོགས་ལ་དུས་ནམ་ཡང་དབང་ཚད་མེད་དེ བོད་མི་བསམ་མེད་འགའ་དམིགས་མེད་ལ་དམིགས་པའི་སྙིང་རྗེ འོ །།
༅༅། མ་གཏོང་མ་གཏོང་ཁ་མ་གཏོང། བཙན་བྱོལ་སྒྲིག་འཛུགས་ཁ་གཏོང།
བློ་གཏད་ལ་པད་ཁོག་ལས་མེད་པར། མིག་ལ་མཛུམ་མོ་མ་གཙུག་
(བོད་མི་ཉམ་ཐག་དང་དབུལ་ཕོངས་སྐྱོ་བོ་ཁག། ཆག་སྒོ་མྱོང་མཁན་དང་གྱོང་རག་ས། ཕམ་ཁ་རག་མཁན་ཆགས་ཡོང་གི་ཡོད་སྟབས།)
འཛམ་གླིང་གང་ན་ཡོན་རུང་། གང་གི་མི་རིགས་ཡིན་རུང་། ཉམ་ཐག་དབུལ་ཕོངས་ནི་ཕམ་ཁ་དང་གྱོང་ཁ་རག་ས་དེ་ཡིན་པ་གཅིག་གྱུར་རེད། སྐད་ཆ་འདིས་ཅི་བཤད་འདོད་ཡོད་པ་དེ་བཤད་མ་ཤེས་བར་ཤེས་བ་འཆལ་སོང་གསལ་པོ་རེད། ཧ་ཧ་ཧ།
ཆབ་སྲིད་ཀྱི་ནུས་པ་དགོས་ན། བོད་མི་མང་ཙམ་ཕྱི་རྒྱལ་ལ་འགྲོ་དགོས།
དཔལ་འབྱོར་གྱི་བཅང་གྲོལ་དགོས་ན། བོད་མི་མང་ཙམ་ཕྱི་རྒྱལ་ལ་འགྲོ་དགོས།
བློ་རིག་བཀྲ་བའི་བོད་ཕྲུག་ཆུང་བ་ཚོ་འགྲོ་ས་དེ། ཕྱི་རྒྱལ་ཡིན། ཡུལ་དེ་ན་གོ་སྐབས་ལ་མཐའ་མེད། འགྲོ་རོགས་ཞུ།
སྔོན་མ་རྒྱ་གར་ལྟ་བུ་རེ་སོང་ན་མ་གཏོགས། བོད་ཡིག་དང་བོད་སྐད་སློབ་ས་མེད། ད་ལྟ་དེ ་འདྲ་མིན། སྟོབས་ལྡན་རྒྱལ་ཁབ་མང་པོ་ན། བོད་ཡིག་དང་བོད་སྐད་ཁྲིད་སའི་སློབ་ར་ཡོད་བཞིན་པ་རེད། བོད་མི་ཕྱི་རྒྱལ་ལ་སོང་བའི་དོན་གོ་རེད།
ད་ལྟ་ཕྱི་རྒྱལ་ན་རང་ཁ་རང་གསོ་ཙམ་ལས་མི་ཚད་པའི་འབྱོར་ལྡན་བོད་མི་མང་པོ་ཡོད་རབས་གདའ། དེ་ཡིས་གནས་སྐབས་རིང་བོད་ལ་མི་ཕན་པའི་བསམ་བློ་འཁོར་ན། ཡང་ཁྱིམ་ཚང་དེའི་བུ་ཕྲུག་གི་མདུན་ལམ་ཡག་པོ་དང་གོ་སྐབས་ལྡན་པ་བྱུང་ན། ཉིན་ཞིག་དེ་ཡིས་ཀྱང་བོད་ལ་ཕན་བསྡད་ཡོད་པ་གསལ་པོ་རེད།
རྒྱ་གར་ནས་ང་ཚོས་སྐད་འབོད་དང་ངོ་རྒོལ་མང་པོ་བྱས་ཡིན། དེ་གའི་ཡུལ་མི་མང་པོ་ཞིག་གི་རྣ་བ་བསུན་ནས། སྐད་རྒྱག་དགོས་ན་དགྱ་ནང་ལ་སོང་རྒྱོབས་ཞེས་མི་རིགས་ཞིག་གི་བདེ་སྡུག་ཕར་བཞག། མཐའ་ན། ཉིན་གཅིག་བོད་མིའི་གདུང་སེམས་ལ་གུས་རྩི་ཙམ་ཡང་མེད། རྒྱུ་མཚན་གནས་དེ་ནས་འདུག་ཡ་མང་དྲག་པས་རེད། བྱས་ཙང་། ང་ཚོ་ཕྱི་རྒྱལ་ལ་འགྲོ་ཐུབ་ན་འགྲོ་དགོས། འདི་ནི་བོད་མི་རིགས་ཀྱི་དོན་དུ་ཡིན།
འགྲོ་མི་ཐུབ་པ་ང་འདྲ་བ་ཡོད་ན། དེ་ཡང་སྐྱོ་དགོས་བ་གང་ཡང་མེད། རྒྱ་གར་ནས་མི་དྲུག་བཅུའི་འཐབ་རྩོད་དེ་མི་ལོ་དེ་ལས་མང་བ་ལ་རྩོད་མཁན་རྒྱུ་མཐུད་པ་ཡིན་པས་སོ།
འཛམ་གླིང་གང་ས་ནས། བདེན་པ་གང་ཡོད་ཀྱིས། བོད་དོན་འདི་བོད་ལ་བདག་པ། དགྱ་ལ་མི་བདག་པའི་བདག་དབང་སྲུང་བཞིན། རེ་རེ་ས་ནས་རེ་རེ་ཡིས་འགན་བཞུས་ན། རྒྱལ་ཁབ་གང་ནས་འདུག་དང་གང་ལ་འགྲོ་བ་རང་དབང་ཡིན་པས་རྩོད་པ་དང་ཁེངས་ར་བྱེད་དགོས་དོན་མེད།
བོད་ཡོད་སའི་ས་ཕྱོགས་ན་ཚོགས་བ་དང་སྒྲིག་འཛུག་མེད་པའི་དཀའ་ངལ་ཞིག་མེད་རབས་གོ་ཡ་འདུག། མང་དྲག་པའི་སྐྱོན་བྱུང་བ་ལ་སེམས་ཁུར་འདུག་རབས་གོ། གང་ལྟར་མིང་དྲག་ན་འདྲ་ཉུང་དྲག་ན་འདྲ། བོད་ཟེར་བ་འདི་མི་རེ་ངོ་རེ་ནས་ཤི་ལམ་ལ་འདེད་ཀྱིན་མེད་པ་བསྟན་པ་རེད།
གྲྭ་རྒྱུན་ཆད་སྲིད་པ་ཞིག་རེད། དེ་ལ་ཡང་སེམས་ཁུར་དགོས་དོན་མེད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི། གྲྭ་བ་རང་བྱས་ནས་རྟོག་དགོས་བ་ཞིག་གང་ནས་ཡིན། སངས་རྒྱས་ཀྱི་བསྟན་པ་ནི་དགའ་དད་དགེ་དམིགས་ཡོད་ཚད་ལ་གནང་བ་ཞིག་རེད།
གང་ལྟར་དབྱེ་བ་གཡོན་ལག་རྐྱང་བཤད་ནས། བོད་མི་ལ་ཕན་པའི་ལས་དཀར་པོ་ཡིན་འདོད་ནི་ཚོ། ལོག་ལྟ་ལ་སོང་བའི་སེམས་ཡོད་པ་རེད། དེ་ལ་བདག་པོ་རྒྱོབས། ཁ་བཙུམ། མིག་ཕྱེ། རྣ་གཏོད་དང་། འཇིག་རྟེན་འདྲ་འདྲ་རེད། ཤེས་བྱུང་ངམ།
་་་་་་་་་་ བོད་ཡོད་སའི་ས་ཕྱོགས་ན་ཚོགས་བ་དང་སྒྲིག་འཛུག་མེད་པའི་དཀའ་ངལ་ཞིག་མེད་རབས་གོ་ཡ་འདུག། ་་་་་་་་་་