ལུག་རྫིས།
ལུང་པ་རེ་ལ་ཡུལ་སྲོལ་མང་ན་ཡང་།།
དེང་གི་དུས་འདིར་བོད་ས་བོད་ཡུལ་ན།།
ལུགས་སྲོལ་ཡ་མཚན་དེ་མོ་མཐོང་རྒྱུ་འདུག།
བུ་མོ་མང་ན་སྒོར་མོར་བཙོང་འཇོག་གི།།
སྒོར་མོ་མང་ན་མནའ་མ་གང་འདེམ་བྱེད།།
ཕ་མ་རྣམས་ནི་རྒྱུ་རྔམ་ཆེ་དྲག་པས།།
རང་གི་ཤ་མཆེད་བུ་མོའང་རྒྱུ་ལ་བརྗེས།།
རྒྱུ་ལ་བཙོང་བའི་བུ་མོ་བཙོང་ཕྱིན་ཆད།།
བོང་རྟ་དྲེལ་དང་མཛོ་མོ་བཙོང་བ་བཞིན།།
བུ་མོའི་རིན་ཐང་རྒྱུ་ཡིས་འོག་ལ་གཞལ།།
ཁ་ཐུག་ལྟོས་ན་འགྲོ་སྟངས་འདྲ་བོར་མཐོང་།།
ཞིབ་ཏུ་བསམ་ན་ཀྱེ་མ་མི་མཚར་རམ།།
ང་ཡིས་བསམ་ན་ཧ་ཅང་རྫོབ་བོར་མཐོང་།།
དྲང་བདེན་ཡིན་མིན་སོ་སོས་བརྟག་ན་ཤེས།།
བོད་ཡུལ་ས་ཁུལ་ཡོངས་ལ་མི་ཁྱབ་པའི།།
རོང་ཁུལ་ཕྱོགས་ན་ཅུང་ཙམ་ཤུགས་ཆེ་འདུག།
མཐོང་ཐོས་ཡོད་མཁན་རྣམས་ཀྱི་ང་ནང་བཞིན།།
གནས་ཚུལ་འདིའི་རིགས་ལྟ་ཚུལ་ཡོད་ངེས་རེད།།
བུ་མོ་མང་ན་ཁྱིམ་དེ་ཕྱུག་པོ་ཡིན།
ཕྱུག་པོ་རྣམས་ནི་ཅི་ཡང་ཉོས་ཀྱང་ཆོག
ཕོ་རྒོད་མང་ན་ཁྱིམ་དེ་སྟོང་ས་རེད།།
དབུལ་བོའི་རྣམས་ཀྱི་མནའ་མ་ཇི་ལྟར་ཉོ།།
དཔེར་ན་བུ་མོ་ལྔ་ཅན་ཡོད་པའི་ཁྱིམ་ཞིག་ལ།།
ཉུང་མཐར་མོ་རེར་ཁྲི་ལྔ་རེར་བཙོང་ན།།
ཁྱོན་སྡོམ་མི་མང་ཤོག་སྒོར་ཁྲི་བཅོ་ལྔ།།
སྒོར་མོ་འདི་རྣམས་བུ་མོའི་ནོར་སྐལ་རེད།།
ཡང་ན་ཤུལ་ལུས་ལྷག་མ་རྣམས་པའི་ཡོང་སྒོ་ཡིན།།
བསྟུད་མར་ད་དུང་འདི་ལྟར་སོང་ན་ནི།།
ཕོ་མང་ཁྱིམ་རྣམས་སྤྲང་པོར་ཕུད་ས་རེད།།
ཡོང་སྒོ་མེད་ན་ཚང་མ་ལྷག་རྒྱུ་རེད།།
ལྷག་གི་གཞུག་མ་བུ་རབ་ཚར་རྒྱུ་རེད།།
ཚར་གི་རྔ་མ་བོད་མིའང་སྟོང་ས་རེད།།
སྟོང་གི་མཐའ་མ་བོད་མིའི་གྱོང་གུད་རེད།།
སྤྱིའི་ཆ་ནས་བོད་མི་ཉུང་ཉུང་རེད།།
ཉུང་བའི་སྒང་ལ་གནོད་མཁན་ཇེ་མང་རེད།།
ངན་གོམས་རྒྱུན་འབྱམས་མ་སོང་སྔ་རོལ་དུ།།
སྔོན་འགོག་ཐུགས་བསམ་ཅུང་རེ་བཞེས་ན་ནི།།
རང་གཞན་ཀུན་ལ་ཕན་པའང་འདི་རེད་བསམ།།
ལྷག་པ་རང་ཅག་བོད་ལ་སྔར་སྲོལ་ཡོད་པ་ནི།
ཨ་མའི་ནུ་རིན་ཟེར་བ་ཡོད་པ་ཡིན།
ཨ་མའི་ནུ་རིན་ཕ་མའི་སྐུ་དྲིན་ཆེད།
སྔར་ཡོད་ལུགས་སྲོལ་འཇིག་རྟེན་ལུགས་བཟང་སྟེ།།
ཕ་མའི་དྲིན་ལམ་གསབ་བྱེད་སྐུ་ཡོན་ཙམ་བྱིན་ན།།
དེ་ནི་འོས་ལ་ལུགས་དང་མཐུན་པར་སྣང་།།
སྔར་མེད་གསར་དར་ཁ་སང་དེ་རིང་འདིར།།
བུ་མོ་མང་པོ་ཡོད་པའི་ཕ་མ་རྣམས།།
ལྷོད་ལྷོད་ཤིག་ཤིག་ངང་གིས་བཞུགས་ནས་ཡོད།།
བུ་མོ་དྲིན་གྱིས་དབུལ་ཡང་ཕྱུག་པོར་འགྱུར།།།
ཕ་མའི་བུ་མོར་བཅངས་པའི་བརྩེ་བ་གང་།
བུ་མོ་རང་ཉིད་བཙོང་ན་མི་སྡུག་འམ།།
མི་ཚེ་སོ་སོར་འགྲོ་བའང་ཆོས་ཉིད་རེད།།
ཕ་མའི་འོས་འགན་བུ་མོའི་བདེ་སྐྱིད་ཆེད།།
མ་བསམ་རྒྱུ་ཆེན་བླངས་ནས་བཙོང་ན་ནི།།
ཕ་མ་ཡིན་ཡང་དོན་གོ་ཆོད་འདུག་གམ།།
ངས་ནི་ནམ་ཡང་ཁྱད་མཚར་མཐོང་བཞིན་ཡོད།།
བུ་མོ་རིན་གོང་ཀུ་ཤུ་ཁ་པར་བཞིན།།
ལོ་རེ་བཞིན་དུ་རིན་གོང་ཇེ་མཐོ་རེད།།
བུ་མོ་གནས་འགྲོ་ཚོ་ཡང་སྙིང་རེ་རྗེ།།
རྒྱ་བོད་ལུགས་སྲོལ་འདྲེས་མའི་སྲོལ་ངན་ཁྲོད།།
རིན་གོང་མཐོ་བོར་བླངས་ནས་བཙོང་ན་ནི།།
བུ་མོ་གནས་འགྲོ་ཡིན་ཡང་ལས་བཙོག་གི
མི་རིགས་གཞན་པའི་རང་གི་བུ་མོའི་ཆེད།།
ཁྱིམ་གྱི་ཕྱེད་ཀ་བུ་མོའི་ཆེད་དུ་བརྫངས།།
རྒྱ་སྲོལ་བོད་ལུགས་གང་ཡིན་མི་ཤེས་པའི།།
ལུགས་གསར་འདི་ལ་ང་ནི་ཡ་མཚན་སྐྱེས།།
གང་ལྟར་བོད་ལ་སྲོལ་ངན་མང་ནའང་།།
ཡོད་ཚད་མཉམ་དུ་སྤུངས་ན་ཉོག་འགྲོ་བས།
ཚང་མ་བསྲེས་ནས་ངལ་བ་ངས་མ་བྱས།།
རང་གིས་མཐོང་ཐོས་ཟུར་ཙམ་བཀོད་པའོ།།
13/9/2016 ཉིན།
གསལ་བྱེད་ལ་བུ་མོ་བཙོང་ཟེར་བ་ནི་ཁ་ཐུག་བཙོང་གིན་མེད་ནའང་མནའ་མ་སྟེར་དུས་རྒྱུ་འབོར་ཆེན་ལེན་གྱི་ཡོད་པས་ཚིག་དེ་བེད་སྤྱོད་བཏང་བ་ཡིན།
སེམས་འཁྲལ་མི་དགོས་ས་སེམས་འཁྲལ་མ་བྱེད། ད་དུང་ཁྱོད་ཀྱིས་རྩིས་རིག་ལ་དོ་སྣང་ཆེ་ཙམ་དགོས་འདུག ལྔ་ལྔ་ཉེར་ལྔ་ཡིན་པ་ལས་བཅོ་ལྔ་མ་རེད། མནའ་མའི་རིན་གོང་མཐོ་རུ་སོང་ན་དེ་ནི་བུད་མེད་ཀྱི་ཐོབ་ཐང་ཆེ་རུ་སོང་བ་རེད། རྒྱ་དཀར་ནག་གཉིས་ཀའི་བུད་མེད་ཀྱི་ཐོབ་ཐང་ཧ་ཅང་ཆུང་། ཡིན་ཡང་དེ་གཉིས་ཀའི་རྒྱུ་རྐྱེན་ཁ་ཁ་རེད། གྲུང་གོའི་གསར་བས་བྱིས་པ་གཅིག་གི་ཁྲིམས་སྲོལ་དར་ནས་བཟུང་བུ་མོ་མང་བོ་མངལ་ནས་བསད་པ་རེད། རྒྱུ་མཚན་ནི་རྒྱ་ནག་གི་ལུགས་སྲོལ་ལ་སོ་སོའི་རྒྱུ་འཛིན་བུ་ཞིག་ཡིན་དགོས་པར་འདོད། རྒྱ་གར་གྱི་ལུགས་སྲོལ་ལ་བུ་མོ་མནའ་མར་འགྲོ་ཚེ་གོས་དང་རྒྱན་ཆ་སྒོར་མོ་སོགས་རྫོང་བ་མི་དམན་པ་ཞིག་དགོས། དེའི་རྐྱེན་གྱིས་བུ་མོ་མང་བོ་མངལ་ནས་བསད་པ་ལགས། བོད་ཀྱི་བུ་མོར་ཆེ་མཐོང་ཡོད་ན་ཧ་ཅང་མངོན་པར་བསྟོད། །
་་་་་་་་་་་བུ་མོ་བཙོང་ཟེར་བ་ནི་ཁ་ཐུག་བཙོང་གིན་མེད་ནའང་མནའ་མ་སྟེར་དུས་རྒྱུ་འབོར་ཆེན་ལེན་གྱི་ཡོད་པས་་་་་་་་་་་་