རི་བོང་མཐོང་དགའ།
རི་བོང་མཐོང་དགའ་སྤྲེལ་ཚོགས་ལ་ཟུར་ཉན་དུ་ཞུགས་པའི་གཏམ་རྒྱུད། ཁག་དང་པོ།
ཞོགས་པ་ཞིག་ལ། རང་བྱུང་གི་བསིལ་རླུང་དལ་བུར་ལྡིང་ཡང་། ཁོག་ཡུག་ཏུ་གད་སྙིགས་ཀྱི་དྲི་ངད་འཐུལ་བའི་རྡོ་ལ་རི་བོའི་འདབས་ཀྱི་ཡུལ་གྱར་གྲོང་ཚོ་ཆུང་ཆུང་དེའི་གཞུང་ལས་ཁང་ཁག་དང་། གྲོས་ཁང་གི་སྒོ་ཕྱེས་ནས་ཅང་མ་འགོར་བའི་སྐབས་ཏེ། སྤྲེལ་ལོ་ ༢༡༣༤ ཟླ་ ༧ ཚེས་ ༡༩ ཉིན། རི་བོང་དཀར་པོའི་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོའི་གྲོས་ཆོད་སྙན་ཞུ། <<བདེན་པའི་འོད་སྣང>>ཞེས་པ་དེ་སྤྲེལ་འཐུས་རེ་རེར་འབུལ་ཆེད། རི་བོང་དཀར་པོའི་སྡེ་ཚོགས་ཀྱི་རྒྱལ་ཚབ་དང་། རྒྱལ་སྤྱིའི་རི་བོང་ལྷན་འཚོགས་ཀྱི་ཚོགས་གཙོ། རི་བོང་མཐོང་དགའ་བཅས་སྤྲེལ་ཚོགས་གྲོས་ཁང་གི་ཟུར་སྒོར་ཞོགས་པའི་དུས་ཚོད་ ༨༔༤༥ ཙམ་ལ་འཛོམས། སྟེང་ན་ཐིག་ནག་ཟད་ཐོ་དང་། གཡས་གཡོན་དུ་ཉ་ལྕོང་གི་གཟུགས་རིས་ལྷབ་ལྷུབ་ཏུ་འཕྱར་བའི་རྩེགས་གསུམ་ཅན་གྱི་གྲོས་ཁང་དེའི་སྒོ་ཆེན་ཁང་བའི་ཟུར་དུ་བཟོས་ཡོད་པས། བལྟས་ཚོད་ལ་དགྲ་སྒྲུབ་བམ་དྲག་པོའི་ལས་སྦྱོར་བྱེད་སའི་ཧོམ་ཁང་ནག་པོ་ཞིག་དང་ཀུན་ནས་མཚུངས།
སྤྲེལ་གཞུང་དེ་དམངས་གཙོར་བསྒྱུར་ནས་སྤྲེལ་ལོ་ ༥༧ ཕྱིན་ཡོད་ལ། སྤྲེལ་ཚོགས་གྲོས་ཚོགས་དངོས་སུ་ཚུགས་ནས་ཀྱང་སྐབས་བཅུ་དྲུག་འགོར་ཡོད་ཟེར། སྤྲེལ་ཚོགས་འདིའི་རྒྱལ་རབས་རིམ་བྱུང་ཁྲོད་ནང་འཁྲུགས་ཀྱི་ཡོ་ལངས་རྒྱུན་མི་ཆད་པར་བྱུང་མྱོང་བ་མ་ཟད། སྤྲེལ་ལོ་ ༢༠༨༦ ལོར་ཕྱི་དགྲ་ནང་ཁྲིད་བྱས་རྐྱེན་ཉི་མ་བཙན་རྒོལ་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པས། སྤྲེལ་ཚོགས་ཉིས་འབུམ་མ་ཟིན་ཙམ་འཇིག་རྟེན་གཞན་དུ་ཡུལ་གྱར་ལ་འགྲོ་དགོས་བྱུང་ཞིང་། སྤྲེལ་ལོ་ ༢༠༨༧ ལོར་སྤྲེལ་ཚོགས་ཀྱི་སྲིད་གཞུང་གསར་དུ་བཙུགས་ནས་སྤྲེལ་ཁྲིམས་སམ་བཅའ་ཁྲིམས་ཟེར་བ་ཞིག་ཀྱང་གསར་དུ་བསྒྲིགས།
སྤྲེལ་ཁྲིམས་ཀྱི་ནང་དུ་སྲོག་ཆགས་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཞེས་ཡིད་སྤྲོ་འཕེལ་བའི་ཐ་སྙད་མང་པོ་ཞིག་བཀོད་སྤྱོད་བྱས་ཡོད་མོད། དོན་ངོ་མར་རི་བོང་དཀར་པོའི་རིགས་ལ་རང་རིགས་ཀྱི་མགོ་ཁྲིད་འོས་འདེམས་བྱེད་རྒྱུའི་ཐོབ་ཐང་མེད་པར་སྲོག་ཆགས་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ཡོད་སྟབས། སྤྲེལ་ལོ་ ༢༡༢༤ ནས་བཟུང་རི་བོང་དཀར་པོའི་ཚོགས་ཀྱིས་ཁྲིམས་ཐོག་ནས་ཐོབ་ཐང་གཅིག་མཚུངས་རག་ཆེད་སྙན་ཞུ་རིམ་འབུལ་བྱས་པ་མ་ཟད། ཐེངས་གཉིས་ལ<བློ་ལྡན་ཞི་འབོད>ཞེས་པའི་ལས་འགུལ་ཡང་སྤེལ་མོད། སྤྲེལ་གཞུང་གིས་དེ་ཡང་ཁྲིམས་འགལ་དང་དྲག་སྤྱོད་དུ་བརྩིས་ནས་ཞི་འབོད་ནུས་ཆུང་དུ་བཏང་བ་མ་ཟད། ཕྱིན་ཆད་ཞི་འབོད་བྱས་ཚེ་གནས་ཡུལ་རྒྱལ་ཁབ་ཀྱི་དྲག་དམག་བཏང་ནས་རྩ་མེད་བཟོ་ངེས་ཞེས་བཙན་བཀའ་དང་འབྲེལ། རྒྱལ་སྤྱིའི་གསར་ལམ་ཁག་དང་། སྤྲེལ་ཚོགས་སྒེར་གཉེར་ཚགས་དེབ་ཁག ཊིས་ཊིས་སིས་བརྙན་འཕྲིན་དུ་གཞི་མེད་ཀྱི་གླེང་ཕྱོགས་སྣ་མང་བསྒྲགས་པས། སྤྲེལ་དམངས་སྤྱི་ཚོགས་ཁྲོད་དུ་རི་བོ་དཀར་པོའི་ཚོགས་སྡེ་ཆུང་ཆུང་དེར་ལྟ་ཚུལ་དང་། གླེང་ཚུལ་མི་འདྲ་བ་སྣ་ཚོགས་སླེབས་བཞིན་ཡོད།
དེ་ལྟ་ན་ཡང་སྤྲེལ་ཚོགས་ཀྱི་གྲོས་མི་གསར་བ་རྣམས་ཀྱིས་གྲོས་མིའི་དམ་བཅའ་ཐོག་མར་འཇོག་སྐབས། རང་དོན་ཕྱོགས་ལྷུང་མེད་པར་དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནང་གཞུང་དོན་བསྒྲུབ་རྒྱུར་མཆོག་གསུམ་དཔང་བཙུགས་ཀྱིས་ཁས་ལེན་བྱས་ཡོད་མོད། རི་བོང་དཀར་པོའི་ཚོགས་སྡེ་སྤྱི་དང་། བྱེ་བྲག་སྒེར་གྱི་སྙན་ཞུའི་ནང་དུ་སྤྲེལ་ཚོགས་གྲོས་མི་སྒེར་ལ་ཕོག་ཐུག་ཅུང་ཟད་རེ་ཤོར་བ་ཀླད་པའི་དཀྱིལ་དུ་བཟུང་ནས་སྒེར་གྱི་སེམས་ཚོར་གྲོས་ཁང་དུ་ཁྱེར་ཏེ། སྤྲེལ་ལོ་ ༢༠ རིང་གི་རི་བོང་དཀར་བོའི་ཚོགས་སྡེའི་སྙན་ཞུ་དང་། གྲོས་མིའི་དམ་བཅའ་ཡང་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་གྱིན་ཡོད་ལ། སྤྲེལ་ཚོགས་སྤྱི་དམངས་ཁྲོད་དུ་ཡང་རང་དབང་དང་དམངས་གཙོ་ཟེར་བ་དེའི་ཐ་སྙད་ཙམ་ལས། དོན་ངོ་མར་དམངས་གཙོའི་ལུགས་སྲོལ་ཟེར་བ་དེ་ལྷ་སྒྲུང་ཙམ་དང་། སྤྲེལ་ཚོགས་ཀྱི་བཅའ་ཁྲིམས་སྐྱབས་ཡུལ་དུ་ངོས་འཛིན་བྱས་ཏེ་མཆོད་བཤམ་དུ་བཞག་ནས་བསྡད་ཡོད།
དེར་བརྟེན་རི་བོང་དཀར་པོའི་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་འཚོགས་དགོས་བྱུང་ཞིང་། གྲོས་ཆོད་དོན་ཚན་ལྔ་བཞག་ཚུལ་སྤྲེལ་ཚོགས་གཞུང་གཉེར་གྲུ་གསུམ་བདུན་རེའི་ཚགས་པར་དང་། སྤྲེལ་རྒྱལ་ཞོགས་པའི་སྐྱ་རེངས་ཚགས་དེབ་སོགས་སུ་ཟུར་ཙམ་རེ་མི་འདོན་ཐབས་མེད་བྱུང་།
སྤྲེལ་རྒན་དོན་འགྲུབ་ཀྱིས་དཀར་ཡོལ་ཁ་ཆགས་ཤིག་གི་ནང་དུ་འཚིག་ཇ་གྲང་མོ་ཞིག་འཐུང་ཞོར། གཞུང་གཉེར་གྲུ་གསུམ་བདུན་རེའི་ཚགས་པར་ལ་ལྟ་བཞིན། ཧུམ། ཡང་རི་བོང་དཀར་པོ་དེ་ཚོ་སླེབས་འདུག ཁོ་ཚོར་ཅི་ཞིག་མ་ཐོབ་པ་རེད་དམ། ཞབས་འདྲེན་དེ་ཚོ་ཟེར་བཞིན་ཚགས་པར་དེ་འཕོངས་འོག་ཏུ་བཅུགས་ནས་དངན་པ་ཞིག་བཏང་། སྤྲེལ་མོ་ཉི་མ་སྐྱིད་ཀྱིས། ཝེ། དོན་འགྲུབ། གལ་ཏེ་ཁྱེད་རང་རི་བོང་དཀར་པོ་ཞིག་ཡིན་ན། གནད་དོན་འདི་བཏང་སྙོམས་སུ་འཇོག་ཐུབ་བམ། དོན་དག་གང་ཡིན་ན་ཡང་དཔེ་རང་སྟེང་དུ་ལེན་ཐུབ་དགོས། སྤྲེལ་ཁྲིམས་སུ་སྲོག་ཆགས་ཡོད་ཚད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཞེས་བཀོད་ཡོད་པ་མིན་ནམ་ཟེར་བས། སྤྲེལ་རྒན་དོན་འགྲུབ་ཀྱིས་མགོ་བོ་འཕྲེད་དུ་གཡུགས་བཞིན་ཡར་ལངས་ནས་སོང་།
སྐབས་དེར་རི་བོང་དཀར་པོའི་སྐུ་ཚབ་ལྷན་འཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས། ཁ་སང་ཉིན་ཧྲིལ་བོར་བཙལ་ཡང་མ་རྙེད་པའི་སྤྲེལ་འཐུས་རེ་རེར་སྙན་ཞུ་དངོས་སུ་འབུལ་ཆེད་གྲོས་ཁང་དེའི་ཟུར་སྒོ་ནས་གུས་འདུད་ཀྱི་རྣ་བ་གུག་གུག་བྱེད་བཞིན། བྱེ་མ་དང་། རྡོ་ཧྲག བ་ལང་ལྕི་བ། བོང་ལུད་སོགས་ཀྱིས་མཛེས་པར་བརྒྱན་པའི་གྲོས་ཁང་གི་མདུན་གྱི་ལམ་བུ་དེར་བལྟས་ནས་སྤྲེལ་འཐུས་རེ་རེར་ཕེབས་སྒུགས་བྱས།
གློ་བུར་དུ་རི་བོང་མཐོང་དགའ་གྲོས་ཁང་ནང་ཟུར་ཉན་ལ་འགྲོ་འདོད་ཀྱིས། འཕྲལ་དུ་ལུགས་མཐུན་སྙན་ཞུ་ཐུང་ཐུང་ཞིག་བྲིས་ནས། མིང་རྟགས་རག་ཆེད་སྤྲེལ་འཐུས་ཚོའི་ངོ་འཛུམ་དཀར་ནག་ལ་ལྟ་བཞིན་གཡོན་ཟུར་ནས་སྒུགས། ཅང་མ་འགོར་བར་སྤྲེལ་འཐུས་མཛེས་མ་གཟུགས་ཐུང་ཞིག་ངོ་འཛུམ་བཅས་སླེབས། མཐོང་དགས་རྣ་བ་གཉིས་རུམ་དུ་བཅུག་ནས་ཟུར་ཉན་སྙན་ཞུའི་ཐོག་མཚན་རྟགས་འགོད་རོགས་ཞུས་པ་ལྟར་དགའ་སྤྲོའི་ངང་མཚན་རྟགས་བཀོད།
མཐོང་དགས་སྙན་ཞུ་དེ་བཟུང་ནས་མཆོང་ལྡང་བྱེད་བཞིན་གྲོས་ཁང་དུ་ཤར་གྱིས་འཛུལ། སྤྲེལ་ཚོགས་ཀྱི་ཚོགས་དྲུང་སྤྲེལ་རྒན་སྤྱི་ཐེར་དེ་སྣེ་ལེན་མདུན་ཅོག་ཟུར་དུ་ལངས་ནས་འདུག་པའི་དྲུང་དུ་ཕྱིན་ནས་གུས་འདུད་བཅས་སྙན་ཞུ་བསྟན་པས། ཕྱིར་གྲོས་ཁང་སྒོར་རྒྱུགས་དང་ཆོག་མཆན་འགོད་མཁན་དེར་ཡོད་ཅེས་བཤད། མཐོང་དགས་དེ་བདེན་པར་བཟུང་ནས་ཕྱིར་གྲོས་ཁང་སྒོར་ཕྱིན། དེར་ཡོད་སྤྲེལ་ཚོགས་སྐུ་དྲག་གི་སྒེར་གཡོག་ལོས་ཡིན་སྙམ་པ་ཁག་ཅིག་གིས། ནང་དུ་རྒྱུགས་དང་དེ་ནས་ཆོག་མཆན་འགོད་ཀྱི་རེད་ཟེར། ཡང་མཐོང་དགའ་ནང་དུ་ཕྱིན། དེར་ཡང་སྤྲེལ་རྒན་གཟུགས་ཐུང་འབྲོག་མོའི་འཕང་ལོ་འདྲ་བ་ཞིག་གིས། གྲོས་ཁང་གློ་སྒོ་ནས་ནང་དུ་སོང་དང་དེར་ཆོག་མཆན་འགོད་མཁན་ཡོད་ཟེར། ཡང་མཐོང་དགའ་དེར་ཕྱིན་པས་གྲོས་ཁང་ཞབས་ཞུ་མ་སྤྲེལ་མོ་རྒྱག་པ་མཆིག་སྙིང་འདྲ་བ་མགོ་མཇུག་གང་ཡིན་མི་ཤེས་པ་ཞིག་གིས། ཟུར་ཉན་ཕྱག་ཁྱེར་མེད་ན་ནང་དུ་འཛུལ་མི་ཆོག་ཟེར།
དེ་ལྟར་མཐོང་དགའ་སྤྲེལ་ཚོགས་ཀྱི་ལས་བྱེད་ཁག་ཅིག་གི་བར་ནས་ཡར་མར་ལྒང་ལི་འཕེན་འཕེན་བྱས་ཀྱང་། མཐོང་དགས་བཟོད་བསྒོམ་བྱས་ནས་ཕྱིར་ཡོང་སྐབས། གྲོས་ཁང་ཟུར་གྱི་རྡོ་སྟེགས་གོར་གོར་བྱིས་པའི་འཛོང་སྟན་འདྲ་བ་ཞིག་གི་ཐོག་ཏུ་གོང་གི་སྤྲེལ་རྒན་གཟུགས་ཐུང་མདོག་ངན་དེ་རོལ་སྟབས་ཀྱིས་བསྡད་ཡོད་པ་མཐོང་མ་ཐག ཟུར་ཉན་སྙན་ཞུ་སྤྲེལ་འཐུས་མཛེས་མའི་མཚན་རྟགས་ཡོད་པ་དེ་བསྟན་ནས་གནས་ཚུལ་ཞུས་པས། སྤྲེལ་རྒན་གྱིས། སྡང་མིག་དང་བཅས་མི་འདོད་བཞིན་དུ་སྙན་ཞུ་ལ་ལྟ་ཙམ་བྱས་ནས། མཚན་རྟགས་འགོད་མཁན་གྱི་སྤྲེལ་འཐུས་དེ་སུ་རེད། འདིར་ཁྲིད་ཤོག ཅེས་བཤད་པས། རི་བོང་མཐོང་དགས། དགོངས་དག སྤྲེལ་འཐུས་དེའི་མཚན་གསལ་བོར་ཤེས་མ་སོང་། མཛེས་མ་ཞིག་རེད། མོ་རང་གྲོས་ཁང་ནང་དུ་ངང་བའི་འགྲོས་ཀྱིས་ཕེབས་སོང་། ཕེབས་ལམ་ནས་མཚན་རྟགས་བཀོད་པ་རེད་ཅེས་ལག་པས་མགོ་ལ་འཕྲུག་བཞིན་བཤད། ཁོས་ཁྲེལ་དགོད་བྱེད་བཞིན། སྤྲེལ་འཐུས་ཀྱི་མཚན་རྟགས་རྐྱང་བ་ལས་མིང་མི་འདུག་པས། ཇི་ལྟར་ཡིད་ཆེས་བྱེད་ཐུབ་བམ། སྤྲང་རྒན་ཁྱོད། མར་རྒྱུགས་ཤིག་ཅེས་སྡིག་དམོད་བྱས།
རི་བོང་མཐོང་དགས། རྣ་བ་ཉིས་ལྟེབ་བྱས་ནས་བསམ་བློ་ཞིག་བཏང་རྗེས། དགོངས་དག སྤྲེལ་འཐུས་དེ་སུ་ཡིན་འདྲི་རྒྱུ་མ་བྱུང་། སྤྲེལ་འཐུས་ཤིག་ཡིན་པ་འདྲ། གསལ་བོར་ཤེས་མ་སོང་། རི་བོང་དཀར་པོའི་ལྷན་འཚོགས་ཀྱི་སྙན་ཞུ་ཁྱེར་ནས་གྲོས་ཁང་དུ་ཕེབས་ཐལ། ང་གྲོས་ཁང་དུ་སོང་ནས་སྤྲེལ་འཐུས་མཛེས་མ་སུ་ཡིན་བཙལ་ཆོག ཞེས་བཤད་དེ་གྲོས་ཁང་དུ་རྒྱུགས་གྲབས་བྱས་པས། སྤྲེལ་རྒན་གྱིས། ཁ་ཚུམས། འགྲོ་ཆོག་གི་མ་རེད། ཟེར། འོ་ན། ཐབས་ལམ་གཞན་ཡོད་དམ་ཞེས་དྲིས་པས། ཕ་རོ་ཟ་རྒྱུ། ཕར་རྒྱུགས་ཤིག་ཟེར་བཞིན། ལག་གཡས་སྟ་ཟུར་དུ་བཀལ་ནས་ཅུང་ཟད་བསྡད་རྗེས་ཡར་ལངས་ཏེ་གྲོས་ཁང་ནང་དུ་ཕྱིན། མིང་རྟགས་འགོད་མཁན་གྱི་སྤྲེལ་འཐུས་དེ་སུ་ཡིན་བརྩད་གཅོད་བྱས་རྗེས་ཕྱིར་ཡོང་ནས་སླར་ཡང་རྡོ་སྟེགས་དེའི་ཐོག་ཏུ་བསྡད་དེ། རང་གི་མགོ་ནས་མཇུག་བར་ཟ་འཕྲུག་ཤག་སྒྲ་གྲགས་པ་ལན་དགུ་བྱས་རྗེས། མི་མོས་བཞིན་དུ་རི་བོང་མཐོང་དགའི་སྙན་ཞུ་དེ་བླངས་ནས། ཟུར་ཉན་ལག་ཁྱེར་ཟེར་བའི་ཤོག་བུ་སྔོ་སྐྱ་ཐལ་བ་འདྲ་བ། སྤྲེལ་ལོ་ ༥༠ སྔོན་གྱི་ལོས་ཡིན་སྙམ་པ་ཞིག་བླངས་ནས་མཐོང་དགའ་ལ་དྲི་བ་བྱེད་མགོ་བརྩམས། “མིང་ག་རེ་ཡིན་པ།” མཐོང་དགའ། “མཐོང་དགའ་ཡིན་ནམ་མཐོང་སྡུག་ཡིན་གང་ཤེས།” “སྡོད་གནས་ཁ་བྱང་ག་རེ་ཡིན་པ།” ཨ་གྲོང་གསེབ། “ཨ་གྲོང་གསེབ། ཧུན།” “འོ་ན། ཁ་པར་ཨང་གྲངས།” ༢༠༡༤ ༠༣ ༢༦ “མཐོང་ན་མི་འདོད་པའི་ཨང་གྲངས།” ཟེར་བཞིན་རི་བོང་མཐོང་དགའི་མིང་དང་། སྡོད་གནས། ཁ་པར་སོགས་བྲིས་ནས་ཆོག་མཆན་ཐམ་ག་ནག་པོ་ཞིག་ཐག་སྒྲ་དང་བཅས་བརྒྱབས་ཏེ། ད་རྒྱུགས་ཤིག ལྟས་ངན། རི་བོང་འདི་ཚོ་རྩ་མེད་བཟོ་དགོས་ཡ་ཞིག་རེད་བཞག་ཟེར། མཐོང་དགས་ལག་ཁྱེར་ཐོག་ཞིབ་ལྟ་ཞིག་བྱས་ཚེ། སྙན་ཞུའི་ཐོག་མཚན་རྟགས་འགོད་མཁན་གྱི་སྤྲེལ་འཐུས་གཞོན་ནུ་མ་དེའི་མཚན་ལ་ལོ་བརྒྱ་གཡུ་ཡི་སྒྲོན་མེ་ཞུ་བ་གཞི་ནས་ཤེས།
དེ་ནས་མཐོང་དགས་ཟུར་ཉན་ལག་ཁྱེར་ཤོག་བུ་དེ་ལག་ཏུ་བཟུང་ནས་དགའ་སྤྲོའི་ངང་མཆོང་ཐེངས་གཅིག་གིས་གྲོས་ཁང་གི་གློ་སྒོ་ནས་ནང་དུ་འཛུལ་སྐབས། ཡང་སྤྲེལ་སྒོ་སྲུང་བའི་སྤྲེལ་ཕྲུག་ཕོ་མོ་སྐོར་ཞིག་གིས། ཀུ་ཅོ་སྒྲོག་བཞིན་མདུན་བཀག་ཏེ་ནང་དུ་མ་བཏང་བས། མཐོང་དགས་རྣ་བ་གུག་གུག་བྱེད་བཞིན། འདི་ཅི་ཞིག་རེད། འདི་ཟུར་ཉན་ལག་འཁྱེར་མ་རེད་དམ། ཕ་གིའི་རྡོ་སྟེགས་གོར་མོ་དེའི་ཐོག་གི་སྤྲེལ་སྐུ་ཞབས་དེས་ང་ལ་གནང་བྱུང་། ནང་དུ་རྒྱུགས་ཤིག་གསུངས་པ་བཞིན་འདིར་འོངས་པ་ཡིན་ཞེས་བཤད་པས། སྒོ་སྲུང་བ་རྣམས་ཀྱིས་དེ་ལ་ལྟ་ཙམ་ཡང་མི་བྱེད་པར་ནང་དུ་འགྲོ་ཆོག་གི་མ་རེད་དོ།། སྤྲང་ཕྲུག འདི་རི་བོང་གྲོས་ཚོགས་མ་རེད། ཕར་རྒྱུགས་ཤིག་ཅེས་མཛུབ་མོ་གནམ་དུ་གེར་ནས་བཀག་འགོག་བྱས་པས། མཐོང་དགའ་ཐབས་ཟད་དེ། སྤྲེལ་ཚོགས་ཀྱི་དབྱེ་འབྱེད་བཅའ་ཁྲིམས་དང་། རི་བོང་དཀར་པོའི་ལས་དབང་། ལྷག་པར་དུ་བྱང་ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་སློབ་དཔོན་མར་ཊིན་ལུས་ཐར་ཀིང་གི་གསུང་བཤད་ནང་དུ། “ཇི་སྲིད་ཨ་རིས་ཤ་མདངས་ནག་པོའི་མི་རྣམས་ལ་སྤྱི་དམངས་ཀྱི་ཐོབ་ཐང་མ་སྤྲད་པ་དེ་སྲིད་དུ་ཨ་རིའི་ནང་ཞི་འཇམ་ཡོང་མི་ཐུབ། ཇི་སྲིད་ཨ་རིའི་ནང་དུ་དྲང་བདེན་གྱི་འོད་ཟེར་ཕྱིར་མ་མངོན་བར་དུ་ང་ཚོའི་རྒྱལ་ཁབ་འདིའི་རྩིགས་རྨང་སྒུལ་བའི་གྱེན་ལོག་གི་རླུང་འཚུབ་དེ་མཚམས་ཆད་མི་སྲིད།” ཅེས་གསུངས་པ་ཕྱིར་དྲན་བྱེད་བཞིན། ཇི་སྲིད་རི་བོང་དཀར་པོའི་ཚོགས་སྡེ་ལ་ཁྲིམས་ཐོག་ནས་འདྲ་མཉམ་དང་གཅིག་མཚུངས་ཀྱི་ཐོབ་ཐང་མ་ཐོབ་པ་དེ་སྲིད་དུ། ཞི་བའི་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་རི་འདྲ་བ་ཞིག་ཕྲག་ཏུ་ཁུར་ནས་གྲོས་ཁང་གཡས་ཟུར་གྱི་རྡོ་སྐས་ཞིག་པོ་དེའི་ཐོག་ནས་ཡར་འཛེགས་ཏེ། སྤྲེལ་ཚོགས་ཆོས་སྐྱོང་ཆང་ཁང་ཞེས་པའི་ནང་དུ་འཛུལ་ནས་ཉིན་ཐོ་འབྲི་མགོ་བརྩམས།
སྤྲེལ་ལོ་ ༢༡༣༤ སྤྲེལ་ཟླ་ ༧ སྤྲེལ་ཚེས་ ༡༩ ཉིན།
བོད་ཡིག་ལེགས་པར་སྦྱངས་པར་དགའ་བསུ །
་
བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དག་ཆ་རྣམས་སྲུང་བར་དམ་བཅའ་ཡོད་པས། མིང་ཚིག་འགའ་ལ་གླེང་མོལ།
ཞོགས་པ། ཞེས་པ་སྔ་དྲོ་ཞེས་འབྲི་བོད་པ་ཡོངས་ཀྱིས་གོ
ཀུ་ཅོ་སྒྲོག་བཞིན། སྒྲོགས་དང་སྒྲོག་གི་ཁྱད་པར་ཤེས་དགོས་པ་གལ་ཆེ། འཇམ་དབྱངས་གང་བློ་མ་ན། ལྕགས་སྒྲོག་དང་། འབྲུག་ལྟར་ཆེར་སྒྲོགས། བྲིས་པ་མཆིས།
ཁྲིམས་ཀྱི་མདུན་ས། ཞེས་པར་ཞག་གཉིས་སྔོན་དུ་བྲིས་པ་འདི་ལྟ་སྟེ། ཁྲིམས་ཀྱི་མདུན་ས། འདིའི་ནང་གི མདུན་ས། ཞེས་པར་འདུན་ས། ཞེས་འབྲི་ན། དག་པ་ཡིན། འདུན་ས་དང་འདུས་ས་དོན་གཅིག། འདུས་བཟང་དང་། འདུན་བཟང་། ཞེས་པ་ལྟར་ཡིན།
ཐེངས། ཞེས་པ་བོད་མཁས་པས་བྲིས་པའི་དཔེ་ཆ་དག་ན་མེད་ཀྱང་། དིང་སང་གི་ཕལ་སྐད་དུ། རླུང་བཞིན་ཚངས་ཀ་རྒྱབ་བོ།
རྒན་བློ་འཇམ་ལགས།
ད་ང་མ་གཏོགས་ཁྱེད་ཀྱི་ཞལ་གསུང་དྲོན་མོ་དག་ལ་ཁ་ཡ་བྱེད་མཁན་ཞིག་མི་གདའ་འོ། ངས་ཡང་དོགས་འདྲི་འདི་བྱེད།
“ཞོགས་པའི” ཚབ་ཏུ་”སྔ་དྲོ” བྲི་དགོས་ཟེར་ན། འོ་ན་ ཉིན་གུང་མ་བསླེབས་པའི་སྔོན་ཏེ། ཆུ་ཚོད་ 10 དང་ 11 གྱི་ཡས་མས་ཀྱི་ཆ་རྣམས་ཀྱང་ཞོགས་པ་ཡིན་ནམ།
ཡང་ཞོགས་ཟས་མ་ཟོས་པའི་སྔོན་གྱི་ཆ་དག་ཀྱང་སྔ་དྲོ་ཡིན་ནམ། ཡིན་ན་ཞོགས་ཟས་ཀྱི་སྔོན་ཆ་དང་། ཞོགས་ཟས་དང་གུང་ཚིགས་གཉིས་ཀྱི་བར་དབྲག་གི་དུས་ཀྱི་ཆ་གཉིས་ངོ་བོར་སོ་སོར་རྗོད་བྱེད་ཀྱི་ཐ་སྙད་མེད་པར་མ་ཐལ་ལམ།
གཞན་ཡང་། སྔོན་གྱི་བསྟན་བཅོས་མང་པོ་ན་ད་ལྟ་བར་ཡང་ “སྒྲོགས་” ཞེས་བྲིས་པ་གུས་པས་ཀྱང་མང་དུ་མཐོང་། འོན་ཀྱང་དེ་ལ་རྒྱུ་མཚན་བརྗོད་དུ་མེད་པས་སུ་ཞིག་གིས་དང་དུ་ལེན་ཏེ་མི་ལེན་ནོ། །
ལྩགས་”སྒྲོག་”གི་སྒྲོག་དང་གཅིག་ཏུ་སོང་བས་མི་རུང་ཞེ་ན། འོ་ན། མ་མས་ཕྲུ་གུ་”སྐྱོང་”བཞིན་འདུག་ཅེས་བྲི་མི་རུང་བར་”སྐྱོངས་”བཞིན་འདུག་ཅེས་བྲི་དགོས་པར་ཐལ། དེར་ཐལ། སྐྱོང་ནི་སྐྱོང་བུའི་སྐྱོང་དང་དོན་གཅིག་དུ་སོང་པ་དེའི་ཕྱིར།
དེ་བཞིན། མེ་སྒོང་བཞིན་གདའ་ཞེས་བྲི་མི་རུང་བར་མེ་སྒོངས་བཞིན་འདུག་ཅེས་བྲི་དགོས་པར་ཐལ། དེར་ཐལ། སྒོང་ནི་སྒོང་སྐྱེས་ཀྱི་སྒོང་དུ་སོང་བ་དེའི་ཕྱིར། གཞན་ཡང་། སྒམ་དུ་ཅ་ལག་རྫོང་བཞིན་འདུག་ཅེས་བྲི་མི་རུང་བར་རྫོངས་བཞིན་འདུག་ཅེས་བྲི་དགོས་པར་ཐལ། དེར་ཐལ། རྫོང་ནི་མཁར་རྫོང་གི་རྫོང་དང་དོན་གཅིག་ཏུ་སོང་བ་དེའི་ཕྱིར། ཁྱབ་པ་ཁས། འདོད་མི་རུང་སྟེ། བྱ་ཚིག་འདི་དག་ནི་དུས་གསུམ་བྱེ་བྲག་པ་ཡིན་པས་ན་འདས་པར། བསྒྲགས། བསྐྱངས། བསྒངས། བརྫངས་དང་། མ་འོངས་པར། བསྒྲག། བསྐྱང་། བསྒང་། བརྫང་དང་། ད་ལྟ་བར། སྒྲོག། སྐྱོང་། སྒོང་། རྫོང་དང་། སྐུལ་ཚིག་ལ། སྒྲོགས། སྐྱོངས། སྒོངས། རྫོངས་ཞེས་བྲི་དགོས་པ་ནི་ བརྡ་སྤྲོད་མཁན་པོ་ཀུན་གྱི་བཞེད་དགོངས་རེད།
འདི་ལྟར་རིགས་བསྒྲེ་རུང་ངམ་མཐུན་པར་བྱས་ན་ཕྱི་རབས་པས་སྦྱང་བདེ་བ་སོགས་དགེ་མཚན་མང་པོ་ཡོད། རྒྱུ་མཚན་མེད་པར་བསྟན་བཅོས་ག་གེ་མོ་ན་དེ་ལྟར་བྲིས་གདའ་ཞེས་པ་ཙམ་ལ་སུ་ཞིག་རྫེས་སུ་འབྲང་ངམ། བརྩམས་ཚོས་རྣམས་གནའ་ནས་ད་བར་ཕར་བཤུས་ཚུར་བཤུས་བྱེད་ཀྱིན་ཡོང་པས། ཡི་གེ་བའི་ཆད་ལྷག་གི་ནོར་འཁྲུལ་དང་། རེ་འགར་བསྟན་བཅོས་མཁན་པོའི་ཐུགས་མཉམ་མ་བཞག་པའི་ནོར་བའང་མི་སྲིད་པ་མ་ཡིན་ན། ནོར་བ་ལ་རྒུུན་འབྱམས་སུ་སོང་ཞེས་པའི་བཤད་སོྲོལ་ཞིག་ཡོད་པ་མ་རེད་དམ།
དགེན་ལགས་ཀྱིས་རིགས་ལམ་མང་ཙམ་སྦྱང་དགོས་པར་གདའ།
ཁྲིམས་ཀྱི་མདུན་སའམ་འདུན་ས་ཞེས་པའི་ཐད།
རྒྱ་ནག་སྐད་དུའང་fa lue men chen rin rin pin dun(རྒྱ་ཡིག་འཕྲུལ་ཆས་ནང་མེད་པས་གཏག་ཐབས་མ་བྱུང་། ་སྒྲ་ཙམ་ཕབ་པ་ཡིན) ཟེར་སྲོལ་ཡོད་དེ། དོན་ནི། ཁྲིམས་ཀྱི་སྔོན་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན། ཞེས་པའོ། །དེ་བཞིན་ཨིན་ཡིག་ནའང་། in front of law ཞེས་པའི་ཚིག་དུམ་འདི་ལན་གྲངས་དུ་མར་མཐོང་ཐོས་མྱོང་བའི་དྲན་ཤེས་འདུག
དེ་མིན་ཁྲིམས་ཀྱི་འདུས་ས་ཟེར་ན་གོ་རྒྱ་ཞིག་འདུག་གམ། ཡང་དག་པའི་རྫོད་པ་ཞིག་རེད་དམ།ྐ
གྲོས་ཀྱི་མདུན་མ་ཞེས་པ་དང་། ཁྲིམས་ཀྱི་མདུན་ས་གཉིས་གོ་དོན་གཅིག་ཨ་ཡིན་ན། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཡིན་ཞེས་པ་ནི་ཁྲིམས་ཀྱི་འོག་གམ་ཡང་ན་ཁྲིམས་ཀྱི་སྔུན་དུ་འདྲ་མཉམ་ཡིན་པའི་དོན་རེད། གྲོས་ཀྱི་མདུན་མ་ནི་མངས་པོ་ཚོགས་ནས་གྲོས་ཅིང་མོལ་བའི་དོན་ལ་གོ དག་ཆ་མདུན་དང་འདུན་ཅི་རིགས་པར་བྲིས་པར་སྣང་། ཡང་མིན་ན་ཁྲིམས་བཟོའི་མདུན་ས་ལབ་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གྲོས་ར་ལ་གོ་དགོས་པར་སེམས། ཡིན་ནའང་ཚིག་གྲོགས་ལ་བལྟས་ནས་གོ་དོན་འགྲེལ་དགོས་པར་སེམས་སོ།
ལོ་ཡག་ལེགས་ལ་ཞུ་བ། ཤེས་བྱ་ཐམས་ཅད་ལེབ་ལེབ་མ་ཡིན། སྐད་ཆེར་འདོན་པའི་དོན་ལ། སྒྲོགས། ཞེས་དཔེ་ཆ་ཚང་མ་ན་མཆིས། དེ་ལ་དགོངས་ནས། དགཡིག་ཟ་མ་ཏོག་ན།
་
ལྷན་ཅིག་ལྷབ་ལྷུབ་ལྷམ་སྒྲོག་ལྷོད།
ཅེས་དང་།
ཆོས་སྒྲོགས་པ་དང་ཆུ་ལས་སྒྲོལ།
་
ཨིན་སྐད་དུ་ཡང་། ཡིན་དགུང་བར་དུ། good morning ཟེར་སྲོལ་གདའ།
ཁྲིམས་མདུན། infront of law ལ་ས་རྒྱབ་པས་ནོར་འཁྲུལ་འབྱུང་། མདུན། རང་ཐག་ཆོད་པའི་མིང་ཚིག་ཡིན།
“རིགས་ལམ་མང་ཙམ་སྦྱང་དགོས་པར་གདའ།” འདི་ལ་ཁྱོད་བདེན་ནོ།
“ད་ང་མ་གཏོགས་ཁྱེད་ཀྱི་ཞལ་གསུང་དྲོན་མོ་དག་ལ་ཁ་ཡ་བྱེད་མཁན་ཞིག་མི་གདའ་འོ།”་འདི་ལ་ལན་ལྡོན་པ།
ཕན་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན།
སྨན་པ་མཁས་པ་རྙེད་དཀའ་སྟེ།
དེ་ཡི་ཚིག་བཞིན་བྱེད་པ་ཉུང་།། ༢༥ །། ས་སྐྱ་ལེགས་བཤད་ལེའུ་༥པ།