ཡོང་ཁུངས། བོད་ཀྱི་དུས་བབ།
ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ཏེ་བོད་ནས་ཕེབས་པའི་གསར་འབྱོར་བ་ཚོའི་དཀའ་ངལ་དང་། གཞིས་ཆགས་ཁག་གི་དཀའ་ངལ། དེ་བཞིན། ནང་སྲིད་ལས་ཁུངས་ཀྱི་ཕྱག་ལས་གནང་ཕྱོགས་དང་ས་གནས་མགོ་འཛིན་རྣམས་ཤེས་ཡོན་འཇོན་ཐང་གང་ཐད་ནས་ཚད་ལྡན་སྤུས་དག་དགོས་པ་བཅས་ཀྱི་དགོངས་ཚུལ་གསུངས་སོང་།
སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་འདས་པའི་ལོ་གཅིག་རིང་གི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་བསྡོམས་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་གཉིས་གྲོས་ཚོགས་ནང་སྙན་སེང་ཞུས་རྗེས། གཟའ་ཕུར་བུ་དང་པ་སང་ཉིན་གཉིས་རིང་ནང་སྲིད་བཀའ་བློན་ལ་དྲི་བ་དྲིས་ལན་དང་། སྤྱི་འཐུས་སོ་སོའི་དགོངས་ཚུལ་སོགས་བཤད་ཡོད་པ་རེད།
ཐེངས་འདིའི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ནང་གི་བཙན་བྱོལ་བོད་མིའི་རྒན་གསོ་ཁང་ཁག་གི་གནས་ཚུལ་དང་འབྲེལ་ཏེ། བལ་ཡུལ་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་ད་ལྟ་སྤྱི་འཐུས་ནང་བསླེབས་ཡོད་པ་དེ་ཁྲིམས་དང་སྒྲིག་གཞིའི་ཐད་ནས་འགྲིག་གི་ཡོད་མེད་སྐོར་ལ། སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས། འོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམ་བསྐོའི་སྒྲིག་གཞིའི་ནང་། ལས་བྱེད་དག་ཚོགས་པ་གཞན་གྱི་ཁེ་ཡོད་ལས་འཛིན་རིགས་གང་དུའང་ཞུགས་མི་ཆོག་ཆུལ་འཁོད་ཡོད་ཀྱང་། འོས་བསྡུ་ལྷན་ཁང་གིས་བལ་ཡུལ་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་དེ་ཆོད་གན་ལས་བྱེད་ཡིན་སྟབས། སྒྲིག་འགལ་ཆགས་མེད་པའི་འགྲེལ་བཤད་བསྐྱོད་པ་དེར་ནང་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཐག་གཅོད་གང་ཡོད་དྲི་བ་བཏོན་པའི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས་གནས་ཚུལ་དེར་སྤྱི་འཐུས་དོ་བདག་གིས་དགོངས་པ་བཞེས་དགོས་ཚུལ་གསུངས་སོང་།
ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་། “ས་ཁང་སྒྲིག་གཞི་གཞིར་བཟུང་ལག་བསྟར་གྱིས་སྤྱི་ས་ཧམ་ཟོས་བྱེད་མཁན་རྣམས་ལ་ཉེན་བརྡ་བཏང་ཡང་། ཉན་འཇོག་མི་བྱེད་མཁན་རྣམས་ཁྲིམས་གཏུགས་བྱས་ཀྱང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གིས་གཞུང་ས་སྲུང་སྐྱོབ་དང་། ཁྲིམས་གཏུགས་བྱེད་མཁན་ས་གནས་མགོ་འཛིན་སྒེར་ལ་ལོ་བདུན་རིང་གནས་སྤར་མི་ཆོག་པའི་ཉེས་ཆད་བཏང་ཡོད།” ཞེས་འཁོད་ཡོད་པའི་ཐད་དྲི་བ་དྲིས་ལན་མང་པོ་བྱུང་ཡོད་པ་དང་། སྤྱི་འཐུས་ཁག་ཅིག་གིས་ནང་སྲིད་ལས་བསྡོམས་ནང་དེ་ལྟར་མི་འཁོད་ཐབས་མེད་བྱུང་ཡོད་སྲིད་ཀྱང་། དོན་དངོས་ཐོག་སྤྱི་ས་ཧམ་ཟོས་བྱས་པར་ངོས་འཛིན་བྱས་ན་འགྲིག་གི་མེད་པའི་དགོངས་ཚུལ་ཡང་བརྗོད་སོང་།
ཐེངས་འདིར་གླེང་གཞི་ཆེ་ཤོས་གཅིག བཙན་བྱོལ་ནང་གི་བོད་ནས་གསར་དུ་འབྱོར་བ་ཚོའི་དཀའ་ངལ་སྐོར་རེད། སྦིར་ས་གནས་སུ་གསར་འབྱོར་ཚོར་སྡོད་ཁང་བརྒྱབ་ཟིན་དང་། ལྷོ་ཕྱོགས་སྦེལ་ཀོབ་ཏུའང་ཁང་པ་རྒྱག་བཞིན་ཡོད་ཀྱང་། དྷ་རམ་ས་ལ་ཁུལ་ནི་གསར་འབྱོར་བ་མང་ཤོས་དང་། དཀའ་ངལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད་སྟབས། སྤྱིར་བོད་མིའི་སྒྲིག་འཛུགས་དང་། སྒོས་ནང་སྲིད་ལས་ཁུངས་ངོས་ནས་ཁོང་ཚོར་མཐུན་རྐྱེན་གང་ཐུབ་བསྐྲུན་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་དང་། མ་མཐར་ཡང་མགོ་འཛུལ་སའི་ཁང་པ་ཞིག་ངེས་པར་དུ་གང་མགྱོགས་ཐབས་ཤེས་གནང་དགོས་ཚུལ། དེང་སྐབས་བོད་ནས་གསར་དུ་ཕེབས་མཁན་མེད་པ་དེའང་ཉིས་སྟོང་བརྒྱད་ལོ་ནས་རྒྱ་ནག་གཞུང་གིས་ས་མཚམས་དམ་དྲག་བྱས་པར་ཁ་གཡར་བསྡད་ན་འགྲིག་གི་མེད་པར། བཙན་བྱོལ་ནང་དུ་ཁོ་ཚོར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་རྐྱེན་སྦྱོར་ཐུབ་ཀྱི་མེད་སྟབས། གསར་འབྱོར་བ་མང་པོ་ཞིག་ཕྱི་རྒྱལ་ཁག་དང་། ཁག་ཅིག་ཕྱིར་བོད་དུ་མི་ལོག་ཐབས་མེད་ཆགས་བཞིན་ཡོད་སྐོར་སོགས་ཚོར་བ་ཆེན་པོས་བརྗོད་སོང་།
སྤྱི་འཐུས་རྒྱུན་ལས་ཀྱིས་ཟུར་འདོན་བྱས་པའི་ཧོན་སུར་རབ་རྒྱས་གླིང་གི་མཉམ་འབྲེལ་ལས་བསྡོམས། ཡི་གེའི་འོག་ཏུ་ཐིག་ནག་པོ་འཐེན་ཡོད་པ་རྣམས་ཡིག་ནོར་དོན་ནོར་ཡིན་འདུག
གཞན། ད་ལོའི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པ་ཤོག་ངོས་ ༦༥༧ ཡོད་པའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་སྐབས། ལས་བསྡོམས་ནང་ཡིག་ནོར་དོན་ནོར་རིགས་ཧ་ཅང་མང་བ་དང་། གནས་ཚུལ་ཁ་ཤས་ཐོག་ཡིག་ནོར་མང་དྲགས་ཏེ་ལས་བསྡོམས་ཀྱི་ནང་དོན་རྟོགས་མ་ཐུབ་པར་རང་སོར་མི་འཇོག་ཐབས་མེད་བྱུང་ཚུལ་སོགས་བཀོད་འདུག ཡིག་ནོར་དོན་ནོར་སྐོར་ལ་ནང་སྲིད་བཀའ་བློན་མཆོག་གིས་དགོངས་སེལ་ཞུས་པ་དང་འབྲེལ། ཐེངས་འདིའི་ལས་བསྡོམས་ནང་གི་ཡིག་ནོར་དོན་ནོར་མང་ཆེ་ཤོས་བཙན་བྱོལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་ནང་བྱུང་ཡོད་པ་དང་། དེ་ནི་ལས་བསྡོམས་དུས་ཐོག་ཏུ་མ་འབྱོར་བར་གྲོས་ཚོགས་འཚོགས་ལ་ཉེ་སྐབས་ནང་སྲིད་ལས་ཁུངས་ལ་འབྱོར་ཡོད་སྟབས་ཞིབ་འཇུག་ཞུ་དག་དོ་སྣང་བྱེད་ལོང་མ་བྱུང་སྐོར་གསུངས་སོང་།
ནང་སྲིད་ཀྱི་ལས་བསྡོམས་ནང་འཁོད་པ་ལྟར་ན། སྦིར་ས་གནས་སུ་བོད་ནས་གསར་དུ་འབྱོར་བ་ཚོར་ཧིན་སྒོར་འབུམ་ ༧༦༨་༢༤ ཡི་སྡོད་ཁང་གསར་རྒྱག་བྱས་ཡོད་དང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་དང་སྦེལ་ཀོབ་གཉིས་ནང་། ལྷོ་ཕྱོགས་ཁུལ་གྱི་བོད་ནས་གསར་དུ་འབྱོར་བ་ཚོར་གཞིས་ཆགས་གསར་རྒྱག་ཆེད་ཧིན་སྒོར་འབུམ་ ༦༣༨་༥༡ ཙམ་གྱི་ལམ་ཁ་དང་ར་བ། རྩིག་གྱང་བཅས་ཀྱི་སྔོན་འགྲོ་ལས་གཞི་ཁག་སྒྲུབ་བཞིན་ཡོད་འདུག
དེ་བཞིན། དྷ་རམ་ས་ལར་ཧིན་སྒོར་འབུམ་ ༡༧༦ ལྷག་གིས་བོད་ནས་གསར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་ཚོར་སྡོད་ཁང་ ༡༡ དང་། དྷ་སའི་ས་གནས་མགོ་འཛིན་ལས་ཤག་ ༦ བཅས་ལེགས་འགྲུབ་བྱུང་ཡོད་འདུག སྦེལ་ཀོབ་ཏུ་གཞུང་ཞབས་རྒན་ཡོལ་འཐོན་མཁན་ཚོར་བགྲེས་ཤག་ཆེད་ཧིན་སྒོར་འབུམ་ ༢༥༤་༣༠ ཙམ་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་འདུག
གཞན། ཨ་རུ་ན་ཅལ་ཁུལ་གྱི་སྐྱབས་བཅོལ་བོད་མི་ ༡༠༠༠ ཁེ་ན་ཌར་གཏོང་བཞིན་པའི་ལས་འཆར་ཁྲོད། ད་བར་མི་ ༦༨༩ བཏང་ཟིན་ཡོད་པ་དང་། མི་འགྱངས་བར་མི་ ༨༢ གཏོང་འཆར་ཡོད་འདུག ད་ལྟ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་རྒན་གསོ་ཁང་ ༡༤ ཡོད་པའི་ནང་རྒན་འཁོགས་ ༦༧༢ ཡོད་ཚུལ་སོགས་འཁོད་འདུག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་དེ་ལས་ཁུངས་ཆེ་ཤོས་ཤིག་དང་ལས་བྱེད་དང་ལས་གཞི་མང་ཤོས་ཤིག་ཡིན་པ་ལྟར། ལས་བསྡོམས་ཐོག་བགྲོ་གླེང་གི་དུས་ཡུན་རིང་ཤོས་དང་། ཆ་ཤས་ལེན་མཁན་གྱི་སྤྱི་འཐུས་མང་ཤོས་དེ་ཆགས་ཡོད་པ་དང་། ཉེ་ལམ་སྤྱི་འཐུས་རྣམས་ས་གནས་ཁག་ཏུ་འཚམས་གཟིགས་སུ་ཕེབས་པའི་གནས་ཚུལ་དང་། ས་གནས་ཁག་གི་དཀའ་ངལ་དང་དགོངས་ཚུལ་ཡང་གྲོས་ཚོགས་ནང་ངོ་སྤྲོད་གནང་སོང་།
གསར་འགྱུར་ཚ་བོ་རེད། ཁ་གལས་གོ་བདེ་རེད། ཡིག་ནོར་འདི་ལྟ་བུ་འབྲི་མཁན་ཞིག་གཞུང་ཞབས་ལས་བྱེད་ནང་ཇི་ལྟར་སླེབས་པ་ཡིན་ནམ། འདི་དོགས་གཞི་དང་། སེམས་ཚབས་ཆེ་ཤོས་ཤིག་རེད།
ཡིག་ནོར་འབྲི་མཁན་གཞུང་ཞབས་མ་རེད། དགོངས་པ་རྒྱ་ཆེན་བཞེས་ནས་གསུངས་དགོས། འདི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་རེད་ལགས།